ཕྱི་ལོ་ ༢༠༠༧ ཟླ ༣ ཚེས ༡༨ དང ༡༩ ཉིན་གཉིས་རིང་ཚོགས་པའི་གྲོས་ཆོད།

༄༅།། ཕྱི་ལོ་ ༢༠༠༧ ཟླ ༣ ཚེས ༡༦ ཉིན་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བདུན་ཅུ་དོན་གསུམ་དངོས་གཞིར་ཕེབས་པའི་སྐུའི་དགུང་སྐེག་སྐབས་གཞིས་བྱེས་མདོ་སྨད་ཡོངས་ཀྱིས་༸ གོང་ས་མཆོག་ལ་སྐུ་བརྟན་བཞུགས་བསྟར་འབུལ་དང་སྟབས་བསྟུན་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་ཕྱི་ལོ་ ༢༠༠༧ ཟླ ༣ ཚེས ༡༨ དང ༡༩ ཉིན་གཉིས་རིང་ཚོགས་པའི་གྲོས་ཆོད་ཁག་གཤམ་གསལ།

ཕྱི་ལོ ༢༠༠༧ ཟླ ༣ ཚེས ༡༨ ཉིན་ཆུ་ཚོད་དགུ་པའི་ཐོག་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་མཛད་རིམ་ནང་། སྐུ་མགྲོན་གཙོ་བོ་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་གིས་༸རྒྱ་བ་རིན་པོ་ ཆེའི་སྐུ་པར་མཐོང་གྲོལ་ཆེན་མོར་མཇལ་དར་ཕུལ་བ་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས། རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཕྱིན་པ་རྣམས་ལ་མྱ་ངན་གུས་འདུད་སྐར་མ་ གཅིག་གནང་། རིམ་བཞིན་མདོ་སྨད་དབུས་རྒྱུན་ལས་ཀྱི་ཚོགས་གཙོ་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེས་ རིང་ལགས་ཀྱིས་ཚོགས་འདུ་དབུ་འབྱེད་ཀྱི་གསུངས་བཤད་གནང་། དབུས་རྒྱུན་རྩིས་པ་སྒྲོལ་དཀར་སྐྱབས་ཀྱིས་མདོ་སྨད་དབུས་རྒྱུན་གྱི་ལས་བསྡོམས་ སྙན་སྒྲོན་གནང་རྗེས། དམིགས་བསལ་སྐུ་མགྲོན་སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་གིས་ལམ་སྟོན་བཀའ་ སློབ་སྙིབ་དོན། ༸གོང་ས་མཆོག་གི་མཛད་འཕྲིན་སྐུ་ངལ་བསྐྱོན་བཞིན་པ། མི་མང་ངོས་ནས་ནུས་པ་ལྷག་བསམ་རྣམ་དག་སྟོན་དགོས་པ་དང་། དབུས་སའི་འབྲེལ་བ། གཞོན་སྐྱེས་བདག་པོ་རྒྱག་ཕྱོགས། ལས་དོན་འཆར་གཞི་ཁག་དུས་ཚོད་ཚད་འཛིན་དང་། བྱེད་ཕྱོགས་འཆར་འགོད་ཇི་ལྟར་དགོས་མིན་གྱི་གྲོས་བསྡུར་ལེགས་པོ་ཡོང་པའི་འབོད་ བསྐུལ་སྨོན་འདུན་དང་བཅས་བཀའ་སློབ་གནང་སོང་། དེ་བཞིན་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་ནས་གཞིས་ བཞུགས་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ཀྱིས་རྒྱའི་བཙན་འོག་ནས་རྒྱལ་བ་རིན་ པོ་ཆེའི་བཀའ་དགོངས་ཇི་བཞིན་སྒྲུབ་བཞིན་པའི་རྣམ་འགྱུར་སྟོན་དང་སྟོན་བཞིན་པར་ བསྔགས་བརྗོད་དང་། མདོ་སྨད་ངོས་ནས་དོལ་རྒྱལ་བསྟེན་གསོལ་ལ་གདོང་ལེན་གྱིས་དེབ་རིགས་རྩོམ་སྤེལ། ལྷག་པར་དུ་རྒྱལ་བ་རིན་པོ་ཆེར་བརྟན་བཞུགས་བསྟར་འབུལ་སྐབས། དམ་ཚིག་གཙང་མ་དང་། ཧུར་ཐག་འབད་ཐག ངོ་ལྐོག་མེད་པའི་ལས་དོན་བྱེད་དགོས་པའི་བཀའ་སློབ་གནང་། དེ་རྗེས་དབུས་རྒྱུན་སྤྱི་འཐུས་སྤེན་པ་ཚེ་རིང་གིས་བརྟན་བཞུགས་བསྟར་འབུལ་ལ་ མཐུན་འགྱུར་རོགས་རམ་གནང་མཁན་དབུས་དང་ས་གནས་ཀྱི་འབྲེལ་ཡོད་ཚང་མ་དང་། ད་ཐེངས་དམིགས་བསལ་ཚོགས་ཆེན་དབུ་འབྱེད་མཛད་སྒོར་ཕེབས་པའི་དམིགས་བསལ་སྐུ་ མགྲོན་དང་། སྐུ་མགྲོན་གཙོ་བོ། མདོ་སྨད་སྤྱི་འཐུས་རྣམ་པ་དང་། སྤྱི་ཟུར་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ་དང་། ཚོགས་བཅར་བ་ཡོངས་ལ་མདོ་སྨད་དབུས་རྒྱུན་ལས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུས་ཏེ་ དབུ་འབྱེད་མཛད་སྒོ་རྒྱལ་ཁའི་ངང་མཇུག་བསྒྲིལ།

