༄༅།། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་གནང་བའི་ལྕགས་མོ་གླང་ལོའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་རྟེན་འབྲེལ་མཛད་སྒོའི་ཐོག་བསྩལ་པའི་གསུང་བཤད།

 

(ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༢ ཚེས་ ༡༢ ཉིན།)

༄༅།། བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་མོ་གླང་གི་ལོའི་གནམ་ལོ་གསར་ཚེས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ངས་ལོ་སར་གྱི་སྨོན་ཚིག་མང་པོ་ཞུ་དགོས་པའི་རྒྱུ་མཚན་མི་འདུག ཁ་སང་༸རྒྱལ་བ་རིན་པོ་ཆེས་བོད་ཕྱི་ནང་གི་བོད་རིགས་མང་ཚོགས་ཀྱིས་གཙོས་པའི་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པའི་ལོ་སར་གྱི་སྨོན་ཚིག་གནང་བ་དེ་རྣམ་པ་ཚོས་གསན་ནས་ནང་དོན་ཤེས་ཀྱི་ཡོད་པ་ཡིན་དུས། སྨོན་ཚིག་གནང་བ་ནང་བཞིན་ང་ཚོ་སོ་སོའི་ངོས་ནས་ལག་ལེན་དུ་བསྟར་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད་པ་རེད། ང་ཚོས་ལོ་གསར་པ་འདིའི་ལོ་འགོ་ནས་བཟུང་སྟེ་༸རྒྱལ་བ་རིན་པོ་ཆེས་གང་གསུངས་པ་དེ་རང་རང་གིས་ནུས་ཚོད་ཀྱིས་ལག་ལེན་དུ་བསྟར་རྒྱུ་ཡིན་བསམ་པའི་དམ་བཅའ་འབུལ་དགོས་པ་འདི་གལ་ཆེན་པོ་རེད། ལྷག་པར་དུ་དེ་རིང་འདིར་བོད་རིགས་མང་པོ་ཞིག་ལྷན་ཅིག་ཏུ་འཛོམས་ཡོད་པ་འདི་བོད་རང་གི་ས་ཐོག་ཏུ་མ་ཡིན་པར་ལུང་པ་གཞན་པ་ཞིག་གི་ནང་དུ་འཛོམས་ཡོད་པ་ཡིན་དུས། གཅིག་ལ་གཉིས་བརྒྱུད་བྱས་ཏེ་༸རྒྱལ་བ་རིན་པོ་ཆེར་དགོངས་གཞི་གང་ཡོད་པ་དེ་ཇི་ལྟ་བ་བཞིན་དུ་ཆ་ཚང་བ་ཞིག་མི་རིགས་གཞན་དག་གི་མང་ཚོགས་ལ་གོ་རྟོགས་སྤེལ་བའི་ཐབས་ཤེས་གནང་དགོས།
༸རྒྱལ་བ་རིན་པོ་ཆེས་བོད་མི་རིགས་ཙམ་མིན་པར་འཛམ་གླིང་སྤྱིའི་བདེ་སྡུག་ལ་འཕོ་འགྱུར་གཏོང་ཐུབ་པའི་རླབས་ཆེན་གྱི་མཛད་འགན་ནམ་ཐུགས་སྐྱེད་དམ་བཅའ་ཆེན་པོ་བཞིའི་མཛད་འགན་བཞེས་བཞིན་ཡོད་དུས། ང་ཚོ་ཡོངས་རྫོགས་༸རྒྱལ་བ་རིན་པོ་ཆེའི་རྗེས་འཇུག་གི་སློབ་མ་ཞིག་ཡིན་པའི་ཆ་ནས་ཆར་པ་ཆུ་གྲོགས་ཀྱི་དཔེ་ལྟར། ༸རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་དགོངས་པ་འདི་དག་མངོན་འགྱུར་ཡོང་བར་འགན་བླངས་པའི་སྒོ་ནས་ཤུགས་བརྒྱག་དགོས། ང་ལྟ་བུར་མཚོན་ན་ད་ལོ་ལོ་བརྒྱད་ཅུ་ཐམ་པ་ཡིན། རང་ལོ་བཅུ་དྲུག་ཐོག་༸རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ལ་ཐོག་མར་བཅར་བ་ཡིན། རང་ལོ་བཅོ་བརྒྱད་ཀྱི་ཐོག་༸རྒྱལ་བ་རིན་པོ་ཆེའི་ཞབས་རྗེས་སུ་འབྲངས་ནས་རྒྱ་གར་དུ་ཡོང་བ་ནས་བཟུང་ད་ལྟ་ལ་ཐུག་གི་བར་དུ་ཅི་གསུང་བཀའ་སྒྲུབ་ཞུས་ཏེ་རང་ལ་ནུས་པ་ཡོད་ཚོད་ཀྱིས་ཞབས་ཕྱི་ཧུར་ཐག་འབད་ཐག་ཞུས་པའི་ཁུལ་ཡིན་དུས། རང་ལོ་བརྒྱད་ཅུར་སོན་པ་འདི་མི་ཚེ་བཟང་མཐའ་ལ་འཁྱོལ་བ་ཞིག་བྱུང་སོང་སྙམ་པའི་དགའ་སྤོབས་སྐྱེས་ཡོང་གི་འདུག། རྣམ་པ་ཚོ་ཡོངས་རྫོགས་ཀྱིས་ཀྱང་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མཐུན་པར་བོད་སྤྱི་པའི་དོན་དག་དང་འཛམ་གླིང་སྤྱིའི་བདེ་དོན་གྱི་ཆེད་དུ་མི་ཚེ་ཧྲིལ་པོའི་རིང་འབད་བརྩོན་གནང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་དྲན་སྐུལ་གྱི་ཚུལ་དུ་ཞུ་རྒྱུ་ཡིན།
དེ་རིང་འདིར་ཕེབས་མཁན་མང་ཆེ་བ་ནི་མང་ཚོགས་ལ་ཕར་གསུང་བཤད་དང་ལམ་སྟོན་གནང་མཁན་གྱི་གྲས་ཤ་སྟག་ཡིན་དུས་རྣམ་པ་ཚོ་སོ་སོའི་ངོས་ནས་ཤུགས་བསྐྱོན་དགོས་ལ། མང་ཚོགས་ལ་གསུང་བཤད་དང་ལམ་སྟོན་གནང་བའི་སྐབས་སུ་ཡང་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཇི་ལྟ་བ་བཞིན་འགྲུབ་པའི་ཐབས་ལ་དུས་དང་རྣམ་པ་ཐམས་ཅད་དུ་འབད་བརྩོན་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།
ལོ་རྙིང་པ་འདིའི་ནང་འཛམ་གླིང་སྤྱི་ཡོངས་ལ་དཀའ་ངལ་བསམ་བརྗོད་ལས་འདས་པ་ཞིག་བྱུང་བ་དེ་དག་ལོ་གསར་པ་འདིའི་ནང་སངས་ཐུབ་པ་ཞིག་ཡོང་བར་ང་ཚོ་ཡོངས་རྫོགས་ཀྱིས་སྨོན་ལམ་བརྒྱག་དགོས་པ་འདི་གལ་ཆེན་པོ་རེད་ལ། སྨོན་ལམ་གནང་བ་དང་ཆབས་ཅིག་རང་རང་གི་ངོས་ནས་ནད་ཡམས་ངན་པ་དེ་དག་སངས་ཐུབ་པའི་ཐབས་སུ་ཐབས་ཤེས་གང་ཡོང་གནང་དགོས་པ་དེ་ཡང་གལ་ཆེན་པོ་རེད། དེ་བཞིན་དུ་དམག་འཁྲུག་གི་འཇིགས་པ་དང། མུ་གེའི་འཇིགས་པ། འབྱུང་བའི་འཇིགས་པ་སོགས་འཇིགས་པ་མང་པོ་ཞིག་འབྱུང་བཞིན་པ་འདི་དག་ལོ་གསར་པའི་ནང་དུ་ཉི་མ་ཤར་ནས་མུན་པ་སེལ་བ་བཞིན་རིམ་པས་གཞི་མེད་དུ་ཡལ་འགྲོ་བར་རྣམ་པ་ཚོས་འབད་བརྩོན་གནང་དགོས།
