ཁྱོད་ཀྱིས་མི་དམངས་ལ་བྱ་བ་བཟང་པོ་བསྒྲུབས་ནའང་མི་དམངས་ཀྱི་སེམས་ན་ཡོད་པ་དང་།བྱ་ན་ངན་པ་བསྒྲུབས་ནའང་མི་དམངས་ཀྱི་སེམས་ན་ཡོད།

ཡུལ་མི་ཚོ།     བློ་མཐུན་ཚོ།

ང་རང་ཀྲུང་དབྱང་གི་མངགས་བཅོལ་ལྟར་ནུབ་བྱང་ས་ཁུལ་ལ་རྟོག་ཞིབ་བྱེད་པར་ཡོང་བ་ཡིན།ཀྲུང་དབྱང་གི་འགོ་འདྲེན་རྣམ་པས་ནུབ་བྱང་ས་ཁུལ་གྱི་རིགས་སོ་སོའི་མི་དམངས་ལ་ཐུགས་འཁུར་ཧ་ཅང་ཆེན་པོ་གནང་གིན་ཡོད་པ་མ་ཟད།ཁྱོད་ཚོར་འཚམས་འདྲིའང་གནང་གིན་ཡོད་པ་རེད།ང་ད་ཐེངས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ཐོན་པའི་སྐབས་སུ།ས་འདི་གའི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་བློ་མཐུན་དང་།དེ་མིན་རིགས་སོ་སོའི་མི་དམངས་ཀྱིས་ང་རང་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་བྱས་པ་ལ།ངས་སྙིང་ཐག་པ་ནས་ཁྱོད་ཚོར་ཐུགས་རྗེ་ཆེ་ཞུ་བ་ཡིན།

ངས་འདི་ན་བསྡད་ཡོད་པའི་འགོ་ཁྲིད་བློ་མཐུན་དང་དེ་མིན་བློ་མཐུན་ཡོངས་རྫོགས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་པར་མ་ཟད།ཁྱོད་ཚོ་བརྒྱུད་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་མི་དམངས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་སུམ་ཅུ་ལྷག་འགོར་སོང་བ་རེད།ལོ་སུམ་ཅུ་ལྷག་གི་རིང་ལ།མཚོ་སྔོན་ས་ཁུལ་དུ་གནམ་ས་བླ་འོག་གི་འཕོ་འགྱུར་བྱུང་བ་རེད།ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་དང་།ཀྲུང་གུང་མཚོ་སྔོན་ཧྲིན་ཨུའི་ཐད་ཀར་འགོ་ཁྲིད་འོག་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོས་འོག་མཚོ་སྔོན་གྱི་ཕྱོགས་སོ་སོའི་ཐད་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་དང་མཚུངས་པར།རྩ་བའི་སྟེང་ནས་འཕོ་འགྱུར་བྱུང་བ་དང་།གྲུབ་འབྲས་རླབས་ཆེན་བླངས་པ་རེད།རང་སྒོས་སུ་ལོ་རབས་ལྔ་བཅུའི་དུས་འགོར་མཚོ་སྔོན་ས་ཁུལ་གྱི་ཕྱོགས་སོ་སོའི་བྱ་བའི་ཐད་གྲུབ་འབྲས་མངོན་གསལ་བླངས།ཧ་ཅང་རྗེས་ལུས་ཡིན་པ་དང་ཧ་ཅང་བསྐལ་པ་ཡ་ཐོག་ཡིན་པའི་མཚོ་སྔོན་ས་ཁུལ་དེ།རྒྱ་རིགས་དང་དེ་མིན་སྤུན་ཟླ་མི་རིགས་གཞན་དག་གིས་ཤུགས་ཆེན་གྱིས་རྒྱབ་རོགས་འོག་བཟོ་ལས་དང་།རིག་གནས་སློབ་གསོ་ལ་སོགས་པའི་ཐད།གོང་འཕེལ་ཧ་ཅང་ཆེན་པོ་སོང་བ་རེད།ཁྱད་པར་དུ་ས་ཞིང་བཅོས་སྒྱུར་བྱས་པ་དང་།བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་མེད་པར་བཏང་བ།དམངས་གཙོའི་རིང་ལུགས་གསར་བརྗེ་བྱས་པ།སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལ་འགྲོ་བ་བཅས་བྱས་པ་རེད།