ཀ ༸རྒྱལ་བའི་སྐུ་ཕྱའི་སྐོར་རང་ཁོངས་མི་མང་ནས་སྒྲུབ་འོས་པའི་ལས་རིམ་སྐོར།

༡༽ རྒྱལ་བའི་སྐུ་ཕྱ་དང་འབྲེལ་བའི་གནས་ཚུལ་ཇི་ཡོད་འབྲེལ་ཡོད་སྐུ་སྒེར་ཡིག་ཚང་ དང་། བདེ་སྲུང་ལས་ཁུངས། བཀའ་ཤག་བཅས་པར། མདོ་སྨད་དབུས་རྒྱུན་དང་། སྤྱི་འཐུས་རྣམ་པས་དུས་ནས་དུས་སུ་བསྐུལ་ལྕག་ཞུ་དགོས་རིགས་ཞུ་རྒྱུ་དང་། རྒྱལ་བའི་སྐུ་ཕྱ་དང་འབྲེལ་བའི་འཐུས་ཤོར་ཁུངས་ལྡན་རིགས་ས་གནས་སོ་སོས་མཁྱེན་ རྟོགས་བྱུང་ཚེ་མདོ་སྨད་དབུས་རྒྱུན་ལས་ཁང་དང་། རང་གཞུང་འབྲེལ་ཡོད་ལས་ཁུངས་ཁག་ལ་འཕྲལ་དུ་འབྲེལ་བ་གནང་དགོས།

༢༽ ༸རྒྱལ་བའི་སྐུ་ཕྱ་དང་འབྲེལ་བའི་ཞབས་རིམ་དུས་རྒྱུན་དུ་མདོ་སྨད་མི་དམངས་གཞིས་ བྱེས་གཉིས་ཀྱིས་འབད་སྒྲུབ་ཞུ་དགོས། ཞབས་རིམ་གྱི་སྒྲུབ་ཐོ་དབུས་རྒྱུན་ལས་སུ་དུས་ནས་དུས་སུ་འབུལ་གཏོང་དགོས།