༸རྒྱལ་བ་རིན་པོ་ཆེས་ལོ་སར་གྱི་ལག་རྟགས་སུ་སེམས་སྐྱེད་ཀྱི་སྡོམ་པ་གནང་བ་རེད། ༸རྒྱལ་བ་རིན་པོ་ཆེས་སེམས་སྐྱེད་ཀྱི་སྡོམ་པ་གནང་བ་བཞིན་ང་ཚོ་ཡོངས་རྫོགས་ཀྱི་རྒྱུད་ལ་བྱང་སེམས་ཀྱི་སྡོམ་པ་མ་སྐྱེ་བ་སྐྱེས་པ་དང་སྐྱེས་པ་དེ་གནས་ཐུབ་པ་བྱུང་བ་ཡིན་ན། བྱང་ཆུབ་ཀྱི་སེམས་ལ་འཛམ་གླིང་སྤྱིའི་སྡུག་བསྔལ་དང་རྐྱེན་ངན་ཐམས་ཅད་སེལ་ཐུབ་པའི་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་དུས། རང་རང་གི་རྒྱུད་ལ་སེམས་སྐྱེད་ཀྱི་སྡོམ་པ་རྒྱུན་དུ་གནས་པ་དང་བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་འཕེལ་རྒྱས་ཡོང་བར་རྣམ་པ་ཚོ་ཡོངས་རྫོགས་ཀྱིས་ཤུགས་བསྐྱོན་རོགས་གནང་ཞེས་༸སྙན་སེང་ཞུ་རྒྱུ་ཡིན།
ང་ལོ་བརྒྱད་ཅུ་ཐམ་པ་ལོན་པའི་ཉིན་དང་པོའི་ལས་ཀྱི་ཐོག་མར་སྐུ་ངོ་དོན་གཅོད་ཟླ་བ་ཚེ་རིང་མཆོག་གི་ཕྱག་དེབ་ཞལ་དབྱེ་བྱ་རྒྱུ་བྱུང་བར་དགའ་བོ་བྱུང་བས་སྐུ་ངོ་དོན་གཅོད་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་སྐུ་ངོ་ཟླ་བ་ཚེ་རིང་ལགས་དང་བསོད་རྡོར་ལགས་སོགས་ཁོང་རྣམ་པ་ཚོ་ཐོག་མར་བོད་ནས་ཕེབས་པའི་སྐབས་དེར། ང་བོད་གཞུང་གི་གཞུང་ཞབས་འདེམས་བསྐོ་ལྷན་ཁང་དུ་ཡོད་པའི་སྐབས་ཡིན། བོད་གཞུང་གི་གཞུང་ཞབས་འདེམས་བསྐོ་བྱེད་སྟངས་ཀྱི་སྒྲིག་གཞི་ལྟར་ན། རྒྱ་གར་ནང་གི་སློབ་གྲྭ་ཁག་ནས་ཐོན་པའི་ལག་འཁྱེར་དང་ཤེས་ཡོན་གྱི་གནས་ཚད་གཞིར་བཞག་སྟེ་རྒྱུགས་སྤྲོད་ལེན་གྱི་ལམ་ནས་ལས་བྱེད་འདེམས་སྒྲིག་གནང་དགོས་པའི་འགྲོ་སྟངས་ཤིག་ཡོད་པ་མ་གཏོགས། བོད་ནང་ནས་གསར་དུ་འབྱོར་པའི་ཤེས་ཡོན་པའི་གྲས་ནས་གཞུང་ཞབས་འདེམས་སྟངས་ཀྱི་ལམ་སྲོལ་དང་འགྲོ་ལུགས་གང་ཡང་མེད༌དུས། བོད་ནང་ནས་ཕེབས་པའི་ཤེས་ཡོན་ཅན་དང་སེམས་ཤུགས་ཅན་མང་པོ་ཞིག་རྡ་རམ་ས་ལར་འབྱོར་བའི་སྐབས་བོད་གཞུང་གི་ནང་ལས་ཀ་ཞིག་གོ་སྒྲིག་བྱ་དགོས་པ་དེ་གལ་ཆེན་པོ་གྱུར་ཡོད་པར་བརྟེན། ཁོང་རྣམ་པ་ཚོ་གཞུང་ཞབས་ཀྱི་ཁོངས་སུ་གང་འདྲ་བྱས་ནས་འཛུད་ཐུབ་པའི་ཐད་གྲོས་བསྡུར་མང་པོ་བྱས་པའི་མཐའ་མ། ལམ་ཁ་དམིགས་བསལ་