མདོ་སྨད་ཡུལ་གྱི་གཞི་བདག་གྲགས་ཅན་འགའ་ངོ་སྤྲོད།

གཞི་བདག་སྟོབས་ཆེན་བོར་བུ་དགྲ་འདུལ།

གནས་རི་འདི་ནི་ཆབ་ཆ་གྲོང་རྡལ་སྲིང་གཞུང་གི་རྒྱབ་ཕྱོགས་སུ་སྤྱི་ལེ་༡༠ཡི་མཚམས་ན་ཆགས་ཡོད་ཅིང་ཆབ་འགག་གསེར་གཞོངས་རིང་མོའི་རྟག་བརྟན་གྱི་རྒྱབ་རིར་བཀུར་བའི་བཀྲ་ཤིས་ལྷ་རི་ཞེས་པའི་རྫ་རི་དེ་ཡིན། མཐོ་ཚད་ལ་མཚོ་ངོས་ལས་སྨི་༣༧༨༡.2ཡོད། གནས་རི་འདི་ནི་སྤང་རི་ཞིག་ཡིན། སའི་གོ་ལའི་བྱང་གི་འཕྲེད་ཚད་༣༦°༠༥་ནས་༣༦°༣༢ཀྱི་མཚམས་དང་། ཤར་གྱི་གཞུང་ཚད་༡༠༠°༢༤ནས་༡༠༠°༤༢ཀྱི་མཚམས་ན་ཡོད། རི་དྭགས་དང་གཅན་གཟན་གྱི་རིགས་ལ། གླ་དང་། སྤྱང་ཀི ། ཝ། བྱི་བ། རི་བོང་། ཨ་བྲ། བྱི་ལོང་། སྲེ་མོང་རོག སྲེག་པ། གོང་མོ། ཕུག་རོན། བྱེའུ་སྣ་ཚོགས་བཅས་ཡོད། སྐྱེ་དངོས་ཀྱི་རིགས་ལ། གླང་མ་དང་སྤེན་མ། དབྱར་རྩྭ་དགུན་འབུ། ཐང་ཕྲོམ། སྤང་ཐང་གི་མེ་ཏོག་སྣ་ཚོགས། སྤང་རྩྭའི་རིགས་སྣ་ཚོགས་བཅས་ཡོད། རི་བོ་འདི་ལ་གནས་པའི་གཞི་བདག་གི་མཚན་ལ་སྟོབས་ཆེན་ནོར་བུ་དགྲ་འདུལ་ཟེར། ལོ་རེའི་བོད་ཟླ་༥པའི་ཚེས་༡༣ཉིན་ཆབ་འགབ་ཡུལ་ཕྱོགས་འདིའི་དམངས་ཁྲོད་དུ་སྟོབས་ཆེན་ལབ་ཙེ་བསྟོད་སྲོལ་ཡོད་དོ། །

ངག་རྒྱུན་དང་པོ། <<ཆབ་འགག་ལོ་རྒྱུས>>ལྟར་ན། གནའ་སྔ་མོ་ཞིག་ལ་དགེ་སློང་ཆོས་དང་འཇིག་རྟེན་གཉིས་ལ་མཁས་པ་ཞིག་སྡིག་པའི་ལས་ལའང་འཇུག་དྲགས་པའི་རྐྱེན་གྱིས་མི་ཡིན་དུ་སྐྱེས་པ་ན། སེ་རའི་མཁན་ཆེན་རིན་པོ་ཆེས་གནས་འདིའི་གཞི་བདག་ཏུ་བཀོད་དེ་གནས་ཡུལ་དུ་སྟོབས་ཆེན་ལབ་ཙེ་བསྟད་པ་དང་། མཚན་ལ་སྟོབས་ཆེན་ནོར་བུ་དགྲ་འདུལ་གསོལ།
ངག་རྒྱུན་གཉིས་པ། གླིང་རྗེ་གེ་སར་རྒྱལ་པོས་ཧོར་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད་དུས། ཧོར་གྱི་སྟོབས་ཆེན་གླང་བོ་ཁྲ་འབར་དེ་གླང་བོ་ཞིག་ལ་བཞོན་ཏེ་བྲོས། གེ་སར་རྒྱལ་པོ་རྐྱང་རྒོད་ལ་བཅིབས་ནས་བདས་པས། ཁོ་སྐུ་མཁར་ཕ་བོང་དགུ་བསྒྲིལ་བྱ་བ་ཧོར་ཡ་མུའི་བླ་མ་གུ་རུས་ཐེའུ་རང་སྤུན་གསུམ་སྒྲུབ་པའི་འཕྲུལ་ཁང་དུ་བྲོས་ནས་སྒོ་བརྒྱབ། གེ་སར་གྱིས་སྟ་ཆེན་བྲག་རི་ཧར་གཤགས་ཀྱིས་ཕ་བོང་དགུ་བསྒྲིལ་ལ་ལན་གསུམ་བརྒྱབ་པས་ཕ་བོང་བཞི་གས་ལྔ་གཤགས་སུ་སོང་བས། ཁྲ་འབར་དེ་སླར་ཡང་གླང་བོ་ལ་བཞོན་ནས་བྲོས་སོང་། གེ་སར་གྱིས་སླར་ཡང་དེད་དེ་མདའ་མོ་འཕངས་ཏེ་གླང་རོག་པོ་དེ་བསད་དེ་སྟོབས་ཆེན་བཟུང་སྟེ། ཁྲ་འབར་ཟེར་བའི་ཁ་ཕོ་ཆེ། །ངའི་དཔའ་རྟུལ་དེ་ཚོ་གང་ལ་སོང་། །ང་གླིང་ལ་ཞེ་ཤ་གནང་ལེའི་བུ། །ཁྱོད་རེ་ཞིག་མནར་ནས་གསོད་པ་ཡིན། །ཞེས་གསུངས་ནས་དེའི་རྐང་ལག་བཞི་ལྕགས་ཕུར་ལ་བཏགས་ཏེ་བརྒྱངས་ནས་སྙིང་ཁར་ཁྲོ་ཕུར་གཅིག་བརྡབས་ནས་ཕྱི་མའི་འཇིག་རྟེན་ལ་མངགས། ཕྱིས་སུ་གླིང་གེ་སར་རྒྱལ་པོས་སྟོབས་ཆེན་གླང་བོ་ཁྲ་འབར་དེའི་རྣམ་ཤེས་གཞི་བདག་གི་གྲས་སུ་མངགས་ནས་བཀྲ་ཤིས་ལྷ་རི་ཞེས་པའི་རི་འདིར་གནས་སུ་བཅུག་ཅིང་། མཚན་ལ་སྟོབས་ཆེན་ནོར་བུ་དགྲ་འདུལ་ཚེས་གསོལ་དོན་ཡང་སྟོབས་ཆེན་གླང་བོ་ཁྲ་འབར་གྱི་རྣམ་ཤེས་གཞི་བདག་གི་གྲས་བཀོད་པའི་ཆ་ནས་བཏགས་པ་ཡིན་ཞེས་བཤད་དོ། །

ཨ་མ་ཀླུ་མོ།
གནས་རི་འདི་ནི་གུང་ཧོ་རྫོང་(གསེར་ཆེན་རྫོང་)རྒྱ་ར་སྡེ་བ་ནས་ནུབ་བྱང་དུ་སྤྱི་ལེ་བཅུ་གཉིས་ལྷག་གི་བར་མཚམས་སུ་ཡོད་པའི་བྲག་ཀླུ་མོ་ཟེར་བ་དེ་ཡིན། བྲག་ཀླུ་མོའི་ཁོར་ཡུག་ཀུན་ཏུ་ཤུག་པ་དང་གསོམ་སྡོང་གིས་ཁེངས་ཤིང་། གཏེར་འདོན་ཚན་རིག་པས་བྲག་རི་འདི་རྡོ་ཀ་མ་རུ་ལས་གྲུབ་ཡོད་སྐད། བྲག་ཀླུ་མོའི་སྟོད་ན་མཛོད་བདག་གཏེར་རྫ་དང་། མདུན་ཕྱོགས་སུ་སྟོབས་ཆེན་ནོར་བུ་དགྲ་འདུག་ཞེས་པའི་གཞི་བདག་བཞུགས།
ངག་རྒྱུན་དང་པོ། <<ཆབ་འགག་ལོ་རྒྱུས>>ལྟར་ན། སྐྱབས་གནས་བྲག་ཀླུ་མོ་ལ་མཆོད་བཀུར་བྱས་ན་ལོ་ལེགས་བདེ་སྐྱིད་འབྱུང་ཞིང་། འདིའི་ཁོར་ཡུག་གི་རི་ཆུ་ལ་གནོད་པ་བྱས་ན་ཆུ་དགྲ་དང་མེ་དགྲ་སོགས་འབྱུང་བར་བཤད། དཔེར་ན། སྐྱེས་པ་ཞིག་གིས་བྲག་ཀླུ་མོ་སྐེད་ཀྱི་ཤུག་སྡོང་ཁེར་སྐྱེས་ཤིག་འདུག་པ་བཅད་པས་ཉིན་ཞག་གཅིག་ཙམ་མ་འདས་པར་ཐོག་མདའ་འཕངས་ནས་དེ་ཚང་གི་མཁར་ནང་གི་དར་ཤིང་གཉིས་སུ་གཤགས་ཤིང་མི་ཤི་རྟ་འགྱེལ་གྱི་རྐྱེན་ངན་བྱུང་བ་དང་། ཆབ་ཆར་ཆུ་ལོག་བྱུང་བའང་བྲག་སྲས་མོ་སྐུ་ཁྲོས་པ་ལས་བྱུང་བ་ཡིན་ཟེར།