༣༽ མདོ་སྨད་དབུས་རྒྱུན་སྐབས་བཅུ་གསུམ་པའི་དམིགས་བསལ་ཚོགས་ཆེན་འདི་གྲོལ་རྗེས་ ནས་མདོ་སྨད་དབུས་རྒྱུན་གྱིས་གོ་སྒྲིག་ཞུས་པའི་གསོལ་སྟོན་དང་མཛད་སྒོ་སོགས་ལ་ དཀར་སྐྱོང་གསོལ་ཚིགས་འབུལ་དགོས།

༤༽ མདོ་སྨད་གཞིས་བྱེས་གཉིས་ནས་ད་བར་དོལ་རྒྱལ་བསྟེན་གསོལ་ལ་དགག་བྱ་གདོང་ལེན་བྱ་ མུས་དང་། ཕྱིས་འབྱུང་ཡང་གདོང་ལེན་མུ་མཐུད་བྱ་རྒྱུ་མ་ཟད། མདོ་སྨད་དབུས་རྒྱུན་ནས་དཔར་བསྐྲུན་འགྲེམས་སྤེལ་ཞུ་བཞིན་པའི་༼དོལ་རྒྱལ་གྱི་ བྱུང་རིམ་དང་རྙོག་གླེང་ལ་དཔྱད་པ་གཡའ་སེལ་མེ་ལོང་༽དཔེ་དེབ་གྲངས་༢༠༠༠ བསྐྱར་དཔར་ཞུ་རྒྱུ་དང་། རྒྱ་ཡིག་དང་དབྱིན་ཡིག་གཉིས་ཐོག་ཡིག་བསྒྱུར་ལ་འབད་བརྩོན་བྱ་རྒྱུ།

༥༽ མདོ་སྨད་སེར་སྐྱ་མི་དམངས་ནང་དོལ་རྒྱལ་རྗེས་འབྲངས་པས་ཤེས་ཡོན་རོགས་རམ་དང་། ཉམ་ཐག་རོགས་སྐྱོར་ལ་བསྙད་དེ་ལས་འགུལ་སྤེལ་བཞིན་པའི་མགོ་སྐོར་བསླུ་བྲིད་འོག་ མ་ཚུད་པ་བྱེད་དགོས་པ་མདོ་སྨད་དབུས་རྒྱུན་ནས་ས་རྒྱུན་ཁག་པརྒྱུད་ནས་གསལ་ བསྒྲགས་གནང་རྒྱུ།

ཁ ཆབ་སྲིད་ཀྱི་ལས་དོན་སྐོར།

༡༽ ༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་གྱི་སྲིད་ཇུས་འདི་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་ གཉིས་ཕན་མཉམ་གནས་བྱ་རྒྱུ་ཡིན་སྟབས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་པ་བཞིན་གཞིས་ལུས་ བོད་རིགས་རྣམས་ཀྱིས་རྒྱ་ནག་དཔོན་རིགས་ཚོར་ཞུ་གཏུག་ཆོག་པའི་ཁྲིམས་མཐུན་ཐོབ་ ཐང་བེད་སྤྱོད་གཏོང་ཤེས་དགོས་པ་བརྒྱུད་ལམ་ཁག་ནས་གོ་རྟོགས་སྤེལ་རྒྱུ།

༢༽ གོང་གསལ་ལས་གཞི་ཁག་སྒྲུབ་ཆེད་དུ་མདོ་སྨད་དབུས་རྒྱུན་གྱིས་རྐང་འགན་ཐོག་གཞིས་ བྱེས་མདོ་སྨད་པ་རྩོམ་སྒྲིག་མཁས་པའི་ཚོགས་ཆུང་ཞིག་བསྐོ་འཛུགས་བྱ་རྒྱུ་དང་། ཚོགས་ཆུང་དེས་དྲ་རྒྱ་གསར་བསྐྲུན་དང་ཡིག་ཆ་དང་རྩོམ་ཡིག་ཕྱོགས་སྒྲིག་གིས་འགན་ ཆ་ཚང་འཁྱེར་རྒྱུ།

༣༽ དབུ མའི་ལམ་གྱི་སྲིད་ཇུས་དང་རང་སྐྱོང་གི་སྐོར་གོ་རྟོགས་སྤེལ་སླད་གཟབ་སྦྱོང་གང་ཐུབ་གོ་སྒྲིག་ཞུ་རྒྱུ།

༤༽ མདོ་སྨད་དབུས་ས་གཉིས་ངོས་ནས་བོད་ནང་དུ། ཤེས་ཡོན་དང་འཕྲོད་བསྟེན། དཔལ འབྱོར་ཡར་རྒྱས་ཀྱི་ལས་གཞི་ཁག་གང་མང་སྤེལ་དགོས་པ་བོད་རིགས་དང་རོགས་སྐྱོར་ ཚོགས་པ་ཁག་ལ་འབོད་བསྐུལ་བྱ་རྒྱུ།

༥༽ ༸གོང་ས་མཆོག་གིས་སྔ་རྗེས་ཆབ་སྲིད་ཀྱི་བཀའ་སློབ་གལ་འགངས་ཆེ་བ་རྣམས་ཕྱོགས་ བསྒྲིགས་ཀྱིས་བོད་ཡིག་དང་། རྒྱ ཡིག་ནང་གང་མང་དཔར་བསྐྲུན་བྱས་ཏེ་བོད་དང་རྒྱ་ནག་ནང་འགྲེམས་སྤེལ་བྱ་ཐབས་བྱ་ རྒྱུ།

༦༽ གོང་གསལ་ལས་དོན་ཁག་སྒྲུབ་ཆེད་དཔལ་འབྱོར་གྱི་མཐུན་རྐྱེན་དབུས་རྒྱུན་ནས་ཐབས་ ཤེས་གང་ཐུབ་བྱ་རྒྱུ་དང་། མ་ཐུབ་ཚེ་དབུས་རྒྱུན་མ་དངུལ་ནས་འགྲོ་གྲོན་གཏོང་རྒྱུ།

༧༽ ལས་འཆར་ཁག་དམིགས་བསལ་ཚོགས་ཆེན་སྐབས་གཏན་འབེབས་ཟིན་མཚམས་དབུས་རྒྱུན་གྱིས་ལས་ འཆར་རེ་རེ་བཞིན་ལས་གཞི་འཆར་འགོད་དང་། སྔོན་རྩིས་བཟོས་ཏེ་ས་གནས་ཚང་མར་འགྲེམས་སྤེལ་ཞུ་རྒྱུ། དབུས་ས་གཉིས་ཀྱིས་ལས་འཆར་ཐོག་རོགས་སྐྱོར་ཐོབ་ཐབས་འབད་བརྩོན་ཞུ་དགོས།

ག སྤྱི་ཚོགས་བདེ་དོན།

གཞིས་བྱེས་མདོ་སྨད་མི་མང་ནང་རོགས་སྐྱོར་དགོས་རིགས་ཆེད་དབུས་རྒྱུན་གྱིས་ངལ་ སེལ་ཚོགས་ཆུང་ཞིག་འཛུགས་རྒྱུ་དང་། ཚོགས་ཆུང་དེས་ངལ་སེལ་རོགས་སྐྱོར་ཐེབས་རྩའི་སྒྲིག་གཞི་གཏན་འབེབས་ཐོག་རོགས་ སྐྱོར་བྱ་འོས་བྱ་རྒྱུ།

ང དབུས་སའི་འབྲེལ་ལམ་སྐོར།

༡༽ དབུས་རྒྱུན་མི་སྣ་ཁག་ས་གནས་སོ་སོར་ངོ་ཕེབས་གང་མང་གནང་དགོས།

༢༽ དབུས་རྒྱུན་ནས་ས་གནས་མི་མང་དཀའ་ངལ་ཡོད་རིགས་ལ་རོགས་སྐྱོར་གནང་ཐུབ་པ་བཟོ་ དགོས་པ་དང་། དེ་འབྲེལ་ས་གནས་མི་མང་གིས་དབུས་རྒྱུན་ལ་ཡིད་ཆེས་བརྙེད་ཐུབ་པ་བཟོ་དགོས།