 

མི་རིགས་བྱ་བའི་ཐད་དུ།ཏང་གིས་གྲངས་ཉུང་མི་རིགས་གོང་དུ་སྤེལ་བར་ཧ་ཅང་གཙིགས་སུ་བཟུང་བས།སྔོན་ལོ་རྒྱུས་ཐོག་ལུས་པའི་མི་རིགས་བར་གྱི་འགལ་ཟླ་དང་།མི་རིགས་བར་ཕན་ཚུན་ལ་ཡིད་མི་ཆེས་པའི་རྒྱུན་ལྡན་མིན་པའི་གནས་ཚུལ་དེ་རིམ་བཞིན་མེད་པར་འགྲོ་བཞིན་ཡོད་ཅིང་།སྔར་ལོ་རྒྱུས་ཐོག་ཡོད་མ་མྱོང་བའི་མི་རིགས་མཐུན་སྒྲིལ་ཆེན་པོའི་རྣམ་པ་ཞིག་གིས་ཁེངས་འདུག

 

གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་སོགས་ཕྱོགས་སོ་སོའི་ཐད།གོང་འཕེལ་ཧ་ཅང་ཆེན་པོ་སོང་ཡོད།གུང་ཁྲན་རིང་ལུགས་ཀྱིས་གོ་རྟོགས་ཡོད་པའི་མི་རིགས་ལས་བྱེད་པ་ཕུལ་དུ་བྱུང་བ་མང་པོ་ཞིག་ཐོན་པ་རེད།དེར་བརྟེན་ལོ་རབས་ལྔ་བཅུའི་དུས་འགོར་མཚོ་སྔོན་གྱི་ཕྱོགས་གང་ཐད་ནས་ཧ་ཅང་བཟང་ཞིང་།ཚང་མས་དུས་སྐབས་འདི་ལ་དར་བའི་དུས་རབས་ཟེར།ངོ་མ་དར་བའི་དུས་རབས་ཡིན་པ་རེད།

འདིའི་རྒྱུ་མཚན་ནི་གང་ཡིན་ཟེར་ན། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ་ཡང་དག་པའི་སྒོ་ནས་ལག་བསྟར་བྱས་པའི་རྐྱེན་གྱིས་རེད།དེའི་ཕྱིར་ང་ཚོའི་བྱ་བའི་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་བླངས་ཡོད། རིགས་སོ་སོའི་མི་དམངས་གུང་ཁྲན་ཏང་ལ་དགའ་ཞེན་ཆེ་བ་དང་། མའོ་ཀྲུའུ་ཞི་ལ་དགའ་ཞེན་ཆེ་བ། ང་ཚོའི་མེས་རྒྱལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དགའ་ཞེན་ཆེ་བ། རིགས་སོ་སོའི་མི་དམངས་མཐུན་སྒྲིལ་ཆེན་པོའི་རྣམ་པ་ཧ་ཅང་བཟང་པོ་ཞིག་ཆགས་འདུག ཡིན་ནའང་། སྟབས་མི་ལེགས་པ་ནི་འདི་འདྲའི་སྐབས་ནི་ཡུན་མི་རིང་བ་རེད།