བ་ཞིག་བཟོས་ཏེ་བོད་ནས་འབྱོར་བའི་ཤེས་ཡོན་པ་དང་སེམས་ཤུགས་ཅན་མང་པོ་ཞིག་གཞུང་ཞབས་ཀྱི་ཁོངས་སུ་བསྡུས་པ་ཡིན། སྐབས་དེེར་ང་ཚོས་ལམ་ཁ་དམིགས་བསལ་བ་ཞིག་གི་ཐོག་ནས་གཞུང་ཞབས་སུ་འདེམས་པ་དང་ལས་གནས་ཐོག་བསྐོ་བཞག་བྱས་པའི་མི་སྣ་དེ་དག་གི་གྲས་ནས་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ཞབས་ཕྱི་ནུས་པ་ལྡན་པ་ཞུ་མཁན་མང་པོ་ཞིག་བྱུང་སོང། དེང་སང་ལོ་མང་པོའི་རྗེས་སུ་ད་དུང་ཡང་ཁོང་ཚོའི་གྲས་ནས་མང་པོ་ཞིག་གིས་གཞུང་གི་ལས་གནས་གནད་འགག་ཆེ་ས་མང་པོའི་ཐོག་ཕྱག་ལས་གནང་བཞིན་ཡོད་དུས། སྐབས་དེའི་ང་ཚོའི་ཐག་གཅོད་དང་ལམ་ཁ་དམིགས་བསལ་བ་ཞིག་བཟོས་པ་དེ་ལ་ནོར་འཁྲུལ་བྱུང་མི་འདུག་སྙམ་པའི་དགའ་ཚོར་ཆེན་པོ་ཡོང་གི་འདུག།གཞན་དག་ཤེས་ཡོན་ཕྲན་བུ་ཡོད་མཁན་མང་པོ་ཞིག་གིས་རྒྱ་གར་ནང་འབབ་ཚིགས་ལྟ་བུ་བྱས་ཏེ། ཕྲན་བུའི་རྐང་ཚུགས་པ་དང་རང་གི་འཚོ་བའི་དོན་དུ་ཕྱི་རྒྱལ་ཞིག་ལ་འགྲོ་བཞིན་ཡོད་ཀྱང། རྣམ་པ་ཚོས་སྐུ་ལས་བསྐྱོན་ནས་ད་ལྟའི་བར་དུ་བརྟན་པོ་བྱས་ཏེ་བོད་སྤྱི་པའི་དོན་དག་ལ་བསམ་བློ་བཏང་ནས་བཞུགས་པ་འདི་ཧ་ཅང་གི་གཟི་བརྗིད་ཆེན་པོ་ཡིན་དུས། རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལྷག་པར་དུ་སྐུ་ངོ་ཟླ་བ་ཚེ་རིང་མཆོག་གིས་ཐེ་ཝན་དོན་གཅོད་གནང་བའི་སྐབས་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དང་བོད་གཞུང་གི་སྐུ་ཚབ་ཀྱི་ཐུགས་འགན་བཞེས་དགོས་ཀྱི་ཡོད་དུས། གསུང་བཤད་ཅིག་གནང་དགོས་བྱུང་ནའང་རེད་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་སྐུ་ཚབ་ཀྱི་འགན་འཁྱེར་དགོས་པ་དང། ཕྱག་ལས་ག་རེ་གནང་བ་ཡིན་ན་ཡང་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་མཚན་མཉམ་དུ་འབྱར་ནས་ཡོད་དུས་རྒྱུན་དུ་འགན་ཁུར་ཆེན་པོ་དང་གཟབ་གཟབ་གནང་དགོས་པ་སོགས་ཀྱི་སྐུ་ངལ་ཆེན་པོ་ཡོད་ཀྱང། སྐུ་ངོ་དོན་གཅོད་ཟླ་བ་ཚེ་རིང་གིས་དོན་གཅོད་ཀྱི་ལས་ཡུན་གཉིས་པོ་འདིའི་རིང་ལབ་རྒྱུ་གླེང་རྒྱུ་མེད་པའི་ཐོག་ནས་ཕྱག་ལས་ཤིན་ཏུ་ཡག་པོ་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་བ་ཡིན།