༣༽ མདོ་སྨད་ས་རྒྱུན་མེད་སར་དབུས་རྒྱུན་གྱིས་སྟངས་འཛིན་འོག་ས་རྒྱུན་གསར་འཛུགས་གནང་དགོས།

༤༽ མདོ་སྨད་དབུས་སའི་འབྲེལ་བ་ཡར་རྒྱས་གཏོང་དགོས་ཐོག མདོ་སྨད་མི་དམངས་ནང་ཁུལ་འབྲེལ་བ་དམ་ཟབ་ཡོང་ཕྱིར། ཐག་ཉེ་འབྲེལ་མཚུངས་ས་ཁུལ་ཁག་གང་མང་མཉམ་འཛོམས་ཐུབ་ཐབས་འབད་བརྩོན་བྱ་རྒྱུ་ དང་། འགན་འཛིན་ལྷན་ཚོགས་སམ་མདོ་སྨད་ཚོགས་ཆེན་ས་གནས་འདྲ་མིན་ནང་རེས་མོས་ཀྱིས་ ཚོགས་ཐབས་དགོས་རྒྱུ།

༥༽ ས་གནས་སོ་སོར་ལས་དོན་བྱེད་བདེའི་ཆེད་ས་གནས་སུ་མདོ་སྨད་པ་སུ་ཡིན་ཡང་དབུས་ རྒྱུན་གྱི་ངོ་སྤྱོར་མེད་པར་རོགས་སྐྱོར་བྱེད་མི་དགོས་པ་ཡིན།

༦༽ ས་གནས་སོ་སོས་ལས་འགུལ་ཇི་ཙམ་སྤེལ་བ་ཡིན་ན་དབུས་སའི་འབྲེལ་ལམ་རང་བཞིན་གྱིས་ ལེགས་སུ་འགྲོ་ངེས་ཡིན་པས། ས་གནས་སོ་སོས་ལས་འགུལ་སྤེལ་བར་འབད་བརྩོན་ཞུ་རྒྱུ།

༧༽ ས་གནས་སོ་སོའི་ཞལ་བྱང་དང་འབྲེལ་བ་བྱ་ཡུལ་ཞལ་པར་ལ་སོགས་པ་ས་གནས་གཞན་ཁག་ལ་དབུས་རྒྱུན་ནས་གཏོང་དགོས།

༨༽ སྤྱི་འཐུས་འོས་བསྡུ་དངོས་གཞིའི་སྐབས་མདོ་སྨད་དབུས་རྒྱུན་ནས་འོས་གཞིར་ཡོད་ པའི་གང་ཟག་རེ་རེའི་ལོ་རྒྱུས་དང་བཅས་པ་ས་རྒྱུན་སོ་སོར་འབུལ་དགོས།

༩༽ དབུས་རྒྱུན་ནས་ས་གནས་ཁག་དང་འབྲེལ་བའི་ཡིག་ཆ་མདོ་སྨད་སྤྱི་འཐུས་རྣམས་ལ་ངེས་པར་གཏོང་དགོས།

༡༠༽ ས་རྒྱུན་མི་གྲངས་ཉུང་བ་དང་དཔལ་འབྱོར་འཁོས་ཞན་ཅན་ལ་ས་གནས་གཞན་གྱི་རྒྱུན་ལས་ཀྱིས་རོགས་རམ་གང་ཐུབ་བྱེད་དགོས།

ཅ དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་སྐོར།

༡༽ མདོ་སྨད་ཀྱི་ལག་དེབ་ཚང་མར་སྤྲོད་དགོས་པ་དང་། མདོ་སྨད་པ་ལོ་༡༨ ཡན་ཚང་མས་ཚོགས་དངུལ་ལོ་རེར་ཧིན་སྒོར་ ༣༦ རེ་འབུལ་དགོས། དཔལ་འབྱོར་འཁོས་ཞན་དབང་གིས་ཚོགས་དངུལ་འབུལ་མ་ཐུབ་པ་ཡོད་ཚེ་ས་རྒྱུན་སོ་སོས་ ཆག་ཡང གནང་འཐུས།