སྤྱི་ལོ་ ༡༩༥༧ ལོར་གཡས་ལྷུ ང་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ང་ཚོའི་ཡང་དག་པའི་ལམ་ཕྱོགས་དང་སྲིད་ཇུས་རྣམས་གཡོན་ལྷུང་དུ་འགྲོ་བའི་འགོ་ཚུགས་པ་རེད། མཚོ་སྔོན་ས་ཁུལ་གྱི་གཡས་ལྷུ ང་ལ་ངོ་རྒོལ་བྱས་པ་དེ་རེད། དེའི་རྐྱེན་གྱིས་མི་རིགས་ཀྱི་གོང་རིམ་ཉུང་ཤས་ཤིག་དང་མི་ངན་ཉུང་ཤས་ཤིག་གིས་ཀྱང་ས་ཆ་ཁ་ཤས་ཀྱི་གནས་ཚུལ་ཡིན་པ་མ་གཏོགས། བོད་ས་ཁུལ་ཡོངས་སུ་ཟིང་འཁྲུག་བསླངས་པ་མིན། གཏན་ནས་མིན།ཡིན་ནའང་སྐབས་དེའི་མཚོ་སྔོན་ཧྲིན་ཨུའི་འགན་ཁུར་བ་གཙོ་བོ་དེས་གཡོན་གྱི་བསམ་བློའི་འཁྲིད་སྟོན་འོག་ཟིང་འཁྲུག་མ་བསླངས་པའི་ས་ཁུལ་ལའང་ཟིང་འཁྲུག་སྔོན་འགོག་ཟེར་བར་ཁ་གཡར་ནས། ཟིང་འཁྲུག་བསླངས་པ་དང་ལྟ་སྟངས་གཅིག་འདྲ་བཟུང་བ་རེད། དེར་རྟེན་མཚོ་སྔོན་ས་ཁུལ་དུ་ཟིང་འཁྲུག་བདེ་འཇགས་སུ་གཏོང་བ་ལ་དྲག་གནོན་ཆེ་དྲགས་པའི་གནད་དོན་བྱུང་བ་རེད།ད་ལྟ་ཀྲུང་དབྱང་གིས་མཚོ་སྔོ ན་དུ་ཟིང་འཁྲུག་བདེ་འཇགས་བྱེད་སྐབས་ཆེ་དྲགས་པའི་གནད་དོན་བྱུང་བ་ཡིན་པར་ཡིད་འཐད་པ་རེད། ངས་བལྟས་ན་ཆེ་དྲགས་ཚབས་ཆེན་ཡིན་པ་རེད། ཚབས་ཆེན་ཞེས་པའི་ཡིག་འབྲུ་དེ་གཉིས་ངའི་ལྟ་ཚུལ་ཁོ་ན་ཡིན་པས། གལ་སྲིད་མི་འགྲིག་ན་ང་རང་ཉིད་ཀྱིས་འགན་འཁུར།

ད་ལྟ་ཀྲུང་དབྱང་ནས་མར་ཧྲིན་ཨུའི་བར་དུ། ཟིང་འཁྲུག་བདེ་འཇགས་བྱེད་སྐབས་ཆེ་དྲགས་པའི་གནད་དོན་གནས་འདུག་པར་ཡིད་འཐད་བྱུང་། ངས་ཆེ་དྲགས་ཚབས་ཆེན་ཡིན་པ་ཁ་བསྣན། ཁྱོད་ཚོའི་ས་འདི་ནས་མི་ཆིག་ཁྲི་ལྷག་འཛིན་བཟུང་བྱས་པ་དང་ཞིང་ཆེན་ཡོངས་སུ་མི་ཁྲི་ཚོ་བརྒྱད་དམ་དགུ་འཛིན་བཟུང་བྱས། མི་འདི་འདྲ་མང་པོ་བཟུང་བ་དང་། བཟུང་བའི་ཚད་ཀྱང་འདི་འདྲ་ཆེ་བ་ནི་ཧ་ཅང་མི་དགོས་པ་ཞིག་རེད།མི་འཛིན་བཟུང་བྱས་རྗེས་དོ་དམ་བྱས་པ་མི་བཟང་བ་དང་།

