ལ་རྩེ་འམ་དཔའ་མཁར་བསྟོད་པ།

ལབ་ཙེའམ་ལ་རྩེ་ཡང་ན་དཔའ་མཁར་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་སྲོལ་རང་བཞིན་ཞིག་ཡིན་པ་མ་ཟད། ལོ་རྒྱུས་འཕེལ་རིམ་དང་དམག་འཐབ་ཀྱི་རྒྱལ་ཕམ་སོགས་ལའང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད་ལ་དེ་བས་ཀྱང་རིགས་རུས་ཐད་ལ་དམིགས་བསལ་གྱི་འབྲེལ་བ་དམ་པོ་ཡོད་པ་ཞིག་ཀྱང་རེད། སྤྱིར་ལབ་ཙེའམ་དཔའ་མཁར་ནི་བོད་ཡུལ་དབུས་དང་དེ་བཞིན་དུ་མཐའ་མཚམས་ཁུལ་དུ་གནས་པའི་རུ་སྡེ་དག་གིས་སྔོན་དང་པོའི་དུས་ནས་རི་མཐོན་པོ་དག་གི་རྩེ་མོ་རུ་ལབ་ཙེའམ་དཔའ་མཁར་རྩིག་སྲོལ་ཡོད་པས།

དེང་གི་དུས་སུའང་བོད་ཀྱི་ཡུལ་ལུང་སོ་སོ་ན་ལབ་ཙེ་བགྲང་གིས་མི་ལང་པ་ཡོད་པ་རེད། ལབ་ཙེ་ཞེས་པའི་ཙེ་ནི་ཞང་ཞུང་གི་སྐད་དེ་སྣོད་དང་། ཕོ་བྲང་ངམ། མཁར་སོགས་རྟེན་གཞིའམ་འདུག་སར་གོ་བ་ཞིག་ཡིན་ལ། ལབ་ཙེ་ལ་དབྱེ་ན་ཀྱེ་ཏུ་དང་། ལབ་ཙེ། དཔའ་མཁར་བཅས་རིགས་གསུམ་ཡོད་ཅིང་། རི་ཡི་མགོ་ནས་བརྩིགས་ན་ཀྱེ་ཏུ་དང་། རི་སྐེད་ནས་བརྩིགས་ན་ལབ་ཙེ། མདོ་ནས་བརྩིགས་ན་དཔའ་མཁར་ཟེར་བའི་སྲོལ་ཡང་ཡོད། དེའི་མཚོན་བྱེད་ནི་བོད་ཀྱི་ཡབ་མེས་རྣམས་ཀྱི་སྐབས་ཕ་རོལ་པོའི་དགྲ་ལ་འཐབ་ཏེ་རྣམ་པར་རྒྱལ་རྗེས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལས་དོན་ལ་གཅེས་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་རྒྱལ་གཅེས་བསམ་བློའམ་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་། ཁོང་ཚོ་སྐྱེ་བ་རྗེས་མར་ཡང་རྒྱལ་ཁབ་དང་མི་རིགས་ལ་མཐུན་རྐྱེན་དང་གདོང་གྲོགས་མཛད་པས་ལྷ་ལ་བཀུར་ནས། མདའ་གྲི་མདུང་གསུམ་གྱི་རྫོངས་པ་མང་པོ་བྱིན་ཏེ་རི་བོ་མཐོན་པོ་དང་། ཉག་ག་ཁིས་ཁ། འགག་འཕྲང་དོག་མོ་སོགས་སུ་དཔའ་བོའི་བཙན་རྫོང་གི་ཚུལ་དུ་ཕོན་པོར་སྤུངས་པ་དང་། རི་དེ་ལ་གནས་ཤིང་ཡུལ་དེ་ལ་ཕན་པའི་གྲོགས་མཛད་པའི་ཡུལ་ལྷ་གཞི་བདག་ཏུ་བསྐོས་ནས་མཐའ་མཚམས་དང་ཡུལ་ལུང་སྲུང་བའི་ཡབ་མེས་སུ་འབོད། ཡུལ་མདོ་སྨད་ས་