སྔོན་འགོག་གླིང་བར་བ་མི་བསད་རྟ་དེད་ཀྱི་གྱོད་གཞི་ལངས་ཏེ་ཕན་ཚུན་གྱི་དམག་རྟ་ཁྲི་སྟོང་མང་པོ་བསད་དེ། འགག་ཡུལ་གྱི་ཚོ་ཆེན་བཅོ་བརྒྱད་རྩ་མེད་དུ་བཏང་། གླིང་སྤྱི་དཔོན་རྒྱལ་པོའི་བུ་གླེངན་པ་ཆོས་རྒྱལ་བསད་པས་རྒྱ་ཚ་ཞལ་དཀར་གཙོ་མཛད་པའི་གླིང་གི་དཔའ་རྟུལ་ཐམས་ཅད་གྲོས་བྱས་ཏེ་གླིང་དམག་ཁྲི་ཚོ་བདུན་ཆས། མ་བཞི་དཔོན་པོ་ཁྲོ་ཐུང་གིས། རྒྱ་ཚ་ཞལ་དཀར་གྱིས་དཔུང་རོགས་འདི་འདྲ་མང་པོ་ཞིག་ཁྲིད་ནས་འགོག་ཡུལ་ལ་སོང་ན་འགོལ་ཡུལ་བཅོམ་སྟེ་ཀླུ་གཙུག་ནའི་སྲས་མོ་དེ་ཡང་ཆུང་རྒྱུད་ཚང་ལ་དབང་འགྲོ་བསམས་ནས་ལྐོག་ཏུ་མདའ་གསེར་ལྟོང་མ་ཞིག་ལ་སྔགས་བཏབ་སྟེ་སང་ཉིན་སྤྱི་དཔོན་གྱི་བུ་བསད་པའི་ཤ་ལན་ལ་འབུམ་པ་ཞལ་དཀར་གཙོ་མཛད་པའི་གླིང་དམག་ཁྲི་ཚོ་བདུན་རྒྱུག་རྒྱུ་ཡིན་པས། དོ་ནུབ་ནས་ས་བཙན་པོ་ཞིག་ཏུ་བྲོས་ན་ལེགས་ཞེ་འཕྲིན་བསྐུར། འགོག་ཡུལ་ནས་དེ་མཐོང་སྟེ་སོ་སོར་བྲོས། ལམ་ཕྱེད་ནས་ཀླུ་ཟོག་འབྲི་མོས་ཀླུ་ནོར་རྣམས་ཁུར་ནས་ཕྱིར་ལམ་དུ་འགྲོ་བ་ཀླུ་མོས་མཐོང་བ་མ་གཏོགས་གཞན་སུས་ཀྱང་མ་མཐོང་། མོས་འབྲི་རྗེས་དེད་ནས་དེང་སང་གི་བྲག་ཀླུ་མོར་བསླེབས་དུས་བཀྲེས་སྐོམ་རང་ཤུགས་སུ་སེལ་ཏེ་ཉིན་ཞག་འགར་ངལ་གསོ་མཛད། ལྟས་བཟང་སྣ་ཚོགས་ཤིག་མདུན་དུ་མངོན་ཟེར། གླིང་དམག་ཁྲི་སྟོང་མང་པོ་འགོག་ཡུལ་དུ་བསླེབས་པ་ན་མི་ཟོག་གཅིག་ཀྱང་མཐོང་རྒྱུ་མེད་པས་འགོག་ར་ལོ་སྟོན་པའི་རུ་རྗེས་སུ་བསྙེགས་ནས་བྲག་ལྟ་ན་སྡུག་པ་ཞིག་གི་མདུན་དུ་བུ་མོ་མཚར་སྡུག་ཅན་ཞིག་འདུག་པ་མཐང་། ཁྲོ་ཐུང་ལ་འདོད་ཧམ་ཆེན་པོ་སྐྱེས་ཏེ། ཡ་ཕ་རིའི་བུ་མོ་ཁྲ་རིས་མ། །ཁྱོད་ད་ནངས་ཡོང་བ་གང་ནས་ཡོང་། །ཁྱོད་ད་ནི་ཡུལ་ཁམས་གང་ལ་འགྲོ། །ཁྱོད་བུ་མོའི་ལོ་རྒྱུས་ཇི་འདྲ་ཡིན། །ཁྱོས་མ་གསང་དྲང་མོར་བཤད་ན་ལེགས། །ཞེས་བརྗོད་པ་ན། ཀླུ་མོས། ང་རང་ང་ངོ་མ་ཤེས་ན། །བག་ཆགས་སྒྲིབ་པས་མ་གོས་དུས། །སངས་རྒྱས་མཁའ་འགྲོའི་སྐྱེ་བ་ཡིན། །སྐྱེ་བ་འདི་ཡིན་ཟིན་སོ་ལ། །ས་སྐྱིད་པོ་མ་དྲོས་ཀླུ་ཡུལ་ནས། །ཀླུ་གཙུག་ན་རིན་ཆེན་སྲས་མོ་ཡིན། །སྲས་མོ་གསུམ་གྱི་ཆུང་ཤོས་ཡིན། །ཀླུ་མོ་ཡལ་ག་