འཚོ་བའི་ཆ་རྐྱེ ན་མི་བཟང་བ། དེས་མི་ཚད་ལོ་གསུམ་གྱི་རང་བྱུང་གནོད་འཚེ་ཐེབས་པ་རེད། རང་བྱུང་ཟེར་བ་དེའི་ནང་རང་བྱུང་ཡོད་པ་དང་། མིས་ཆེད་དུ་བཟོས་པའང་ཡོད། དེར་རྟེན་གནམ་རྒན་མ་ཁོ་ནའི་མགོ་ལ་བཞག་ན་ལུགས་མཐུན་མིན་པ་རེད། གནམ་རྒན་མ་དེ་འདྲ་མ་བཟང་བ་ནི་དོན་དངོས་ཡིན་མོད། ཡིན་ནའང་ཆེས་གཙོ་བོ་ནི་མཆོང་སྐྱོད་ཆེན་པོ་བསྒྲུབས་ནས། ཀླད་པར་ཚ་བ་རྒྱས་པ་རེད། མི་མང་རུང་ཞིང་ལས་འཛུགས་སྐྲུན་མི་བསྒྲུབས། མི་ཚང་མ་གཅིག་ཏུ་བསྡུས་ནས་རྣོ་ལྕགས་ཆེན་པོ་བཞུ་བ་དང་། རྒྱུ་ནོར་མཉམ་སྤྱོད་ཀྱི་རླུང་ཡན་གཡུག་པ། ཟངས་རྔ་ཆུང་ཆུང་ཚང་མ་བཅགས་པ། རིག་རིག་ཐུག་ཐུག་བཟོས་པ། ཞིང་ལ་ཐོན་ཚད་དེ་འདྲ་ཡོད། མུའུ་རེ ར་འབྲུ་རིགས་རྒྱ་མ་ཁྲི་ཚོ་གཅིག་གམ་གཉིས་ཐོན་ཐུབ་ཅེས་ཟེར། དེ་འདྲ་ཅི་ལྟར་སྐྱེས་ཐུབ་བམ།ཁ་ནས་ཚན་རི ག་བཤད་ཀྱིན་ཡོད་མོད། དོན་དངོས་ཐོག་ཏུ་རྙོ ག་དྲ་བཤད་པ་རེད། གནས་ཚུལ་འདི་འདྲའི་འོག་ཏུ། གནད་དོན་ཧ་ཅང་མང་པོ་བྱུང་བ་རེད། འདི་དག་ཚང་མ་གནམ་རྒན་མའི་མགོར་འཇོག་མི་ཉན། ང་ཚོར་འབྲུ་རིགས་ཧ་ཅང་དཀོན་པ་དང་། བཙོན་ཁང་ནང་འབྲུ་རིགས་དེ་བས་དཀོན་པ་རེད།

འབྲོག་པ་རྣམས་ཀྱི་དུས་རྒྱུན་གྱི་ཁ་ཟས་ཤ་དང་འོ་མ། མར་སོགས་ཡིན་མོད།བཙོན་ཁང་ནང་དུ་འབྲུ་རིགས་ཀྱང་ཁག་ཐེག་མེད་པས། གང་ཞིག་ནས་མར་དང་ཤ་ཐུབ་བམ། མི་ཧ་ཅང་མང་པོ་ཞིག་ཚྭ་འདམ་བྱེ་ཐང་ལ་བསྐྱལ་ནས་ངལ་རྩོལ་སྒྱུར་བཀོད་བྱས། གནམ་གཤིས་དེ་འདྲ་མི་བཟང་བས། མི་མང་པོ་ཤི་བ་རེད།     ཡང་། གནད་དོན་ཞིག་ནི་ཆོས་ལུགས་སྒྱུར་བཅོས་བྱས་པ་དེ་རེད།

