བྲག་དཀར་རྫོང་ངམ་(ཞིན་ཧེ་རྫོང་)ངོ་སྤྲོད་མདོར་བསྡུས།

ཞིན་ཧེ་རྫོང་གི་མངའ་ཁོངས་སུ་མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་བྲག་དཀར་རྫོང་ཡོད་པར་བརྟེན་མིང་ཡང་དེ་ལྟར་དུ་ཐོགས།རྫོང་འདི་རྒྱ་སྐད་དུ་ཞིན་ཧེ་ཟེར།དེ་ནི་ཀྲུང་ཧྭ་མིན་གོའི་དུས་སྐབས་དེ།མིན་གོའི་སྲིད་ལོ་༣༤པའམ་སྤྱི་ལོ་༡༩༤༥པའི་ཟླ་༡༢་པར་རྒྱ་སྐད་དུ་ཏ་ཧོ་པ(ཆུ་རགས་ཆེན་པོའི་དོན། )ཧྲེ་ཀྲི་ཅུས་ཟེར་བའི་ལས་ཁུངས་(ལས་ཁུངས་དེ་སྐབས་དེར་ཧང་གཞོངས་སྟོད་རྒྱུད་ཀྱི་ཧང་ངའི་ཁ་ན་ཡོད། )དེའི་རིམ་པ་རྫོང་རིམ་པར་བསྟད་རྗེས།མཚོ་སྔོན་དར་རྒྱས་སུ་གཏོང་བའི་དོན་དམིགས་ནས་མིང་དེ་ལྟར་དུ་བཏགས་པར་བཤད།རྫོང་འདི་ནི་མཚོ་ལྷོ་ཁུལ་གྱི་ནུབ་རྒྱུད་དུ་གནས་ཤིང་།སའི་གོ་ལའི་བྱང་གི་འཕྲེད་ཚད་༣༥།༣༥ཡི་མཚམས་དང་།ཤར་གྱི་གཞུང་ཚད་༩༩།༥༩ཡི་མཚམས་ན་ཡོད།རྫོང་འདིའི་ཤར་ཕྱོགས་རྨ་ཆུའི་ཕ་རོལ་གྱི་ཀོས་ནན་རྫོང་དང་ཐུན་ཏེ་རྫོང་གཉིས་དང་ཕན་ཚུན་ཁ་གཏད་དུ་གནས་ཡོད་ཅིང་།འདིའི་ལྷོ་ཕྱོགས་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་།ནུབ་ཕྱོགས་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དུར་ལམ་རྫོང་།བྱང་ཕྱོགས་ནི་གུང་ཧོ་རྫོང་བཅས་དང་འདབས་འབྲེལ་ཡོད།རྫོང་མི་དམངས་སྲིད་གཞུང་གི་རྩི་གོར་ཐང་གྲོང་རྡལ་དུ་ཆགས་ཡོད།དེ་ནས་ཁུལ་མི་དམངས་སྲིད་གཞུང་ཡོད་ས་ནས་ཆབ་ཆ་གྲོང་རྡལ་གྱི་བར་དུ་སྤྱི་ལེ་༡༢༨ཡོད།རྫོང་འདིའི་ཆེས་མཐོ་ས་ནི་ངང་ལའི་རྫ་རྒྱུད་དུ་གཏོགས་པའི་ཟོ་རའི་ཟེ་དཀར་ཡིན་ཞིང་།དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི་༥༣༠༥ཡོད།ཆེས་དམའ་ས་ནི་དཔལ་ཁ་གྲོང་རྡལ་གྱི་ལྷོ་མཐའ་སྟེ།རྨ་ཀླུང་ཕྱུག་མོ་གུང་ཧོ་རྫོང་གི་ཕྱོགས་སུ་འབབ་པའི་བག་ཐོ་འགག་ཁ་ཡིན།དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི་༢༥༩༠ཡོད།འདིའི་ས་བབ་ཧྲིལ་པོའི་ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི་༤༣༠༠དང་།རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༡༢༡༠༠མི་གྲངས༧༠༡༤༦བཅས་ཡོད། (༢༠༠༨རྩིས་གྲངས་ཡིན། )འདིའི་མངའ་འོག་ན་དཔལ་ཁ་དང་།རྩི་གོར་ཐང་།ཆུ་སྔོན་བཅས་གྲོང་རྡལ་གསུམ་དང་།ཐང་ནགའབྲོང་འཐུས།ལུང་བཟང་།ཆུ་ཁོལ་བཅས་ཡུལ་ཚོ་བཞི་ཡོད།