མཛེས་ལྡན་ཟེར། །ལྷ་ཨོ་རྒྱན་པདྨའི་དབང་ཡོན་ཡིན། །འགོག་ར་ལོ་ཚང་ལ་གནང་བ་ཡིན། །ཞེས་གསང་བ་མེད་པར་བརྗོད་དེ། ཀླུ་མོས་ཀྱང་འབྲི་གར་སོང་གི་རྗེས་སུ་འགྲོ་རྩིས་བྱེད་པའི་སྐབས་སུ་སྤྱི་དཔོན་གྱིས་ན་རེ། གླིང་དཀར་ཇག་དོན་འགྲུབ་ནས་བྱུང་། རྟིང་མ་འདི་ལྷག་འོང་རྒྱུ་མེད། ད་གླིང་དཀར་སྟོད་དུ་འགྲོ་བར་གྱིས། ཞེས་གསུངས།
ཁྲོ་ཐུང་དཔོན་པོ་ཁོང་ཁྲོ་ལངས་ཏེ་བུ་མོ་འདི་རྟིང་མ་མིན། ས་སྟོང་དུ་རྙེད་པ་ལ་རྟིང་མར་བརྩི་བའི་སྲོལ་མེད། ཡིན་ནའང་་ཀླུ་མོ་འདི་དེ་རིང་ང་རང་གིས་དང་པོར་མཐོང་བས། ང་ལ་མི་དབང་སུར་དབང་ཞེས་བརྗོད་པ་ལ། །སྤྱི་དཔོན་རྒྱལ་པོས། ཀླུ་མོ་དང་འབྲི་མོ་གཉིས་ཨ་ཁུ་སེང་བློན་ལ་མོ་ཡོན་དུ་སྤྲོད་པ་མ་གཏོགས་གླིང་གི་དབང་ཆེན་སུར་ཡང་མི་དབང་ཞེས་བཀའ་གནང་། གླིང་གི་ཕུ་ནུ་ཐམས་ཅད་མགྲིན་གཅིག་ཏུ་སྤྱི་དཔོན་གྱི་གསུང་ལ་ཞལ་མཐུན་པས་ཁྲོ་ཐུང་ལ་ཐབས་མ་བྱུང་། ཀླུ་མོ་རྟ་ཞིག་བསྐྱོན་ནས་ཕྱིར་གླིང་དཀར་སྟོད་དུ་འབྱོར་ཏེ་གླིང་སྟོད་སྨད་བར་གསུམ་གྱི་ཉིན་ཞག་བདུན་ལ་དགའ་སྟོན་རྒྱ་ཆེན་པོ་བྱས་ཏེ་སེང་བློན་དང་ཀླུ་མོ་གཉེན་བསྡེབས། མཚན་ལ་འགོག་བཟའ་ལྷ་མོར་བཏགས་པ་ཚིག་བསྡུས་ཏེ་འགོག་མོ་ཞེས་འབོད། འགོག་བཟའ་ལྷ་མོ་འགོག་གླིང་གཡུལ་འཁྲུག་གི་སྐབས་སུ་རྒྱ་རའི་འགག་གི་བྲག་ཀླུ་མོའི་གམ་དུ་ཉིན་ཞག་མང་པོར་བཞུགས་པ་ནས་བཟུང་བྲག་དེ་ལ་བྲག་ཀླུ་མོ་ཞེས་པའི་མིང་ཐོགས་ཤིང་། དེ་ཉིད་གེ་སེར་རྒྱལ་པོའི་མ་ཡུམ་ཡིན་པའི་ཆ་ནས་ཨ་མ་ཟེར་བའི་འབོད་སྲོལ་ཀྱང་ཆགས་པ་ཡིན་ཞེས་གླེང་།

དྲག་རྩལ་རྡོ་རྗེ་ཐོག་མདའ།
འདིའི་གནས་ཡུལ་ནི་རྒྱལ་ར་ལྷ་སྡེ་དཀར་པོའི་གོང་གི་དྲག་རྩལ་རྡོ་རྗེ་ཐོག་མདའ་བྱ་བའི་ལབ་ཙེ་ཞིག་ཡོད་ས་དེ་ཡིན། ལབ་ཙེ་འདི་ནི་གཞི་བདག་གི་ཕོ་བྲང་ཡིན་པར་གྲགས། རྒྱལ་ར་གཙོས་ཡུལ་ཕྱོགས་འདིའི་མི་རྣམས་ཀྱིས་ལོ་ལྟར་མཆོད།