ཆོས་ལུགས་སྒྱུར་བཅོས་བྱེད་པའི་གནད་དོན་འདིའི་ཐད་དུ་དབྱེ་ཞིབ་ཅུང་ཙམ་བྱེད་དགོས། ཆོས་ལུགས་ནང་དུ་བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་དང་།བཀས་བཀོད་རྒྱུད་འཛིན་གྱི་གཉའ་གནོན། བཀས་བཀོད་རྒྱུད་འཛིན་གྱི་ཁྱད་དབང་བཅས་འདྲེས་ཡོད་པས། སྐྱོན་འདི་དག་ངེས་པར་དུ་སྒྱུར་བཅོས་བྱེད་དགོས། གནད་དོན་འདི་དག་སྤྱི་ཚོགས་རིང་ལུགས་ཀྱི་རྩ་དོན་ལ་མི་མཐུན་པ་མ་ཟད། ཆོས་ལུགས་རང་ཉིད་ཀྱི་བཤད་ཚུལ་ལའང་མི་མཐུན་པ་རེད། ཤཱཀྱ་ཐུབ་པས་ཁྱོད་ཚོས་གཉའ་གནོན་བྱོས། བཤུ་གཞོག་བྱོས། ཁྱད་དབང་སྤྱོད་ཅེས་གསུངས་མེད།ཤཱཀྱ་ཐུབ་པས་འདི་དག་བྱེད་དགོས་གཏན་ནས་གསུངས་མེད། ང་ཚོའི་སངས་རྒྱས་ཀྱི་བསྟན་པ་ནི་བླ་ན་མེད་པ་དང་ཀུན་སློང་བཟང་པོ་ཡིན་པ། དེས་མི་རྣམས་ལ་བྱམས་སེམས་ཆེ་བ་དང་དགེ་བའི་ལས་སྒྲུབ་པ་ཡིན། ཆོས་ལུགས་ཀྱི་དམིགས་ཡུལ་ཆེན་པོ་གསུམ་གང་ཡིན་ཟེར་ན། ཤཱཀྱ་ཐུབ་པ་རང་ཉིད་ཀྱིས་གསུངས་མྱོང་བ་ནི །

༡༽ མི་དགེ་བའི་ལས་མཐའ་དག་སྤོང་བ་དང་།

༢༽ དགེ་བའི་ལས་མཐའ་དག་ལ་འབད་པ།

༣༽ རང་རྒྱུད་བཏུལ་ནས། གཞན་དོན་སྒྲུབ་པ། ་

འདི་གསུམ་པོ་ནི་ཆོས་ལུགས་ཀྱི་རྩ་དོན་ཡིན། ཅི་ཞིག་ནི་བཀས་བཀོད་རྒྱུད་འཛིན་གྱི་གཉའ་གནོན་དང་། བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག བཀས་བཀོད་རྒྱུད་འཛིན་གྱི་ཁྱད་དབང་ཡིན་ནམ། དང་ཐོག་ཆོས་ལུགས་ལ་སྒྱུར་བཅོས་བྱེད་པར་ང་ཡིད་འཐད་པ་ཡིན། ཡིན་ནའང་ཆོས་ལུགས་རང་ཉིད་ལ་སྲུང་སྐྱོབ་བྱེད་དགོས་པ་དང་ཆོས་ལུགས་ལ་དད་པ་ཡོད་པའི་མང་ཚོགས་ལ་དད་མོས་བྱེད་པ་ཁག་ཐེག་བྱེད་དགོས།