བོད་ཀྱི་རྩ་དོན་སྒྲུབ་པའི་སྐབས་ང་ཚོའི་ཁ་གཏད་ས་ནི་རྒྱ་ནག་གཞུང་ཡིན། རྒྱ་ནག་གཞུང་དང་རྒྱ་ནག་མི་མང་གཉིས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་གང་ཡིན་པ་དེ་ཇི་ལྟ་བ་བཞིན་ངོ་སྤྲོད་གནང་དགོས་ཀྱི་ཡོད། རྒྱ་ནག་གཞུང་དང་རྒྱ་ནག་མི་མང། དེ་བཞིན་དུ་ཕྱི་ལོགས་སུ་ཡོད་པའི་རྒྱ་མི་རིགས་བཅས་ཀྱི་ནང་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་མཁན་མང་པོ་ཡོད་ནའང། བོད་ཀྱི་དངོས་ཡོད་གནས་ཚུལ་ཇི་བཞིན་མི་ཤེས་མཁན་བོད་དོན་ངོ་སྤྲོད་བྱ་དགོས་ས་ཡང་མང་པོ་ཡོད་དུས། ཁོ་ཚོ་ལ་བོད་དོན་ངོ་སྤྲོད་གནང་བའི་སྐབས་རྒྱའི་སྐད་དང་རྒྱ་ཡིག་གི་ལམ་ནས་ངོ་སྤྲོད་གནང་ཐུབ་ན་ནུས་པ་ཆེ་ཤོས་ཐོན་རྒྱུ་ཡིན་པ་སྨོས་མ་དགོས་པ་ཡིན་དུས། དེ་རིང་གི་དཔེ་དེབ་འདིའི་ནང་སྐུ་ངོ་ཟླ་བ་ཚེ་རིང་གིས་དོན་གཅོད་ཀྱི་ཕྱག་ལས་གནང་བའི་བརྒྱུད་རིམ་ནས་གཞན་ལ་བོད་དོན་ངོ་སྤྲོད་ཀྱི་གསུང་བཤད་གནང་བ་སོགས་མང་པོ་ཞིག་དཔེ་དེབ་འདིའི་ནང་བསྒྲིགས་ཡོད། དཔེ་དེབ་འདི་བརྒྱུད་ནས་བོད་ཀྱི་དངོས་ཡོད་གནས་ཚུལ་རྒྱ་ནག་གཞུང་དང་རྒྱ་རིགས་མང་ཚོགས་བཅས་ལ་ངོ་འཕྲོད་ཐུབ་པར་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་ཡོད་དུས། དཔེ་དེབ་འདི་ལྟ་བུ་རྩོམ་སྒྲིག་གནང་བར་སྐུ་ངོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྐུ་ངོ་མཆོག་རིང་མིན་ཐེ་ཝན་ནས་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་ཕྱག་ལས་གནང་དགོས་ཀྱི་ཡོད་དུས། སྐུ་ངོ་མཆོག་ལ་བོད་སྤྱི་པའི་ལས་དོན་དང་༸རྒྱལ་བ་རིན་པོ་ཆེར་ཞབས་ཕྱི་སྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ནི། འདས་པའི་ལོ་རྒྱུས་ནང་ཕྱག་ལས་རྒྱུན་རིང་གནང་བའི་འབྲས་རྟགས་ཀྱི་ཐོག་ནས་གསལ་པོ་ཤེས་ཐུབ་པ་ཞིག་ཡིན་དུས། སྔོན་མ་སོང་ཟིན་པ་ལས་མ་འོངས་པར་ད་དུང་འགྲོ་རྒྱུ་མང་བ་ཡིན་པས་ད་ཕན་ཆད་ཡིན་ནའང་༸རྒྱལ་བ་རིན་པོ་ཆེ་དང་བོད་སྤྱི་པའི་ལས་དོན་ཐོག་ཧུར་ཐག་འབད་ཐག་གནང་གི་རེད་ལ་དེ་ལྟར་གནང་དགོས་པ་དེ་གལ་ཆེན་པོ་རེད། བོད་སྤྱི་པ་ལ་ཆ་བཞག་ན་མི་ཐོག་གསར་རྙིང་བརྗེ་འགྲོ་གི་ཡོད་པ་དང། གཉིས་པ་དེ་༸རྒྱལ་བ་རིན་པོ་ཆེ་དགུང་ལོ་ལོ་རེ་བཞིན་སྐུར་བགྲེས་པོར་ཕེབས་བཞིན་ཡོད། ང་ཚོ་ཡོངས་རྫོགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱ་དང་བཅུ་གསུམ་བར་དུ་བཞུགས་པའི་རེ་བ་བརྒྱབས་ཀྱི་ཡོད་ཀྱང། ང་ཚོ་ལ་རྐྱེན་ངན་གྱི་གནས་སྟངས་ག་རེ་འཕྲད་ཀྱི་ཡོད་མེད་ཁ་ཚོན་ཆོད་པོའི་སྒོ་ནས་སུ་གང་གིས་ཀྱང་བཤད་ཐུབ་ཀྱི་མེད་དུས། བོད་མི་མང་གི་ངོས་ནས་ཡིན་ནའང་རྒྱུན་དུ་གཟབ་གཟབ་གནང་སྟེ་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་མ་དཀྲུགས་པ་དང་དགོངས་གཞི་འགྲུབ་ཐབས་ལ་ཤུགས་བསྐྱོན་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད།
ངས་སྔོན་མ་ནས་བོད་མི་མང་གིས་བོད་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་སུ་ཞིག་བདམས་པ་ཡིན་ནའང་དེའི་གཞུང་ལ་ངས་ཡིད་ཆེས་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་བཤད་ཀྱི་ཡོད། ངས་གཞུང་འཛིན་གྱི་མི་སྣ་སུ་ཞིག་ཡིན་མིན་ལ་མ་ལྟོས་པར་དེས་དབུ་ཁྲིད་པའི་གཞུང་ལ་རྒྱབ་སྐྱོར་ཞུ་དགོས་པའི་རྒྱུ་མཚན་ནི། ༸རྒྱལ་བ་རིན་པོ་ཆེས་ལོ་ངོ་བཅུ་ཕྲག་མང་པོའི་རིང་སྐུ་ལས་བསྐྱོན་ནས་བཙུགས་པའི་གཞུང་དེ་རྒྱུན་རིང་པོར་བརྟན་པོ་བྱས་ནས་གནས་ཐབས་བྱ་དགོས་པ་དེ་ང་ཚོ་ཡོངས་རྫོགས་ཀྱི་ལས་འགན་རེད། བོད་རྒྱ་ཆེའི་མི་མང་གིས་བདམས་པ་ལ་ནོར་འཁྲུལ་ཡོང་གི་མ་རེད། ༸རྒྱལ་བ་རིན་པོ་ཆེས་བོད་རྒྱ་ཆེའི་མི་མང་ལ་ཡིད་ཆེས་བློ་འགེལ་གནང་ནས་མི་མང་གིས་བདམས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ལ་སྲིད་དབང་རྩིས་སྤྲོད་གནང་བ་ཡིན་དུས། མང་ཚོགས་ཀྱིས་བདམས་པའི་གཞུང་དེ་ལ་ང་ཚོ་ཡོངས་རྫོགས་ཀྱིས་རྒྱབ་སྐྱོར་ཞུ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། དེ་རིང་འདིར་བོད་པ་གང་འཚམས་ཤིག་ཕེབས་འདུག་པ་རྣམས་ཀྱིས་གཅིག་ལ་གཉིས་བརྒྱུད་ཀྱིས་འདི་ཚོ་གསུངས་རོགས། ལོ་གསར་པའི་ནང་འོས་བསྡུ་གསར་པ་སླེབས་ཀྱི་ཡོད་པ་རེད། འོས་བསྡུའི་ལས་རིམ་དང་གྲུབ་འབྲས་གཉིས་ཀ་ཡག་པོ་ཞིག་ཡོང་བར་རྣམ་པ་ཚོ་ཡོངས་རྫོགས་ཀྱིས་འགན་བླངས་ནས་ཧུར་ཐག་འབད་ཐག་གནང་རོགས་ཞེས་རེ་འདུན་ཞུ་འདོད་བྱུང།