དྲག་རྩལ་རྡོ་རྗེ་ཐོག་མདའ་ནི་༡༥༥༩ལོ་ནས་༡༥༩༡ ལོའི་བར་ཡུལ་འདིར་དབང་སྒྱུར་བྱེད་མཁན་ཞིག་(པིན་ཐུའུ-ཨ་བརྟན་རྒྱལ་པོའི་བུ་ཡིན)ཡིན་ཞིང་། ༡༥༥༩ ལོར་མིང་རྒྱལ་རབས་ཀྱི་དམག་དཔོན་ཀྲེན་ལོ་ཟེར་བ་དེས་ཡུལ་འདིར་བཙན་འཛུལ་བྱེད་སྐབས་གྲོང་རྗེས་ཡུལ་འདིའི་གཞི་བདག་ཏུ་སྐྱེས། དེ་ནི་རྒྱལ་དབང་བསོད་ནམས་རྒྱ་མཚོ་མཆོག་གིས་སྔོན་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ཕྱག་བཏང་རྗེས་དགོན་པ་ཁོང་ལ་རེ་བཅོལ་བྱས་ཡོད་པའི་རྐྱེན་གྱིས་ཡིན་ཟེར། ཁོང་ཉིད་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་ཉེ་འཁོར་དུ་ཡུན་རིང་འགོར་རྗེས་ནུས་ལྡན་ཞིག་ཏུ་གྱུར། སྤྱི་ལོ ༡༧༢༥ ལ་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་མེ་ལྷའི་ཞལ་དུ་ཐིམ་ཡང་ཁོང་ཉིད་གནས་འདིར་འཁོར་ཞིང་བསྡད། སྤྱི་ལོ ༡༨༥༩ ལོར་ཡུལ་འདིར་མི་སྡེ་ཆགས་ཤིང་དེ་ལས་གྲུབ་མཐའ་མི་གཅིག་རེ་འགའ་ཡོད་པས་ཡུལ་འདིར་གནོད་པའི་མགོ་ཚུགས། སྐྱེས་ཆེན་དམ་པ་མང་པོས་བཀའ་བསྒོས་དམ་བཞག་བྱས་ཀྱང་ཕན་མ་ཐོགས་པར་ན་ཆ་དང་གོད་ཁ་རྒྱུན་མར་བྱུང་། ཆར་སྤྲིན་འཁྲིགས་དུས་སུ་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་དགོན་ཤུལ་ནས་གློ་བུར་དུ་རླུབ་འཚབ་དྲག་པོ་ལྡིང་སྐོར་བྱས་ཏེ་ཆར་སྤྲིན་སྐད་ཅིག་ཕྱོགས་སུ་བདས་ནས་ལོ་བསྟུད་མར་ཐན་པ་བྱུང་།
མཁན་ཆེན་གྲགས་པ་བརྩོན་འགྲུས་ཀྱི་སྐུ་ཕྲེང་གསུམ་པ་སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་རྗེ་བཙུན་འཇམ་དབྱངས་འཇིགས་མེད་ཐུབ་བསྟན་ཆོས་འབྱོར་རྒྱ་མཚོ་མཆོག་དགོན་པར་བཞུགས་སྐབས་དྲག་རྩལ་རྡོ་རྗེ་ཐོག་མདས་འཁུ་ལྡོག་ཡང་ཡང་བྱས་པས། ཕྱི་ལོ ༡༩༥༧ པའི་ཟླ་༤པའི་ཟླ་མཇུག་ཏུ་ཁོང་གིས་དགོན་གསར་གྱི་མཁན་པོ་དར་ཙེ་སོགས་གྲྭ་པ་བཅུ་གྲངས་ཤིག་གློ་བུར་དུ་རྒྱལ་རར་མངགས་ནས་སྦྱིན་སྲེག་དང་རྒྱ་རྫོང་སོགས་རིམ་གྲོ་མང་དུ་བསྒྲུབས་པར་བྱས། ལོ་དེའི་ཟླ་༥པའི་ཚེས་༥ཉིན་སྐྱབས་རྗེ་རིན་པོ་ཆེ་མཆོག་སྐུ་དངོས་སུ་ཕེབས་ནས་གཞི་བདག་འདི་ཉིད་དམ་ལ་བཏགས་ཏེ་བཀའ་བསྒོས་མཛད་ཅིང་ལབ་ཙེ་བསྟད།

གཉིས། ཚལ་རྔ་འགག་གྲོང་རྡལ།