སེམས་ཕམ་དགོས་པ་ཞིག་ནི། ཆོས་ལུགས་སྒྱུར་བཅོས་བྱེད་སྐབས་ཚང་མར་ངོ་རྒོལ་བྱས་པ་རེད། ངས་དཔེ་ཞིག་འཇོག་གི་ཡིན། དཀར་ཡོལ་ཞིག་གི་ཐོག་མི་གཙང་བ་ཡོད་ན། ང་ཚོས་ངེས་པར་དུ་མི་གཙང་བ་དེ་བཀྲུ་དགོས།ཡིན་ནའང་དཀར་ཡོལ་དེ་ངེས་པར་དུ་མི་གཅོག་པ་བྱེད་དགོས། གནས་ཚུལ་དངོས་ནི་ཅི་འདྲ་ཡིན་ནམ་ཟེར་ན། དཀར་ཡོལ་ཡང་བཅག་པ་རེད།ཆོས་ལུགས་དེ་ཉིད་མེད་པར་བཏང་པ་རེད། ཆོས་ལུགས་དེ་ཉིད་ངོ༌རྒོལ་བྱེད་ཡུལ་ལ་གྱུར་པ་དང་། ཆོས་ལུགས་བྱ་འགུལ་ལམ་ཐ་ན་མ་ཎི་བཏོན་པའང་གསར་བརྗེ ར་ངོ་རྒོལ་ལ་བརྩིས་པ་རེད། ཁ་ཞིག་འགུལ་ན་ཁྱོད་ཀྱིས་ཁ་འགུལ་ནས་ཅི་ཞིག་བྱ། མ་ཎི་བཏོན་པ་ཨེ་ཡིན་ཞེས་འདྲི་རྟོག་བྱེད།ང་ཚོ་བོད་རིགས་ཚོས་དུས་རྒྱུན་འདོན་པའི་གདུགས་དཀར་དང་སྐྱབས་འགྲོ། སྒྲོལ་མ་གསུམ་པོ་ནི་དམོད་ཆོས་སུ་བརྩིས་པ་རེད། དེ་དམོད་ཆོས་གང་ནས་ཡིན། དུས་རྒྱུན་དུ་འདོན་པའི་ཁ་བཏོན་ཡང་དམོད་ཆོས་སུ་བརྩིས་ནས་དྲི་རྟོག་བྱས་ཤིང་། གུང་ཁྲན་ཏང་ལ་དམོད་པ་རེད་ཟེར། དེ་འདྲ་ཞིག་གང་ནས་ཡིན། སྨྱོ་བཤད་བྱས་པ་ཤ་སྟག་རེད།

ཆོས་ལུགས་སྒྱུར་བཅོས་བྱས་པ་དེ་གནད་དོན་ཚབས་ཆེན་ཞིག་ལ་གྱུར་ཏེ། དགོན་པ་བཤིག་ཟིན་པ་དང་། ཆོས་དཔེ་མང་པོ་བསྲེགས་ཟིན་པ་རེད། ཆོས་ལ་དད་པའི་མང་ཚོགས་ལ་བསམ་འཆར་ཧ་ཅང་ཆེ་སྟབས། རྒྱལ་སྤྱི་དང་རྒྱལ་ནང་དུ་ཏང་གི་མཚན་སྙན་གྲགས་ལ་གནོད་འཚེ་ཆེན་པོ་ཐེབས་པ་རེད། ཆོས་ལ་དད་པའི་མང་ཚོགས་ལ་བསམ་འཆར་ཧ་ཅང་ཆེ་སྟབས། ཆོས་ལུགས་བྱ་བའི་ཐད་ཀྱང་འདི་འདྲའི་གནད་དོན་ཚབས་ཆེན་བྱུང་བ་རེད། ཟིང་འཁྲུག་བདེ་འཇགས་སྐབས་དྲག་གནོན་རྒྱ་བསྐྱེད་དེ་མི་རྣམས་བཟུང་ཟིན་པའི་ཕྱིར། མི་རིགས་འབྲེལ་བ་མི་བཟང་བ་ནི་སྨྲས་མི་དགོས་པ་ཞིག་རེད། དེའི་རྗེས་སུ་མཚོ་སྔོན་དུ་རང་སྐྱོང་ཁུལ་དྲུག་དང་རང་སྐྱོང་རྫོང་ལྔ་ཡོད་ཀྱང་། མི་རི གས་འདི་དག་ལ་རང་སྐྱོང་ཁེ་དབང་ཅི་ཡང་མེད། དེ་ས་ཁུལ་གཞན་གྱི་ཀྲོན་ཆུས་དང་རྫོང་ལ་ཁྱད་པར་མེད། དེའི་ཕྱིར་ཏང་གི་སྲིད་ཇུས་དང་རྩ་ཁྲིམས་ནང་མི་དམངས་ལ་གནང་བའི་རྩ་བའི་ཁེ་དབང་མང་པོ་ཞིག་རྩིས་མེད་དུ་བཏང་བ་རེད། དོན་དག་ཧ་ཅང་ཚབས་ཆེན་ཡིན་པ་རེད།