རྫོང་འདིའི་དཔལ་ཁ་གྲོང་རྡལ་དང་གུང་ཧོ་རྫོང་གི་ཐེ་གེ་ཡུལ་ཚོ་ས་མཚམས་སུ་ཨ་མྱེས་བ་ཡན་ནམ་བུམ་པ་རི་དང་།རྨ་ཆུ་ཕ་རོལ་གྱི་ཀོས་ནན་རྫོང་དང་ཐུན་ཏེ་རྫོང་དང་ཕན་ཚུན་ཁ་གཏད་དུ་གནས་ཡོད་པའི་རྨ་ཆུའུ་འགྲམ་ངོགས་སུ་མདུང་ཤིང་རབ་ཁ་དང་།དཀར་མོ་གཡས་འཁྱིལ།དུང་དཀར་ཉི་མའི་རྫོང་།རྨ་སྲས་དགྲ་འདུལ་དབང་ཕྱུག་བཅས་ཡོད་ཅིང་།འབྲོང་འཐུས་ཡུལ་ཚོ་དང་མགོ་ལོག་ཁུལ་རྨ་ཆེན་རྫོང་གངས་རི་ཡུལ་ཚོ་གཉིས་ཀྱི་མཚམས་སུ་རྨ་ཆེན་གངས་རི་ཡོད།རྫོང་དིའི་ཆུ་ཁོལ་ཡུལ་ཚོ་དང་མགོ་ལོག་གི་རྨ་སྟོད་རྫོང་གི་མཚོ་ནག་ཡུལ་ཚོ་གཉིས་ཀའི་ས་མཚམས་སུ་བེ་ནག་དུག་མཚོ་ཡོད།ཆུ་ཁོལ་ཡུལ་ཚོ་དང་།རྩི་གོར་ཐང་གྲོང་རྡལ།མགོ་ལོག་ཁུལ་རྨ་སྟོད་རྫོང་།མཚོ་ནུབ་ཁུལ་དུར་ལམ་རྫོང་བཅས་འདབས་འབྲེལ་བའི་ས་མཚམས་སུ་དམར་ཐང་རྟོལ་རྒན་གོང་ཁ་ཡོད།རྩི་གོར་ཐང་གྲོང་རྡལ་དང་གུང་ཧོ་རྫོང་གི་ཆོས་རྗེ་ཡུལ་ཚོ་དང་རྩི་ཤིང་གི་རིགས་ཆེས་མང་བའི་ས་ཁུལ་ཡིན།འདིར་རི་སྐྱེས་སྲོག་ཆགས་ཀྱི་རིགས་ལ།གཡི་གར།ཝ་དམར།སྦྲེ།སྲམ།འཕྱི་བ།ཏེ་ལོ།ཤ་སེར་ཆེན།ཤ་རྔ་རིང་།ཤ་སྐྱ།གླ་བ།དྲེད་མོང་།གཙོད།རྫ་ཁའི་གོའུ་ཡགའབྲོང་།རྐྱང་།གཉན།གསའ་གཟིགབྱ་ཝང་སྔོན་པོ།དགོ་བ་བཅས་ཡོད་ཅིང་།དཔལ་འབྱོར་ཐད་ལ་མཁོ་བ་སྨན་རྫས་འགྲོ་བའི་སྐྱེ་དངོས་ཀྱི་རིགས་ལ་༢༤༣ཡོད་པས་གྲགས་ཆེ་བ་དབྱར་རྩྭ་དགུན་འབུ།མེ་ཏོག་གངས་ལྷ།ལྕུམ་རྩ།སྲད་དཀར།ཀྱི་ལྕེ།སྤྲུ་དཀར་སོགས་ཡོད།གོང་གསལ་རི་སྐྱེས་སྲོག་ཆགས་དང་སྨན་རིགས་སྐྱེ་དངོས་དེ་དག་ཡོད་ས་ནི།གཙོ་བོར་ནགས་ཡོད་སའི་ས་ཁུལ་དང་།ཧང་གཞོངས།ཆུ་སྔོན་གཞོངས་ཁོག་བཅས་ཡིན།