༢༽ མདོ་སྨད་ལག་དེབ་མེད་ཚེ་ས་རྒྱུན་དང་དབུས་རྒྱུན་གཉིས་ཀས་རྒྱབ་གཉེར་ཡིག་ཆ་གང་ ཡང་གནང་མི་ཆོག ཕ་མ་ཡ་ གཅིག་མདོ་སྨད་ཡིན་པའི་ཕྲུ་གུ་ཕོ་མོ་དབྱེར་མེད་ཀྱིས་ལག་དེབ་འབུལ་འཐུས་རྒྱུ་ དང་། རང་ལོ་༡༨ སོན་མཚམས་རང་ཐག་ རང་གཅོད་བྱ་རྒྱུ། མདོ་སྨད་པ་མཉམ་གཉེན་སྒྲིག་བྱས་རིགས་མདོ་སྨད་ཁོངས་འཛུལ་འདོད་ཡོད་རིགས་ལ་ལག་ དེབ་གསར་ བཟོ་བྱ་འཐུས།

༣༽ ས་གནས་སོ་སོས་ཚོགས་དངུལ་བསྡུས་ཁོངས་ནས་བསྡོམས་ཀྱི་བརྒྱ་ཆ་ ༥༠ དབུས་རྒྱུན་ལ་རྩིས་ཁྲ་དང་མིང་གཞུང་ཆ་ ཚང་མཉམ་འབུལ་དགོས་པ་དང་། བརྒྱ་ཆ ༥༠ ས་གནས་ཀྱི་འགྲོ་གྲོན་ཆེད་ཉར་འཐུས།

༤༽ མདོ་སྨད་དབུས་རྒྱུན་ལས་ཁང་ནས་མགྲོན་ཁང་ཞིག་སྤུས་གཟིགས་གནང་རྒྱུའི་འཆར་གཞི་ བཏོན་པར་རྒྱབ་སྐྱོར་ཞུས་ཐོག་འཆར་གཞི་བཟོ་འགོད་དང་། དཔལ་འབྱོར་འདུ་འགོད། ལས་གཞི་ལག་བསྟར་གྱི་ཆེད་དུ་མདོ་སྨད་དབུས་རྒྱུན་ལས་ཁང་ནས། ཚོགས་ཆུང་བསྐོ་འཛུགས་གནང་རྒྱུ་ཐུགས་གཏན་འཁེལ་བ་ཡིན། ཕྱི་ནས་རོགས་དངུལ་ཐབས་ཤེས་གནང་ཐུབ་ཐབས་དང་། གལ་སྲིད་མ་འདང་ཚེ་མདོ་སྨད་དབུས་རྒྱུན་གྱི་མ་དངུལ་ནས་གཏོང་རྒྱུ།

ཆ གནད་དོན་གཞན་ཁག

༡༽ མདོ་སྨད་དབུས་རྒྱུན་གྱི་རྩིས་ཁྲ་སྙན་སྒྲོན་ཞུས། ༢༠༠༦ ཟླ ༡༢ ཚེས ༣༡ བར་དུ་དངུལ་ལྷག་ཧིན་སྒོར་ ༢༥༦༢༧༤༧།༤༤ ཆགས་ཡོད།

༢༽ རྡོར་གླིང་མདོ་སྨད་ས་གནས་ས་ཁང་སྐོར་དབུས་རྒྱུན་དང་ས་རྒྱུན་ཐུན་མོང་གི་ཆེད་ འཛུགས་ཚོགས་ཆུང་ཞིག་བཙུགས་ནས་ཞིབ་འཇུག་དང་འབྲེལ་ཐག་གཅོད་གནང་རྒྱུ།