ཨ་མྱེས་བར་དབོན། འདི་ནི་ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ་༨ཙམ་གྱི་མཚམས་སུ་ཆགས་པའི་ཨ་མྱེས་བར་དབོན་དུང་རི་དཀར་པོ་ཞེས་པའི་སྤང་རི་དེ་ཡིན་ཞིང་། བློན་པོ་གསེར་ཆེན་གྱི་རྫ་རྒྱུད་ཡིན། འདིའི་མཐོ་ཚད་ལ་མཚོ་ངོས་ལས་སྨི་༣༨༡༦ཡོད་ཅིང་། སའི་གོ་ལའི་བྱང་གི་འཕྲེད་ཚད་༣༦°༤༠་ནས་༣༦°༡༩་ཡི་མཚམས་དང་། ཤར་གྱི་གཞུང་ཚད་༡༠༠°༡༠་ནས་༡༠༠°༠༢་ཀྱི་མཚམས་ན་ཡོད།
རི་དྭགས་དང་གཅན་གཟན་གྱི་རིགས་ལ། སྤྱང་ཀི་དང་། ཝ། ཨ་བྲ། བྱི་བ། བྱི་ལོང་། སྲེ་མོང་སོགས། འདབ་ཆགས་ཀྱི་རིགས་ལ། ཁྲ། ནེ་ལེ། སྲེག་པ། གོང་མོ། ཕོ་རོག ཁྭ་ཏ། ཕུག་རོན། བྱེའུ་ཁྲ་རིལ་མ་སོགས་ཡོད། སྐྱེ་དངོས་ཀྱི་རིགས་ལ། གླང་མ། སྤེན་མ། སྤང་ཐང་གི་མེ་ཏོག་སྣ་ཚོགས། སྤང་རྩྭའི་རིགས་སྣ་ཚོགས་བཅས་ཡོད།
འདི་ནི་ལྷ་ཆེན་རྨ་རྒྱལ་སྦོམ་རའི་དབོན་པོ་སྟེ་ཚ་བོ་ཡིན་པར་གྲགས་ཤིང་སྒོ་མེ་གོང་མའི་གཞི་བདག་ཆེན་པོ་སྟོབས་ལྡན་དགྲ་འདུལ་དབང་ཕྱུག་ཁོང་གི་སྲས་ཡིན་པར་བཤད། ཨ་མྱེས་བར་དབོན་གྱི་གནས་རི་འདི་ནི་སྟོད་ཀྱི་རྨ་ཆེན་གངས་རི་དང་། སྨད་ཀྱི་སྒོ་མེ་སྤྱིའི་བླ་རི་མཐོན་པོ་ཨ་མྱེས་རྒོད་རྩེ་གཉིས་ཀྱི་བར་དུ་ཁེལ་ཡོད་པས་དབོན་ཟེས་པའི་ཡི་གེ་དེ་གཉིས་གཞི་གཅིག་ཏུ་སྦྱར་ནས་བར་དཔོན་ཞེས་ལྷ་མིང་རི་དང་རི་མིང་ལྷ་ལ་ཐོགས་པ་ཞིག་ཡིན་ཞེས་གྲགས། རི་བོ་འདིའི་ཆགས་ཚུལ་ནི་དུང་དཀར་གཡས་འཁྱིལ་ཞིག་གི་དབྱིབས་དང་ཀུན་ནས་མཚུངས་པས།སྔོན་གྱི་དམ་པ་དག་གིས་རྟེན་འབྲེལ་ཁྱད་པར་བ་ཞིག་ལ་དགོངས་ནས། བར་དབོན་དུང་རི་དཀར་པོ་ཞེས་བསྔགས་པར་བརྗོད་དོ། །

གསུམ། ཨིར་སྟི་ཡུལ་ཚོ།
དཔའ་ཐུལ་རྫ་རྒན། གནས་རི་འདི་ནི་ཨིར་སྟི་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ་༥ཙམ་གྱི་མཚམས་སུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི་༤༢༦༤ཡོད། གནས་རི་འདི་ནི་རྩེ་མོ་རྫ་དང་རི་དང་སྐེད་པ་སྤང་རི་ཡིན། སའི་གོ་སའི་བྱང་གི་འཕྲེད་ཐིག་༣༦°༣༦ནས་༣༦°༣༡་གི་མཚམས་དང་། ཤར་གྱི་གཞུང་ཚད་༡༠༠°༠༡་ནས་༡༠༠°༣༢་ཀྱི་མཚམས་ན་ཡོད། རི་དྭགས་དང་གཅན་གཟན་གྱི་རིགས་ལ། དྲེད་མོང་དང་། གླ། ཁ་ཤྭ། རྒོ་དམར། སྤྱང་ཀི། ཝ། ཤྭ་བ་དང་ཡུ་མོ། གཡི་དཀར། བྱི་བ། ཨ་བྲ། བྱི་ལོང་། སྲེ་མོང་སོགས་ཡོད། འདབ་ཆགས་ཀྱི་རིགས་ལ། རྒོད་ཐང་དཀར་ཐང་ནག