སྤྱི་ལོ་ ༡༩༥༨ དང་། ༡༩༥༩། ༡༩༦༠། ༡༩༦༡སྟེ་ལོ་བཞིའི་ནང་དུ་མཚོ་སྔོན་གྱི་བྱ་བའི་ནང་སྐྱོན་ཆ་ཧ་ཅང་ཚབས་ཆེ་ཞིང་། མི་མང་པོ་ལྟོགས་ནས་ཤི་བ་དང་། མི་མང་པོ་བསད་པ། བཙོན་ཁང་ནང་དུ་མི་མང་པོ་བཅུག པ། དེའི་རྗེས་སུ་སྤྱི་ལོ་ ༡༩༦༢ ལོར་ཀྲུང་དབྱང་གིས་བློ་མཐུན་ཝང་ཀྲའོ་མཚོ་སྔོན་དུ་བྱ་བའི་གཙོ་འགན་འཁུར་བར་མངགས་ནས། ཕྱོགས་སོ་སོའི་ཐད་ཡོ་བསྲང་བྱས་པ་དང་། བྱ་བ་མང་པོ་ལས་པ། ཏང་གི་ཕྱོགས་སོ་སོའི་ཐད་ཀྱི་སྤྱོད་ཚུལ་བཟང་པོ་དང་སྲོལ་རྒྱུན་བཟང་པོ་སླར་ཡང་སླར་གསོ་དང་དར་སྤེལ་བྱས་པ་རེད། ཁྱད་པར་དུ་མི་རིགས་དང་ཆོས་ལུགས། འཐབ་ཕྱོགས་གཅིག་གྱུར། དེ་མིན་མི་དམངས་ཀྱི་འཚོ་བའི་གནད་དོན་བཅས་རེ་རེ་བཞིན་དངོས་འབེབས་བྱས་ཕྱིར། མཚོ་སྔོན་གྱི་བྱ་བ་སླར་གསོ་བྱས་པ་ཧ་ཅང་མགྱོགས་པ་རེད། དེར་རྟེན་རིགས་སོ་སོའི་མི་དམངས་རྣམས་ཀྱིས་ཝང་ཀྲའོ་ལ་ཝང་བྱམས་སྐྱོང་པ་ཞེས་བསྟོད་བསྔགས་བྱས། དེའི་ཐོག་ནས་མི་དམངས་ཀྱི་མིག་གསལ་པོ་ཡིན་པ་མཚོན་ཐུབ། ཁྱོད་ཀྱིས་མི་དམངས་ལ་བྱ་བ་བཟང་པོ་བསྒྲུབས་ནའང་མི་དམངས་ཀྱི ་སེམས་ན་ཡོད་པ་དང་། བྱ་བ་ངན་པ་བསྒྲུབས་ནའང་མི་དམངས་ཀྱི་སེམས་ན་ཡོད་ཅིང་། ལས་བྱེད་པ་གང་ཞིག་བཟང་བ་དང་གང་ཞིག་ངན་པ་ཞིག་ཡིན་པ་མི་དམངས་ཀྱི་སེམས་ན་གསལ།