ཆར་ཆ་བཞག་ནས་བཤད་ན་ལབ་རྩེ་ཡོད་སར་ཕལ་ཆེར་ཨ་མྱེས་རེ་བཞུགས་ཡོད་ངེས། དེ་བཞིན་དུ་བོད་ཁམས་ཀྱི་ཡུལ་ལུང་སོ་སོ་ནས་རང་ཉིད་ཀྱི་སྐྱེས་ལྷའམ་སྐྱེས་ཁུངས་རིགས་རུས་སོགས་ཀྱང་ལབ་རྩེ་དང་འབྲེལ་བ་དམ་དུ་སྦྲེལ་ཡོད། སྐྱེས་ལྷ་ཞེས་པ་ནི་སོ་སོའི་རུས་ཁུངས་གང་ཡིན་ཐད་ཀྱི་ཡབ་མེས་ཀྱི་སྐྱེས་ཆེན་དམ་པ་གང་ཞིག་གི་མིང་ཡིན་པ་ནི་བོད་རིགས་མི་དམངས་ཚོས་དེ་དག་ལ་ཨ་མྱེས་ཅེས་འབོད་པའི་གནའ་བོའི་བོད་ཀྱི་བརྡ་རྙིང་བ་འདིས་གསལ་བོར་བསྟན་ཡོད། ལབ་རྩེ་སྟོད་པའི་སྐབས་སུ་དང་པོ་ཡབ་མེས་གང་གནས་སའི་ཡུལ་ལུང་དེའི་སར་གུར་སོགས་མགོ་སྦྲ་ཕུབ་ནས་མི་མང་པོ་མཉམ་འཛོམས་ཀྱིས་ཆོས་ཕྱོགས་ཀྱི་ཆོ་ག་སྒྲུབ་པ་དང་། རིམ་པའི་ལབ་རྩེ་སྟོད་སའི་ས་ཆ་གཏན་ཁེལ་རྗེས་ཕོ་བྲང་གཤོང་བ་དང་། དེའི་ནང་དུ་རིན་པོ་ཆེ་སྣ་མང་རྫ་མ་སོགས་སུ་བཅུག་ནས་འཇོག་པ། བལ་དང་ཤུག་པ་འོམ་བུ། ཉ་རུག་ཞེས་པའི་ཤིང་སྣ་མང་པོའི་བཏུམས་པ་དང་། སྟེང་དུ་རྡོ་ཡི་ཁྲི་བརྩིགས་རྗེས་ལྕགས་དང་ཤིང་སོགས་ཀྱིས་བཟོས་པའི་མདའ་གྲི་མདུང་གསུམ་ཕོན་པོར་སྤུངས་བ་དང་ཤིང་སྣ་མང་པོས་བཏུམས་ནས་ལུག་བལ་དཀར་པོའི་རྨི་ཐག་གིས་ཡོངས་སུ་དཀྲིས་ཡོད་པ་ཞིག་རེད། ལབ་རྩེ་ཆེ་ཆུང་མ་བུ་བཅུ་གསུམ་དང་བཅུ་བཞི་སོགས་བན་བོན་ལུགས་སུ་ཅུང་མ་འདྲ་བ་ ཡོད། བན་ལུགས་སུ་མ་བུ་བཅུ་གསུམ་དང་བོན་ལུགས་སུ་མ་བུ་བཅུ་གསུམ་མམ་བཅུ་བཞི་གང་རུང་སྤུངས་སྲོལ་ཡོད་པ་ཞིག་རེད། ལབ་རྩེ་ཡི་ཁྲི་རྩིག་བྱེད་ནི་ཡུལ་ལུང་གང་དེའི་རང་བྱུང་རྡོའི་རིགས་ཀྱིས་བཟོས་པ་ཞིག་ཡིན་ལ་དེ་ཡང་བོད་ཀྱི་ཁང་ཁྱིམ་བཟོ་བསྐྲུན་གྱི་རྩིག་རྒྱག་སྟངས་དང་གཉིས་སུ་མེད་པ་ཞིག་རེད། དཔེར་ན་གྲུ་རྡོ་དང་སྟེང་རྡོ། ཕོ་འཇོག་མོ་འཇོག ངོས་ལེགས་ཤོམས་འཇོག རྟ་རྨིག་དང་ཆུ་འཐུང་སོགས་ཀྱི་འཇོག་སྟངས་དང་། ཇ་ལ་ཁ་འཁྱིལ། ཧྲ་ཧྲུག་དང་ཁོག་རྡོ་ངོ་རྡོ་སོགས་འཇོག་སྟངས་སོགས་བོད་ཀྱི་སྲོལ་རྒྱུན་རིག་ དངོས་སླད་མེད་པ་གང་མང་ཞིག་མ་ཉམས་པར་ད་དུང་ཡང་གསོན་པོར་གནས་ཡོད།

About ལས་འབྱེད།