མདོངས་ལྡན་ལྕགས་རིགས་ལ།ཟངས་དང་།ལྕགས།ཞེ་ཉེ།ཏི་ཚ།གསེར།འཐི།པིས།མོལ།དངུལ་སོགས་ཡོད།གཏེར་རྫས་གཞན་པའི་རིགས་ལ།རྡོ་སོལ་དང་།ཅུ་གང་།ལྷང་ཚེར།སེན།རྡོ་སྣགཤེལ་རྡོ།རྡོ་ཐལ་བྲག་རྡོ།དངུལ་ཆུ་སོགས་ཡོད།གོང་གསལ་གཏེར་དངོས་དེ་དག་ཡོད་སའི་ས་ཁུལ་ནི།གཙོ་བོར་ཧང་གཞོངས་དང་།ཆུ་རིང་ཆུ་ན།གསེར་ཐང་བཅས་ཀྱི་ཕྱོགས་ཡིན།རྫོང་འདིའི་མངའ་ཁོངས་སུ་འཚོ་སྡོད་བྱེད་པའི་བོད་ཀྱི་སྡེའི་སྐོར་ལ།དཔལ་ཁ་གྲོང་རྡལ་ཁོངས་རོལ་དུ་མཚོ་སྔོན་པོའི་མཐའ་འཁོར་ཚོ་བརྒྱད་ཀྱི་ནང་ཚན་ཨ་ཚོགས་ལྷ་སྡེ་དང་།ཧང་ངའི་ཤ་སྦྲང་གི་ཡ་གྱལ་ཧྲེང་བོ།སྒོ་མེ་གོང་མའི་ནང་ཚན་ཁྱུང་སེང་དང་།ཆོས་རྗེ།ཉིན་ཆུ་བཅས་སྡེ་བ་དེ་གསུམ་གྱིས་མཚོན་པའི་སྒོ་མེ་ཆོས་རྗེ་མ།རྩི་གོར་ཐང་གྲོང་རྡལ་ཁོངས་རོལ་དུ་ཧང་ངའི་ཤ་སྦྲང་།ཆུ་སྔོན་གྲོང་རྡལ་ཁོངས་རོལ་དུ་སྒོ་མེ་གོང་མའི་ནང་ཚན་ཏེ།མོ་རྡོ་དང་ཐ་སྟོང་སྡེ་བ་གཉིས་ཀྱིས་མཚོན་པའི་སྒོ་མེ་ཆུ་སྔོན་མ།འབྲོང་འཐུས་དང་ལུང་བཟང་ཡུལ་ཚོ་གཉིས་ཀྱི་ཁོངས་རོལ་དུ་རོང་བོ་བློན་ཆོས་སམ་རྒྱ་བཟའ་ལོ་བ།ཆུ་ཁོལ་ཡུལ་ཚོའི་ཁོངས་རོལ་དུ་མཚོ་སྔོན་པོའི་མཐའ་འཁོར་ཚོ་བརྒྱད་ཀྱི་ནང་ཚན་བོང་སྟག་(བོང་སྟག་ལ་གོང་ཞོལ་གཉིས་ཡོད་པ་ལས་ཞིན་ཧེ་རྫོང་འདིའི་ཁོངས་ཀྱི་བོང་སྟག་ལ་བོང་སྟག་གོང་མ་དང་།མཚོ་བྱང་ཁུལ་ཐེམ་ཆེན་རྫོང་ཁོངས་ཀྱི་བོང་སྟག་ལ་བོང་སྟག་ཞོལ་མ་ཟེར།)བཅས་ཡོད།

