རྟ་ནི་བོད་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་། འབྲོག་པ་མང་ཚོགས་ནི་རྟ་ཐོག་ནས་འཚར་ལོངས་བྱུང་ཞིང་རྟ་ཕོའི་བང་རྩལ་ལ་འགྲོས་ཏེ་སྤོབས་པའི་རུ་དར་བསྒྲེངས་ནས་དྲང་བོའི་ལས་ཤ་སྟག་ལ་གཞོལ་མཁན་ཞིག་ཡིན། རྟ་ལ་དགའ་ཞིང་རྟ་ལ་མོས་པ་མ་ཟད། རྟ་ཡི་ལེགས་ཉེས་བླང་དོར་དེ་མི་སོ་སོའི་ལོ་ཁམས་ལ་མཐུན་པའི་ཞོན་རྟའི་སྤུ་མདོག་སོགས་རང་གི་ཁ་ལས་རླུང་རྟ་དང་འབྲེལ་ཡོད་པར་སེམས་ཕྱིར་ཐོན་སྐྱེད་འཚོ་བའི་ཁྲོད་དུ་རྟ་ཡི་དཔྱད་པ་དང་བཤད་པ་སོགས་བྱུང་བ་རེད།
རྟ་བཤད་རྟ་མགྲིན་རང་འཁོར།
རྟ་འདོ་བ་ཞིག་ལ་བཟང་དགུ་འཛོམས།།
བྱ་བྲང་ཁྱུང་སྐེ་ཡུ་མོའི་མགོ།།
སྟོད་ཀྱི་བཟང་གསུམ་དེ་ན་ཡོད།།
ཤྭ་སྤུ་གླང་གྲོད་ཉ་མོའི་རྒྱབ།།
སྐེད་ཀྱི་བཟང་གསུམ་དེ་ན་ཡོད།།
བ་རྔ་ཀ་སྒྱིད་དགོ་བའི་དྲུག།
སྨད་ཀྱི་བཟང་གསུམ་དེ་ན་ཡོད།།
རྟ་འདོ་བ་ཞིག་ལ་འདྲ་དགུ་ཚང་།།
རྣ་རྩེ་རྒོད་ཀྱི་ཐོའུ་ཕྲན་འདྲ།།
ཐོད་པ་མེ་ལོང་ཕྱིས་པ་འདྲ།།
ཞེ་སྡང་སྦྲུལ་གྱི་མིག་རྩ་འདྲ།།
སྣ་ཁུང་རྣོ་ཡི་སྦུ་གུ་འདྲ།།
སུག་བཞི་བཟའ་སྙུག་ཕྲ་མོ་འདྲ།།
རྨིག་བཞི་བ་རུ་ཁ་བསྒོར་འདྲ།།
གོམ་ལག་སྐྱི་བསེར་རླུང་དང་འདྲ།།
མཇུག་མ་དར་དཀར་ཕྱར་བ་འདྲ།།
སྤུ་མདོག་གྲ་ཁ་སྲམ་ནས་འདྲ།།
རྟ་འདོ་བ་ཞིག་ལ་རྩེད་གསུམ་ཚང་།།
མགོ་བོའི་སྟེང་ནས་རྣ་ཅོག་རྩེད།།
གདོང་བའི་སྟེང་ནས་མིག་གཉིས་རྩེད།།
དྲུག་མདོའི་སྟེང་ནས་མཇུག་མ་རྩེད།།
སྟོད་ལྷུ་དྲུག་འཐེན་ཐག་ཟེ་ན་ཡོད།།
གླ་དར་མ་བཞིན་དུ་རི་ལ་འགོ།
ལ་གཟར་མོར་འགོས་ན་སྐྱིད་ཅིག་ཡོད།།
རྒྱབ་སྒལ་ཚིགས་འདེམས་ཤེད་དྲུག་ན་ཡོད།།
དྲུག་དགོ་བ་བཞིན་དུ་ལོག་སེ་ཡོད།།
དགོ་སྨུག་རིལ་བཞིན་དུ་ཐང་ཆེན་འགྲིམས།།
ཐང་སྤང་དཀར་འགྲིམ་ན་སྐྱིད་ཅིག་ཡོད།།
སྨད་ལྷུ་དྲུག་འཐེན་ཐག་ཉྭ་ན་ཡོད།།
ཉྭ་རྒྱ་ཟོར་འདྲ་བར་གུག་སེ་ཡོད།།
རྐྱང་དར་མ་བཞིན་དུ་རི་རྩར་འགྲིམས།།
ལ་གཟར་མོར་འབབ་ན་སྐྱིད་ཅིག་ཡོད།།
རྟ་མགོ་ཡིད་བཞིན་ནོར་བུ་ལ།།
ཤྭ་བ་ཡུ་མོའི་རྣ་ཅོག་དགོས།།
རྟ་རྨིག་བ་རུ་གོར་མོ་ལ།།
ཚེས་སྤྲིན་ར་མའི་མན་ཚར་དགོས།།
སྣ་ཁུང་ཟངས་སྦུག་ཉིས་གཤིབ་ལ།།
སྣ་སྦྲིད་འབྲུག་སྒྲ་ལྡིར་བ་དགོས།།
རི་དྭགས་རྒོད་པོའི་རྫི་བག་དགོས།།