གླག ཁྲ། གོ་བོ། ནེ་ལེ། ཕོ་རོག སྲེག་པ། གོང་མོ། ཕུག་རོན། བྱེའུ་སྣ་ཚོགས་བཅས་ཡོད། སྐྱེ་དངོས་ཀྱི་རིགས་ལ། ལྷ་ཤིང་ཤུག་པ། གླང་མ། སྤེན་མ། དབྱར་རྩྭ་དགུན་འབུ། ཐང་ཕྲོམ། མེ་ཏོག་སྣ་ཚོགས། རྩྭའི་རིགས་སྣ་ཚོགས་བཅས་ཡོད།
ངག་རྒྱུན་ལ། སྔོན་བློན་ཆེན་མགར་སྟོང་བཙན་གྱིས་ཡུལ་འདི་བདག་ཏུ་བཟུང་སྟེ་དུས་ཆེན་ཁྱད་པར་ཅན་ཁོང་སྐུ་འཁོར་དཔལ་ཐུལ་ཞིག་ཡིན་པར་བཤད་ཅིང་། ལ་ལས་ཡ་མ་ར་ཛ་དུང་ཕྱུར་བསགས་རྗེས་སེམས་སྲུང་མ་ཐུབ་པའི་རྣལ་འབྱོར་བ་ཞིག་ཡིན་པར་བཤད། ཡང་ལ་ལས་བློན་ཆེན་མགར་སྟོང་བཙན་གྱི་དམག་དཔོན་ཞིག་དམག་འཁྲུག་ཏུ་བགྲོངས་པའི་དབང་གིས་རི་འདིར་གནས་སྡོད་ཀྱང་ཟེར། ཕྱིས་སྐྱབས་རྗེ་སེ་རའི་མཁན་ཆེན་སྐུ་ཕྲེང་གསུམ་པ་མཆོག་གིས་དམ་ལ་བཏགས། གཞི་བདག་འདི་ནུས་རྩལ་ཆེ་ལ། དུས་རྒྱུན་སད་སེར་རླུང་འཚུབ་གཏོང་བ་ལ་ཐོགས་པ་མེད་ཅིང་རང་བྱུང་གི་གནོད་པ་གང་བྱུང་དཔལ་ཐུལ་གྱི་མཐུ་ཡིན་པར་འདོད་ཅིང་། དཔའ་རྩལ་དང་ནུས་མཐུ་ཆེ་བས་དཔའ་རྟུལ་ཐོགས་ཀྱང་ཟེར།
དུང་དཀར་དགྲ་ལྷ་དཀར་པོ། གནས་རི་འདི་ནི་ཨིར་སྟི་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ་༥ཙམ་གྱི་མཚམས་སུ་ཡོད་པའི་རྫ་རི་ཞིག་ཡིན། མཐོ་ཚད་ལ་མཚོ་ངོས་ལས་སྨི་༤༢༦༤་ཡོད། གནས་རི་འདིའི་རྩེ་མོ་རྫ་རི་དང་རྐེད་པ་སྤང་རི་ཡིན། སའི་གོ་སའི་བྱང་གི་འཕྲད་ཚད་༣༦།༣༦་ནས་༣༦།༣༡་གི་མཚམས་དང་། ཤར་གྱི་གཞུང་ཚད་ལ་༡༠༠།༠༩ནས་༡༠༠།༣༢་ཀྱི་མཚམས་ན་ཡོད། རི་དྭགས་དང་གཅན་གཟན་གྱི་རིགས་ལ། གླ་དང་། ཁ་ཤ། སྤྱང་ཀི། ཝ། ཤ་བ་དང་ཡུ་མོ། གཡི་དཀར། བྱི་བ། ཨ་བྲ། བྱི་ལོང་། སྲེ་མོང་སོགས་ཡོད། འདབ་ཆགས་ཀྱི་རིགས་ལ། རྒོད་ཐང་དཀར་དང་ཐང་ནག གླག ཁྲ། གོ་བོ། ནེ་ལེ། ཕོ་རོག སྲེག་པ། གོང་མོ། ཕུག་རོན། བྱེའུ་སྣ་ཚོགས་བཅས་ཡོད། སྐྱེ་དངོས་ཀྱི་རིགས་ལ། ཐང་ཕྲོམ་དང་མེ་ཏོག་སྣ་ཚོགས། རྩྭའི་རིགས་སྣ་ཚོགས་བཅས་ཡོད།