གནས་ཁམས་ཆེན་དང་རྟེན་འགངས་ཆེན་སྐོར་ལ་གནས་ཆེན་བྲག་དཀར་སྦྲེལ་རྫོང་།གཡུ་ལུང་བྲག་དཀར།ཆོས་རྗེ་ཀླུ་མཁར།ཁྲོ་ཐུང་འཐབ་ར།ཆུ་འགག་བཞུགས་ཁྲི།དུང་དཀར་ཉི་མའི་རྫོང་།གཉན་ཆེན་བྲག་དཀར།ཐ་སྟོང་བྲག་དཀར།ཉ་མོ་བསང་ཁྲི་ཁ་དཀར།བྲག་ཆུའི་མཚམས་ཁང་།ཟུར་ཚང་མཚམས་ཁང་།སྒྲུབ་ཕུག་ལྷན་སྐྱེས་བདེ་ཆེན་རྫོང་སོགས་ཡོད།

ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་གྲགས་ཅན་གྱི་སྐོར་ལ་ར་མོ་མཁར་དམར།གེ་སར་རྒྱལ་པོའི་ཤུལ་རྟེན་ངག་རྒྱུན་གྱི་སྐོར།ཁྲོ་ཐུང་གི་འཐབ་ར།བཀྲ་ཤིས་ལྷ་སྒང་།མདའ་ཆེན་ལུང་པ།མ་ཤི་སིལ་རི་ནག་པོ་སོགས་ཡོད།

གནས་རི་གནས་གཞི་བདག་གྲགས་ཅན་གྱི་སྐོར་ལ།རྩི་གོར་ཐང་གྲོང་རྡལ་ན་བཅུན་མོ་དམར་ཡག་མ།རྫ་ཟོ་མ།ཧང་ངའི་རི་རྒན།གཉན་སྲས་གཡུ་རྒྱལ།ཐང་ནག་ཡུལ་ཚོར་གཉན་ཆེན།སྨན་རི་མ།འབྲོང་འཐུས་ཡུལ་ཚོར་ཨ་མྱེས་རྨ་ཆེན།བུ་ཆེན་རྩེ་རྒྱལ།ཨ་མྱེས་ཁྲབ་ཆེན།སྲིན་པོ།ལུང་བཟང་ཡུལ་ཚོར་དམར་མོ་ཨ་སྲས་སྤུན་གསུམ།གནོད་སྦྱིན་ནོར་བདག་ནག་པོ།ལྷ་རི་ཞལ་དཀར།ཕུན་སུམ་ཚོགས་པ།སེར་གསུམ་ཀི་ལྷ།ཆུ་ཁོལ་ཡུལ་ཚོར་མཛོད་བདག་ལྷ་རི་དྲེའུ་དཀར།རི་སེར་ཚེར་བརྒྱ་རིང་མོ།ཁྲ་ཤར་རི་བཙན།དཔལ་ཁ་གྲོང་རྡལ།ཨ་མྱེས་བ་ཡན།ལྷ་གཉན་དམག་དཔོན་བྲག་ནགཨ་མྱེས་ཁུ་ཇོ།ཁྱུང་སྲས་ནོར་བུ་དགྲ་འདུལ།སེང་གེ་རབ་བརྟན།ཨ་མྱེས་ཁྱུང་འཕགས།ཀུན་བཟང་ལྷ་རི།ཨ་མྱེས་བན་རྒན།ཨ་མྱེས་བཙན་དམར་སོགས་ཡོད།

མཚོ་དང་།མཚེའུ།ཆུ་མིག་བཅས་ཀྱི་སྐོར་ལ་བེ་རུ་དུག་མཚོ།ཟོ་རའི་གཡུ་མཚོ།ཆུ་རིང་ཆུ་ཚན།ཀླུ་མཆོད་ན་མགོ།ཐང་གཞོངས་དང་ཆུ་བོ་གྲགས་ཅན་སོགས་ཀྱི་སྐོར།ཧང་ཆུ།་ཆུ་སྔོན།བརྒྱ་དར་ཤིང་ཉགདཀར་མོ་གཡས་འཁྱིལ་ལམ་དཀར་མོ་གཡང་འཁྱིལ།འབྲོང་འཐུས་ཆུ།འབྲོང་འཐུས་ལུང་པ།དཔལ་ཁ་གསེར་གཞོང་རིང་མོ།རབ་དཀར་ཐང་།བོང་སྟག་གོང་མའི་ས་ཡི་བཅུད་དུ་གྲུབ་པའི་སྙིང་དགུ་སོགས་ཡོད་དོ།།

About རྩོམ་སྒྲིག་པ།