ཐེ་ཝན་དོན་གཅོད་ཁང་ནི་ས་གནས་འདིའི་བོད་གཞུང་གི་སྐུ་ཚབ་ལས་ཁུངས་རེད། ངས་ཉིན་ཤས་ཀྱི་གོང་ནས་ལོ་གསར་ཚེས་གཅིག་ཉིན་བོད་པ་ཚོ་མཉམ་དུ་འཛོམས་ནས་༸རྒྱལ་བ་རིན་པོ་ཆེའི་སྐུ་པར་ལ་མཇལ་ཁ་ཞུ་རྒྱུའི་མཛད་སྒོ་དེ་འདྲ་ཡོད་མེད་སྐད་ཆ་དྲིས་པ་ཡིན། སྐུ་ངོ་དོན་གཅོད་མཆོག་གིས་དེ་རིང་འདིར་ཤོག་གསུངས་པའི་སྐབས་དགའ་སྤྲོའི་ངང་ནས་བཅར་བ་ཡིན། དེ་རིང་བོད་གཞུང་གི་ལས་ཁུངས་འདི་ལ་རྣམ་པ་ཚོ་མང་པོ་ཞིག་མཉམ་དུ་འཛོམས་ནས་ཕེབས་པ་འདི་ཤིན་ཏུ་ནས་ཡག་པོ་རེད། མ་འོངས་པར་ཡིན་ནའང་ལོ་གསར་ཚེས་གཅིག་ཉིན་བོད་པ་ཚོ་མཉམ་དུ་འཛོམས་ནས་༸རྒྱལ་བ་རིན་པོ་ཆེའི་སྐུ་པར་ལ་མཇལ་དར་འབུལ་བ་དང་མཇལ་ཁ་ཞུ་བའི་མཛད་སྒོའི་ལས་རིམ་འདི་འདྲ་ཡོད་དགོས་པ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད། ལོ་གསར་ཚེས་གཅིག་ཉིན་སྤྱི་ཡོངས་ཀྱི་ཆ་ནས་ལས་ཀ་མེད་པར་ལོ་གསར་གྱི་གུང་སེང་བཏང་ཡོད་དུས། སྐྱ་སེར་ཡོངས་རྫོགས་བོད་གཞུང་གི་ལས་ཁུངས་ནང་མཉམ་དུ་འཛོམས་ནས་མཉམ་རུབ་བྱ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད།
ཚོད་དཔག་བྱས་པ་ལྟར་ན་ཐེ་ཝན་ནང་བོད་ཀྱི་བླ་མ་དང་གྲྭ་པ་སུམ་བརྒྱ་ལྷག་ཙམ་ཡོད་ཚོད་རེད་ཟེར། དེ་བཞིན་མི་མང་ཡང་གང་འཚམས་མང་པོ་ཡོད་པ་ཡིན་དུས་གང་མང་མང་ཞིག་ལོ་སར་ལ་མཉམ་འཛོམས་གནང་ཐབས་བྱ་དགོས་པ་དེ་གལ་ཆེན་པོ་རེད། ལས་ཁུངས་འདི་བོད་གཞུང་གི་སྐུ་ཚབ་ལས་ཁུངས་ཡིན་པར་མ་ཟད་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱང་ཡིན། བོད་གཞུང་དེ་བོད་མིའི་སྒྲིག་འཛུགས་ཞེས་པར་བསྒྱུར་བཅོས་གནང་ཡོད་ཀྱང་དོན་གཅོད་ཁང་རྣམས་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དོན་གཅོད་ཁང་གི་མཚན་གནས་ཐོག་ཏུ་རང་སོར་གནས་ཡོད་དུས། མ་འོངས་པར་ཡིན་ནའང་རྣམ་པ་ཚོ་ཐེ་ཝན་དོན་གཅོད་ཁང་དུ་མཉམ་རུབ་དང་མཉམ་འཛོམས་མང་ཙམ་གནང་དགོས་པ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་ལོ་བརྒྱད་ཅུ་ཐམ་པ་ལོན་པའི་རྒས་འཁོགས་ཤིག་གིས་རེ་འདུན་ཞུས་པ་ཡིན། ཐུགས་རྗེ་ཆེ།

About རྩོམ་སྒྲིག་པ།