བཀྲ་ཤིས་དེའུ་ཡག གནས་རི་འདི་ཨིར་སྟི་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ་༣༠་ཙམ་གྱི་མཚམས་སུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི་༤༢༦༤ ཡོད། གནས་རི་འདིའི་རྩེ་མོ་རྫ་རི་དང་རྐེད་པ་སྤང་རི་ཡིན། སའི་གོ་ལའི་བྱང་གི་འཕྲེད་ཚད་༣༦།༣༦་ནས་༣༦།༣༡་གི་མཚམས་དང་ཤར་གྱི་གཞུང་ཚད་༡༠༠།༠༩་ནས་༡༠༠།༣༢་ཀྱི་མཚམས་ན་ཡོད། གླ་དང་། སྤྱང་ཀི། ཝ། ཤ་བ་དང་ཡུ་མོ། གཡི་དཀར། བྱི་བ། ཨ་བྲ། བྱི་ལོང་། སྲེ་མོང་སོགས་ཡོད། འདབ་ཆགས་ཀྱི་རིགས་ལ། རྒོད་ཐང་དཀར་དང་ཐང་ནག གླག ཁྲ། གོ་བོ། ནེ་ལེ། ཕོ་རོག སྲེག་པ། གོང་མོ། ཕུག་རོན། བྱེའུ་སྣ་ཚོགས་བཅས་ཡོད། སྐྱེ་དངོས་ཀྱི་རིགས་ལ། ཐང་ཕྲོམ་དང་མེ་ཏོག་སྣ་ཚོགས། རྩྭའི་རིགས་སྣ་ཚོགས་བཅས་ཡོད།

རྨ་བློན་གཏུམ་པོ་འཕྲོག་བྱེད།
གནས་རི་འདི་ནི་ཨིར་སྟི་ཡུལ་ཚོའི་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་༣་ཙམ་གྱི་མཚམས་སུ་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི་༤༠༠༠ཡས་མས་ཡོད་ཅིང་རྫ་སྤང་འདྲེས་མའི་རི་ཞིག་ཡིན། སའི་གོ་ལའི་བྱང་གི་འཕྲེད་ཚད་༣༦།༣༦་ནས་༣༦།༣༡་གི་མཚམས་དང་། ཤར་གྱི་གཞུང་ཚད་༡༠༠།༠༩་ནས་༡༠༠།༣༢་ཀྱི་མཚམས་ན་ཡོད། གླ་དང་། ཁ་ཤ། རྒོ་དམར། སྤྱང་ཀི། ཝ། ཤ་བ་དང་ཡུ་མོ། གཡི་དཀར། བྱི་བ། ཨ་བྲ། བྱི་ལོང་། སྲེ་མོང་སོགས་ཡོད། འདབ་ཆགས་ཀྱི་རིགས་ལ། རྒོད་ཐང་དཀར་དང་ཐང་ནག གླག ཁྲ། གོ་བོ། ནེ་ལེ། ཕོ་རོག སྲེག་པ། གོང་མོ། ཕུག་རོན། བྱེའུ་སྣ་ཚོགས་བཅས་ཡོད། སྐྱེ་དངོས་ཀྱི་རིགས་ལ། གླང་མ། སྤེན་མ། དབྱར་རྩྭ་དགུན་འབུ། ཐང་ཕྲོམ། མེ་ཏོག་སྣ་ཚོགས། རྩྭའི་རིགས་སྣ་ཚོགས་བཅས་ཡོད།
འདི་ཉིད་ཨ་མྱེས་རྨ་ཆེན་གྱི་བློན་པོ་ཞིག་ཡིན་པར་བཤད་ཅིང་། རྟ་ངང་པར་བཅིབས་ཤིང་ཕྱག་གཡས་པས་མདུང་རིང་ཐོགས་པ་དང་། ཁྲབ་རྨོག་འཁོར་གསུམ་སྤས་པ་ཞིག་ཡིན།
ཆོས་ཙ་སྡེ་བས་གཞི་བདག་བཀུར་ཅིང་༢༠༠༧ལོར་ཐར་ཤུལ་དགོན་པའི་སོ་མའི་སྤྲུལ་སྐུ་ཡེ་ཤེས་དབང་ཕྱུག་སོགས་ཀྱིས་ལབ་ཙེ་བསྟད། ད་ལྟ་ལོ་རེ་བཞིན་ཟླ་༥་པའི་ཚེས་༡༥་ཉིན་ཆོས་ཙ་སྡེ་བས་བསྟོད་ཀྱིན་འདུག་པ་བཅས་སོ།

About རྩོམ་སྒྲིག་པ།