བོད་ལྗོངས་མདོ་སྨད་ཆོལ་ཁའི་དར་ཆའི་དཔེ་རིས།

dhomay chokdarདར་ཆའི་འགྲེལ་བཤད།  ༄༅།། དེང་དུས་གསར་ལུགས་སུ་མཛད་སྒོ་ཆེ་ཆུང་དང་དུས་སྟོན། ཚོགས་འདུ་སོགས་ཀྱི་སྐབས་སུ་ཡུལ་ལུང་དང་ཚོགས་སྡེ་གང་ཡིན་མང་ཚོགས་ནས་ངོས་འཛིན་བྱེད་བདེའི་ཆེད་དར་ཆ་རེ་བསྒྲེང་འཛུགས་ཁག་གི་ནང་དུའང་ཚོགས་སྡེ་སོ་སོས་དར་ཆ་རེ་བསྒྲེངས་འཛུགས་བྱེད་བཞིན་པ་ལྟར་མདོ་སྨད་ཆོལ་ཁའི་ངོ་བོ་མཚོན་ནུས་པའི་དར་ཆ་ཞིག་དགོས་གལ་ཆེ་བར་བརྟེན། མདོ་སྨད་ཀྱི་ས་ཡི་ཆགས་ཚུལ་དང་མི་ཡི་ཆད་ཁུངས་སོགས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྤྱི་འགྲོས་དང་མཐུན་པའི་དར་ཆའི་རི་མོ་དང་འགྲེལ་བཤད་བཅས་དཔྱད་གཞིའི་ཆེད་ཟིན་བྲིས་སུ་འགོད་པར།

༡༽ འོག་གི་གཞི་ལྗང་ཁུ་ནི།

ཀ ༽ ཕྱིའི་སྣོད་ཀྱི་བཀོད་པ་མཚོན་པ་སྟེ།  མདོ་སྨད་ཀྱི་ཡུལ་སྤྱིའི་མིང་ལ་ཙོང་ཁ་བདེ་ཁམས་སམ་ཙོང་ཁ་ཆེ་ཆུང་དུ་གྲགས་པ་ལྟར་ཙོང་ཁའི་ཡུལ་མཚོན།

ཁ ༽ མཛེས་བརྗིད་ཅན་གྱི་སྤང་ལྗོངས་དང་ཤིན་ཏུ་སྟུག་པའི་ནགས་ཀླུང་རྩི་བཅུད་སྨན་རིགས་ཀྱིས་ཡོངས་སུ་ཁྱབ་པའི་མཛོད་ལྟ་བུ་སྔོ་ལྗང་དེ་དག་མཚོན།

ག ༽ ༧གོང་ས་ལྷ་མིའི་རྣམ་འདྲེན་འཛམ་གླིང་ཞི་བདེའི་དེད་དཔོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ལྗོངས་འདིར་སྐུ་བལྟམས་པའི་སྐུའི་ཁམས་ཀྱང་མཚོན།

༢ ༽ སྟེང་གི་ཆ་དུམ་བུ་དྲུག་ནི།

ཀ ༽ ནང་བཅུད་ཀྱི་སེམས་ཅན་མཚོན་པ་སྟེ། སྤྱིར་བོད་གངས་ཅན་པ་རྣམས་མིའུ་གདུང་དྲུག་གི་རྒྱུད་ལས་ཆད་པ་ལྟར་མདོ་སྨད་པ་རྣམས་ཀྱང་མིའུ་གདུང་དྲུག་ལས་ཆད་པར་མ་ཟད་ལྷག་པར་རོང་པོ་འཕྲུལ་གྱི་ལྷ་བཙན་སོགས་ཕྱི་བློན་བཙན་པོ་རྣམ་དྲུག་དང་བོད་ཆོས་རྒྱལ་གྱི་གདུང་རྒྱུད་དང་། བོད་ཆོས་རྒྱལ་གྱིས་ས་མཚམས་བརྟན་སྲུང་ཆེད་བཞད་པའི་དཔའ་སྡེ་གསུམ་དང་དཔའ་བོ་མི་དྲུག་གི་རྒྱུད་སོགས་ལས་འཕེལ་བའི་མི་རྒྱུད་ཡིན་པ་མཚོན།

ཁ ༽ དུམ་བུ་དྲུག་པོ་དེའང་སྔོ་དམར་གཉིས་སུ་ངེས་པ་ནི། མདོ་སྨད་ཆོལ་ཁ་འདིའང་བོད་གངས་ཅན་པ་སྤྱི་དང་སྐད་ཡིག་མི་རིགས་གོམས་གཤིས་སོགས་གཅིག་ཏུ་གྱུར་པའི་བོད་རྒྱལ་ཁབ་ཆེན་པོའི་མངའ་འབངས་ཡིན་པ་དང་སྲུང་མ་དམར་ནག་གཉིས་ཀྱིས་སྐྱོང་བའི་ཡུལ་ཡིན་པ་མཚོན།

