༄ ༅། །གངས་ལྗོངས་འཇིགས་མེད་རྒྱལ་མཚན་རྩྭ་ཐང་བུ་མོའི་སློབ་གྲྭ་ནི་སློབ་གསོ་བ་ཁོང་ གིས་མཐོ་མཐོ་ཐམས་ཅད་རླུང་ལ་བསྐུར་ཞིང་། དམའ་དམའ་ཐམས་ཅད་ཆུ་ལ་བསྐྱུར་ཏེ་བུ་མོའི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ། ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན་པའི་ངེས་ཤེས་ ཀྱིས་གོང་རིམ་ལ་སྙན་ཞུ་ཕུལ་ཞིང་འགབ་ཀྱི་མང་ཚོགས་ལ་རྟིང་སྐུལ་བྱས་པ་བརྒྱུད་ ཉིས་སྟོང་གཉིས་ལོའི་སྤྱི་ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་མགོ་ལོག་ཁུལ་སྲིད་ གཞུང་གིས་སློབ་གྲྭ་བསྒྲུབ་ཆོག་པའི་ཆོག་མཆན་ཡང་དག་པར་བླངས་པ་དང་། ཉིས་སྟོང་གསུམ་ལོའི་སྤྱི་ཟླ་བརྒྱད་པར་སློབ་གྲྭ་ལས་མགོ་བརྩམས་ཤིང་།
ཡ་གླིང་མཐུན་སྒྲིལ་ཚོགས་པས་གཙོ་འགན་བཞེས་ཏེ་ཨ་རིའི་ཀུན་ཕན་ཐེབས་རྩ་ཚོགས་པ་ དང་ཧྥིན་ལན་གཞུང་ཚབ་ཁང་། ཧྥིན་ལན་གཞུང་ཚབ་ཁང་ཆེན་མོ་བཅས་ཀྱི་བྱམས་བརྩེ་ཐུགས་ཁུར་འོག་དང་ངེས་པ་དོན་ གྱི་བོད་ཀྱི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱི་བླ་མེད་པའི་ ལྷག་བསམ་དང་ཞུམ་མེད་ཀྱི་སྤོབས་པ་ལ་བརྟེན་ནས་དམར་ཡག་བཙན་གྱི་རི་བོ། རི་སེང་གེ་འདྲ་བའི་ལྷ་ཞོལ་ཡོངས་གྲགས་སུ་ཨ་མྱེས་ཀེ་ཏིར་འབོད་པའི་རི་གཤམ་དུ་ གངས་ལྗོངས་བུ་མོ་རྣམས་ཀྱི་རིག་པའི་ཁྱིམ་ལ་བག་ཡངས་སུ་རྩེན་པའི་གནས་ཕུལ་དུ་ བྱུང་བ། ཕྱིའི་ཀུན་སྤྱོད་དང་ནང་གི་ཀུན་སློང་འཛིན་སྟངས་གང་ལའང་གཞན་གྱིས་བསྒྲུན་མི་ ཕེར་བའི་ཡུལ་མཆོག་གྱུར། གངས་ ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ལེགས་པར་གྲུབ་སྟེ། སྤྱི་ལོ་ཉིས་སྟོང་ལྔ་ལོའི་སྤྱི་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་སྨོན་འདུན་དང་རེ་ བ་ཁྲི་ཕྲག་གི་ཕེབས་བསུའི་འོག་བཀྲ་ཤིས་པའི་མཛད་སྒོ་དངོས་སུ་ཕྱེས་སོ། །