སྨུག་ཆུང་དྲེལ་གྱི་གཡུང་ལྷོད་དགོས།།
སྒལ་བ་འདེམས་ཤིང་རིང་མོ་ལ།།
གསེར་མིག་ཉ་མོའི་ལྟོ་བ་དགོས།།
ཁྲུང་ཁྲུང་དཀར་མོའི་སྐེ་ཚིགས་ལ།།
རྔོག་མ་ལྷོ་སྤྲིན་འཐིབས་འདྲ་དགོས།།
འདབ་ཆགས་བྱ་ཡི་བང་རྩལ་ལ།།
རོག་མོ་གླག་གི་ལྡེམ་མྱུར་དགོས།།
གཡང་དཀར་ལུག་གི་འགྲམ་པ་ལ།།
ཙི་ཙི་ར་མའི་གདོང་བ་དགོས།།
རྩིབས་ཆེན་གུར་ཆེན་ཕུབ་འདྲ་དགོས།།
རྩིབས་ཆུང་གུར་ཆེན་ཕུབ་འདྲ་དགོས།།
དང་བར་རྒྱ་སྒོ་ཕྱེས་འདྲ་དགོས།།
ཟེ་སྟོད་ལབ་ཙེ་བསྟད་འདྲ་དགོས།།
ཁོད་སྟོད་སེང་གི་འགྱིང་འདྲ་དགོས།།
ཁོག་སྨད་ཁྱི་རོ་དྲུད་འདྲ་དགོས།།
ཡ་ཁ་པོ་ཏི་བཞུགས་འདྲ་དགོས།།
མ་ཁ་ཆོས་ཁྲི་བརྩིགས་འདྲ་དགོས།།
རྣ་སྐེད་ཇག་པའི་སྐུང་ལུང་དགོས།།
རྣ་མགོ་བདུད་ཀྱི་སོ་བ་དགོས།།
དགུ་རུ་རྒོད་པོ་དང་ཞེང་ཅན།།
དགོ་སྐྱ་ཁ་ནས་བུད་འདྲའི་གཟུགས།།
བྱ་ད་ནངས་བདའ་ན་དོ་དགོང་ཟིན།།
དགུ་རུ་ཕག་མོ་ས་མྱུལ་མ།།
འདུག་རོགས་གྲམ་ཁའི་རྡོ་ལས་མེད།།
འདོ་དར་དཀར་གུང་ལ་འཕྱར་བའི་གཟུགས།།
ཕོ་གཟུ་བོས་སྡེ་མཐའ་འགྲིམས་ཉིན་མཁོ།།
མོ་གཟུ་མོས་ཐོད་རྫི་བྱེད་ཉིན་མཁོ།།
འདོ་ཆེན་གངས་ལ་ཉི་ཤར་དེ།།
ཕ་མའི་དྲིན་ལན་གསོད་ཉིན་མཁོ།།
འདོ་ཆུང་ལྕགས་ཀྱི་སྦུ་གུ་དེ།།
གཅེས་ཕྲུག་ས་མཐར་འཁྱམས་ཉིན་མཁོ།།
བརྒྱ་འཇམ་འུག་པ་འབའ་མོ་འདི།།
དམག་བརྒྱ་ཡིས་བདའ་ན་མི་ཟིན་གི།
སྟོང་འཇམ་གུག་གི་རོག་ཙོག་འདི།།
དམག་སྟོང་གིས་བདའ་ན་མི་ཟིན་གི།
རྟ་འདོ་བ་ཞིག་ལ་ལྷ་གསུམ་འཁོར།།
མགོ་བོའི་སྟེང་ན་ཕོ་ལྷ་བཞུགས།།
སྒལ་བའི་སྟེང་ན་དགྲ་ལྷ་བཞུགས།།
སུག་བཞིའི་སྟེང་ན་རླུང་ལྷ་བཞུགས།།
རྟ་མགོ་སྟོད་ལ་བཏེགས་པ་དེ།།
ཕ་ཨ་ཁུའི་དབུ་འཕངས་མཐོ་བའི་རྟགས།།
རྔོག་མ་རྫུབ་ཅིང་རིང་བ་དེ།།
བུ་ཚ་བོའི་འདབ་ལག་རྒྱས་པའི་རྟགས།།
ལག་རྨིག་ནང་ལ་འཁོར་བ་དེ།།
ནང་ཕུ་ནུའི་གྲོས་ཁ་མཐུན་པའི་རྟགས།།
རྐང་རྨིག་ཕྱི་ལ་འཁོར་བ་དེ།།
དགྲ་ཁ་ཕྱི་ལ་བསྐོར་བའི་རྟགས།།
རྟ་རྔ་རྒྱ་དར་རིང་མོ་དེ།།
ཕྱུགས་གཡང་ལའི་འཕེལ་ཁ་དར་བའི་རྟགས།།
རྟ་འདོ་བ་ཞིག་ལ་གཡང་གསུམ་ཡོད།།
བུ་ཚ་བོ་སྐྱེ་བའི་བུ་གཡང་ཡོད།།
མ་སྲུ་མོའི་ལག་གི་ཟས་གཡང་ཡོད།།
ཕྱུགས་སྒོ་ཟོག་འཕེལ་བའི་ཕྱྭ་གཡང་ཡོད།།
གཡང་འདི་གསུམ་འཛོམས་པའི་བཀྲ་ཤིས་ཤོག།