  ༽ དཀྱིལ་གྱི་ནོར་བུ་དགའ་འཁྱིལ་ནི།

ཀ ༽ མདོ་སྨད་ཀྱི་ས་དབྱིབས་མཚོན་པ་སྟེ། རྨ་གཡང་ཕྱུག་མོའི་གཞུང་དུ་འབབ་པའི་རྨ་ཆུ་མདོ་སྨད་ཀྱི་སའི་གཞུང་ནས་འགྲོ་ལུགས་ཀྱིས་རྨ་ཆུའི་ཁུག་པ་གསུམ་ཡོད་པའི་རྨ་ཆུའི་འཁྱིལ་ལུགས་ཀྱིས་མདོ་སྨད་སྤྱིའི་ས་དབྱིབས་ནོར་བུ་དགའ་འཁྱིལ་གྱི་དབྱིབས་སུ་ཡོད་པའི་རྟེན་འབྲེལ་གྱིས་ཟས་ནོར་ལོངས་སྤྱོད་ཤིན་ཏུ་རྒྱས་པའི་ས་དབྱིབས་དང་རང་བྱུང་གཏེར་ཁས་ཕྱུར་བུར་གང་བར་མཚོན།

ཁ ༽ དགའ་འཁྱིལ་གྱི་ནོར་བུ་སྔོན་པོ་ནི། འཛམ་གླིང་ནང་སྙན་གྲགས་ཆེ་བའི་མཚོ་ཁྲི་ཤོར་རྒྱལ་མོ་དང་མཚོ་སྨན་ཕྱུག་མོ་ལྔ་སོགས་མཚོ་དང་མཚེའུ། ལྷོ་ཡི་རྨ་ཆུ་དང་བྱང་གི་ཙོང་ཆུ་སོགས་ཞི་དྲག་གི་ཆུ་རྣམས་མཚོན།

ག ༽ ནོར་བུ་ལྗང་ཁུ་ནི། མདོ་སྨད་ལྷོ་ཕྱོགས་ཀྱི་གཡར་མོ་ཐང་དང་བྱང་ཕྱོགས་ཀྱི་ཙོང་ཁ་ལ་གྱི་ཐང་ལ་སོགས་པ་འཛམ་གླིང་ནང་སྙན་གྲགས་ཆེ་པའི་མཛེས་ཤིང་བརྗིད་པའི་སྤང་ལྗོངས་རྣམས་མཚོན།

༡ ༽ མཐའ་ལྕགས་ཁ་དོག་སེར་པོས་རྒྱན་པ་དེས་རང་རེའི་བོད་རྒྱལ་ཁབ་ཀྱི་རྒྱལ་དར་མཐའ་ལྕགས་ཀྱི་མཚོན་དོན་བཞིན། གསེར་སྦྱང་བཙོ་མ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་མུ་མེད་དུ་དར་ཞིང་རྒྱས་པ་མཚོན་པ་བཅས་སོ།

མདོ་སྨད་ཆོལ་ཁའི་དར་ཆའི་རི་མོ་དང་འགྲེལ་བཤད་འདི་བཞིན་བཞུགས་སྒར་མདོ་སྨད་རྒྱུན་ལས་ཐུན་མོང་ནས་ཡང་ཡང་འདི་ལྟ་བུ་ཞིག་དགོས་ཞེས་སྐུལ་མ་བྱུང་དོན་ལྟར་ཞལ་ངོ་མ་ཟློག་ཙམ་དུ།  ཀིརྟི་སྤྲུལ་མིང་པས། ཕྱི་ལོ ༡༩༩༠ ཟླ ༡༠ ཚེས་ ༣༡ ལ་ཟིན་བྲིས་སུ་བཀོད་པ་ལགས།

མཆན་འགྲེལ།

༡ ༽ དེབ་ཐེར་དཀར་པོ། ཨ་མདོའི་ཡུལ་སྤྱིའི་མིང་ལ་ཙོང་ཁ་བདེ་ཁམས་ཞེས་གྲགས། ཏུན་ཧོང་ཡིག་ཆར། དགུང་བློན་ཆེན་པ་ཁྲི་འབྲིང་གིས་ཙོང་ཁ་ཆེ་ཆུང་དུ་དམག་དྲངས།

༢ ༽ དེབ་ཐེར་དཀར་པོ། ཨ་མདོའི་མི་རིགས་ཕལ་མོ་ཆེ་བ་ནི་སྔོན་གྱི་དམག་མི་ཕྱོགས་འདིར་ཕེབས་པ་ལས་མཆེད་པར་མངོན། སུམ་བྷ་ཆོས་འབྱུང་། མདོ་སྨད་ལྷོ་བྱང་གི་མི་རྒྱུད་ཕལ་ཆེ་བ་ནི་ཆོས་རྒྱལ་གྱིས་རྒྱ་བོད་ས་མཚམས་སུ་བཞག་པ་ལས་མཆེད་པ་ཤ་སྟག་ཡིན། ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་སྡེ་གསུམ་གྱིས་མཐའི་ཡི་སོ་ཁ་སྲུང་།

༣ ༽ དེར་ཐེར་རྒྱ་མཚོ། མདོ་སྨད་གཡར་མོ་ཐང་དུ་བཏགས་པའི་ཁམས་གཅིག  ཙོང་ཁ་ལ་གྱི་ཐང་དུ་བཏགས་པའི་ཁམས་གཅིག  དེར་ཐེར་རྒྱ་མཚོ། རྨ་ཆུ་འཁྱིལ་ལུགས་ཀྱི་དབང་གིས་ས་དབྱིབས་ནོར་བུ་དགའ་འཁྱིར་གྱི་ཚུལ་དུ་ཡོད།

About ལས་འབྱེད།

Leave a Reply

Your email address will not be published.