དེ་ ནས་བཟུང་མིའི་རིགས་ཀྱི་སློབ་གསོའི་ལས་དོན་ལ་བསམ་པ་གཅིག་ཏུ་དཀར་བའི་འཛམ་ གླིང་རོགས་པ་ཚོགས་པ་དང་། སྒྲོལ་ཟམ་ཐེབས་རྩ་ཚོགས་པ་སོགས་ཀྱིས་དཀའ་ངལ་ཅན་གྱི་སློབ་མའི་འཚོ་བར་མཐུན་ འགྱུར་གང་ལེགས་གནང་།
གཞན་ རྨ་ཆེན་རྫོང་སྲིད་གཞུང་གིས་ལོ་རེ་རེ་བཞིན་མ་དངུལ་འདོན་སྤྲོད་བྱས་ཏེ་དགེ་ སློབ་གཉིས་ཀྱི་འཚོ་བའི་འགྲོ་གྲོན་དང་སློབ་གྲྭའི་འཛུགས་སྐྲུན་སོགས་ལ་བླ་མེད་ རྒྱབ་སྐྱོར་གནང་བས་ད་ལྟ་སློབ་གྲྭ་འདི་ག་འཕེལ་རྒྱས་འགྲོ་དང་འགྲོ་བཞིན་པའི་ སྒང་ངོ་། །
ད་ ལྟ་སློབ་གྲྭའི་ཁོར་ཡུག་སྤྱིའི་རྒྱ་ཁྱོན་ལ་ས་མུའུ་སུམ་བརྒྱ་ཞེ་ལྔ་དང་། འཛུགས་སྐྲུན་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཉིས་སྟོང་བརྒྱད་བརྒྱ་ལྷག་ ཡོད། ད་ལྟ་འདི་རུ་ཐོས་པར་གཞོལ་བཞིན་པའི་སློབ་བུ་ལྔ་བརྒྱ་ཉེར་བཞི་དང་དགེ་རྒན་སུམ་ ཅུ་སོ་བདུན། ལས་བཟོ་བ་བཅུ་བདུན་བཅས་ཡོད།
ད་ ནི་ཕྱིའི་རྣམ་པ་རོབ་ཙམ་ངོ་སྤྲད་ནས་ནང་གི་ཁྲིད་བྱའི་རིམ་པ་ངོ་སྤྲད་ན་འདི་ལྟ་ སྟེ། བོད་རྒྱ་དབྱིན་གསུམ། རྩིས་དངོས་རྫས་གསུམ། ས་ཁམས་དང་ལོ་རྒྱུས། ཆབ་སྲིད་སོགས་ལོ་དགུའི་འོས་འགན་སློབ་དེབ་ཆ་ཚང་དང་། གཞན་སློབ་ཕྱིའི་སློབ་དེབ་སུམ་རྟགས་དག་གསུམ་དང་སྙན་ངག་ཚད་མ་སོགས་དང་། ལྷག་པར་དུ་དེང་རབས་དང་སྲོལ་རྒྱུན་གྱི་ཁྲིད་ཐབས་ཟུང་འབྲེལ་སྒོས་སུམ་རྟགས་དག་ གསུམ་དང་སྙན་ངག་ལོ་རྒྱུས་སོགས་ལ་ཚད་མ་རིག་པའི་སྒྲོས་ཀྱིས་བརྒྱན་ཏེ་སྒྲ་ཚད་ སེང་གེ་མཇིང་བསྣོལ་གྱི་རྣམ་པས་ཁྲིད་ཕྱིར་ཤེས་པར་བྱ་བའི་གནས་མཐའ་དག་ལ་བརྔོ་ ཆེ་ཆེར་ཐོག་པར་ཟད།
གཞན་ དབྱིན་ཡིག་ལ་ཡང་རྒྱལ་ཁབ་ཀྱི་སློབ་དེབ་དེ་ཙམ་མ་ཡིན་པར་ཁེ་ཝུན་གྱིས་ཆེད་དུ་ བསྒྲིགས་པའི་༼དབྱིན་ཡིག་སློབ་དེབ་སྐལ་བཟང་འཇུག་ངོགས་༽ཆེད་ཁྲིད་གནང་བཞིན་ གདའ་བས་གཞན་ལས་བཀྱེད་ཆེ་བ་ལགས།