༣༽ བརྟན་བཞུགས་ཆེད་དངུལ་འབོར་བྱུང་བ་ཧིན་སྒོར་འབུམ་ ༤༧ ཙམ་བྱུང་བ་དང་། འགྲོ་སོང་སྒོར་འབུམ་ ༣༦ ཙམ་ཕྱིན་ཡོད་པ་ནས་ཧིན་སྒོར་འབུམ་ ༡༡ ཙམ་ལྷག་མ་ཡོད་པ་དེ་ནས་ཐུབ་དབང་སྐུ་ ༥༦༥ བལ་ཡུལ་ནས་རྡ་སར་གདན་ཞུའི་ཆེད་སྤོན་དངུལ་འབུམ་ ༣ བཞག་ཡོད་ཐོག འཕར་ཐོལ་ཕྱིན་པ་ཡིན་ན་མདོ་སྨད་དབུས་རྒྱུན་གྱི་མ་དངུལ་ནས་གཏོང་དགོས་པ་དང་། དངུལ་ལྷག་བྱུང་ཚེ་མདོ་སྨད་དབུས་རྒྱུན་མ་དངུལ་ཐོག་བསྣན་རྒྱུ་བཅས།

༤༽ གོང་འཁོད་དངུལ་ལྷག་འབུམ་༡༡ ཙམ་ཡོད་པ་དེ་ད་ཐེངས་བརྟན་བཞུགས་ཆེད་གཞིས་བྱེས་མི་མང་ནས་ཕུལ་བ་ཡིན་སྟབས། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་གནང་དགོས།

༥༽ ཚོགས་ཆེན་སྔོན་མའི་སྐབས་མདོ་སྨད་ཆོལ་ཁའི་ངོས་ནས་༸གོང་ས་མཆོག་ལ་གཞིས་བྱེས་ ལྷན་འཛོམས་ནམ་བྱུང་སྐབས་ཀྱང་། བཙན་བྱོལ་ནང་དུ་ད་བར་མདོ་སྨད་གཞིས་བྱེས་མང་ངོས་ནས་དུས་འཁོར་དབང་ཆེན་ཞུ་ མྱོང་མེད་སྟབས་ད་ཐེངས་དམིགས་བསལ་ཚོགས་ཆེན་འདིའི་ཐོག་རྒྱ་གར་གནས་མཆོག་གང་ རུང་ཞིག་ཏུ་དུས་འཁོར་དབང་ཆེནབསྩལ་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་ རྒྱུ།

ཇ ཟུར་རྒྱན་གྲོས་ཆོད།

བརྟན་བཞུགས་བསྟར་འབུལ་གྱི་བསྐལ་བཟང་གི་གོ་སྐབས་འདིའི་ཐོག་བལ་ཡུལ་མདོ་སྨད་ མི་མང་ནས་གསོལ་འདེབས་ཞུས་དོན་ལ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས། ངོ་བཞེས་ཀྱིས་བརྟན་བཞུགས་བསྟར་འབུལ་ཐོག་བོད་གཞིས་བྱེས་གཉིས་ནས་དཔལ་འབྱོར་ གྱིས་མཐུན་འགྱུར་དང་ལས་དོན་ཞུ་ཕྱོགས་ལ་འཕྱར་གྲུ་མཉམ་འདེགས་གནང་མཁན་ཚང་མར་ དམིགས་བསལ་ཚོགས་ཆེན་འདི་ནས་ཐུགས་རྗེ་ཆེ་ཞུ་རྒྱུ། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་སྐབས་བཅུ་གསུམ་ པའིདམིགས་བསལ་ཚོགས་ཆེན་ནས།

བོད་རྒྱལ་ལོ་ ༢༡༣༤ ཆོ་འཕྲུལ་ཟླ་བའི་ཚེས་ ༣༠ ཕྱི་ལོ་ ༢༠༠༧ ཟླ ༠༣ ཚེས ༡༩ ལ།

About ལས་འབྱེད།