དེ་ མིན་སློབ་མའི་ལྟ་ཀློག་གི་ནུས་པ་བསྐྱེད་བསྲིང་ཕྱིར་སློབ་ཆུང་ནས་བཟུང་སྟེ་ གནའ་གཏམ་དང་ཁེད་སྒྲུང་རྣམ་ཐར་དང་ལོ་རྒྱུས་སྙན་ངག་སོགས་མཚམས་སྦྱོར་བྱས་ཏེ་ དམའ་འབྲིང་རིམ་པར་སླེབས་དུས་གནའ་དཔེ་མང་བོ་ཞིག་བཀླག་ངེས་པའི་འཆར་གཞི་ལག་ སྟར་བྱས།
ད་ དུང་གཟའ་འཁོར་རེས་མོས་ཀྱི་མཚམས་སུ་ཕྱོགས་གླང་རིག་པའི་གླེང་སྟེགས་དང་ཤེས་ རིག་འགྲན་གླེང་གནའ་གཏམ་སྲིད་པ་རྒན་པོ་སོགས་དང་གཞན་གཟའ་རེ་གཟའ་པ་སངས་ཉིན་རང་ མོས་སློབ་ཁྲིད་དེ་གཙགས་དྲུབ་དང་བལ་སྐུད་སླས་པ་སོགས་ལག་རྩལ་གྱི་སྐོར་དང་བོད་ རྒྱ་དབྱིན་གསུམ་དང་རྩིས་དངོས་སོགས་སློབ་མ་རང་རང་གི་ཁམས་དང་མོས་པ་དང་སྒོ་ སྟུན་པའི་ཐུན་མོང་མ་ཡིན་པའི་ངལ་གསོའི་སྟེགས་བུ་ཡང་ཚར་དུ་མངར་བ་ཡོད།
མདོར་ ན་གཞུང་སྒྲུབ་དགེ་རྒན་ཉེར་ལྔ་དང་གདན་ཞུའི་དགེ་རྒན་བདུན། ཟུར་ཁྲིད་དགེ་རྒན་བཞི་གཞན་ལས་བཟོ་བ་དུ་མའི་སེམས་ཀྱི་འདུ་ཤེས་དང་ལུས་ཀྱི་ རྩོལ་བ་ལ་བརྟེན་པའི་མཐུ་དང་། སློབ་གསོ་བ་འཇིགས་མེད་རྒྱལ་མཚན་གྱི་ཐུགས་བསྐྱེད་ལ་བརྟེན་ནས་སློབ་གླིང་འདིར་ མཚར་དུ་ལོངས་པའི་སློབ་བུ་དུ་མའི་སྦྱང་འབྲས་ལ་དོན་སྨིན་བྱུང་སྟེ་འདི་གའི་ སློབ་མས་བྲིས་པའི་རྩོམ་ཡིག་མང་བོ་ཞིག་བསྟུད་མར་བོད་ཁུལ་གྱི་དུས་དེབ་ཆེ་གྲས་ ༼གངས་རྒྱན་མེ་ཏོག༽དང་༼ཟླ་ཟེར༽༼ཁྲིམས་ལུགས་ཚགས་པར༽སོགས་སུ་བཀོད་པ་དེ་ནི་ཆུང་ འབྲིང་སློབ་མའི་ཚད་གཞི་དང་དཔག་ན་ཧ་ལས་པའི་ཚོད་དུ་གདའ།
དེ་ མིན་ལོ་ངོ་དུ་མར་གཉིད་བཅག་ཟས་བརྗེད་ཀྱིས་མི་རིགས་སློབ་གསོའི་ལས་དོན་ལ་ཤ་ཐང་ ཐང་གིས་འབད་པའི་འབྲས་བུར་ཁུལ་དང་རྫོང་རིམ་པས་སྤུས་ལེགས་སློབ་གྲྭའི་ཚད་གཞིར་ བསྔགས་པ་སོགས་མདོར་ན་སློབ་གླིང་འདི་ནི་ཉིན་རེ་ནས་ཉིན་རེར་ཟླ་ནས་ཟླར་གོང་ནས་ གོང་དུ་འཕེལ་བཞིན་པའི་སྐབས་ལགས་སོ། །
གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་དྲ་བ་ལས་དྲངས།