སྤྱི་ལོ་ ༡༩༦༢ དང༌། ༡༩༦༣། ༡༩༦༤ སྟེ་ལོ་གསུམ་གྱི་ནང་མཚོ་སྔོན་གྱི་བྱ་བ་སླར་གསོ་བྱས་པ་ཧ་ཅང་མགྱོགས་ཤིང་། འདི་ནི་གྲུབ་འབྲས་ཧ་ཅང་ཆེན་པོ་བླངས་པའི་ལོ་འགའ་ཡིན། བཙོན་ཁང་ནང་མ་ཤི་བའི་མི་རྣམས་རིམ་བཞིན་གྲོལ་ཏེ། བཟའ་མི་པ་དང་མཉམ་དུ་འཛོམས་པས། ཚང་མ་དགའ་སྤྲོ་ཧ་ཅང་ཆེན་པོ་སྐྱེས་པ་རེད། སྐབས་དེའི་སྲིད་ཇུས་དང་ད་སྐབས་ཀྱི་སྲིད་ཇུས་དེ་འདྲའི་གཅིག་མཚུངས་མིན་མོད། ཡིན་ནའང་སྐབས་དེར་མཚོན་ན་དེ་འདྲ་བྱས་པ་ཧ་ཅང་བཟང་།

དེའི་རྗེས་སུ་བོད་རང་སྐྱོང་ལྗོངས་དེ་གཡོན་དུ་ལྷུང་རྗེས། དེར་མཐུད་རིག་གནས་གསར་བརྗེ་ཆེན་པོ་བསླངས་པ་རེད། ཚང་མས་ཤེས་གསལ་ལྟར།དེ་ནི་མི་རིགས་ས་ཁུལ་གྱི་གནད་དོན་རྐྱང་རྐྱང་མིན་ཏེ། ཀྲུང་གོ་ཡོངས་སུ་སྔར་ཡོང་མ་མྱོང་བའི་གོད་ཆགས་ཚབས་ཆེན་ཐེབས་པ་རེད། ཚིག་སྡུག་ས་ནས་བཤད་ན། མི་བཟང་པོར་རྡུང་རྡེག་ཐེབས་ཤིང༌། མི་ངན་པའི་མགོ་འཕང་བསྟོད་པ་རེད།བློ་མཐུན་ཝང་ཀྲའོ་ཡིས་མཚོ་སྔོན་མི་དམངས་ལ་བྱས་རྗེས་དེ་འདྲ་ཆེན་པོ་བཞག་ཡོད་རུང་ཁོར་འཐབ་རྩོད་བྱས་སྟབས། ལོ་འགའི་ཡར་སྔོན། བློ་མཐུན་ཝང་ཀྲའོ་ལ་མྱ་ངན་ཞུ་བའི་ཚོགས་འདུའི་སྟེང་དུ་མང་ཚོགས་ཚང་མ་ངུས་པ་རེད།བྱ་བ་བཟང་པོ་བསྒྲུབས་ན། མི་དེ་ནི་མི་རིགས་གང་ཡིན་ཡང་། དེ་ནི་རྒྱ་རིགས་ཡིན་ནའང་འདྲ། ཡང་ན་མི་རིགས་གཞན་པ་ཡིན་ནའང་འདྲ། མི་དམངས་ཀྱིས་དེ་ལ་ཡིད་ཆེས་པ་རེད། བྱ་བ་ངན་པ་བསྒྲུབས་ན། མི་དེ་མི་རིགས་གང་ཡིན་ཡང་། བོད་རིགས་ཡིན་ནའང་འདྲ། རྒྱ་རིགས་ཡིན་ནའང་འདྲ། ཧུའི་རིགས་ཡིན་ནའང་འདྲ། ཚང་མས་དེ་ལ་སྡི ག་མོ་དང་སྡང་བ་རེད། དེ ར་རྟེ ན་ལས་བྱེད་པས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པ་དང་། མང་ཚོགས་ལ་དོན་བཟང་བསྒྲུབ་དགོས།ཏང་གི་དྲོ་སྐྱིད་དེ་མང་ཚོགས་ཀྱི་ཁྲོད་དུ་དངོས་གནས་བསྐྱལ་དགོས་པ་རེད། ལས་བྱེད་པ་ཞིག་ལ་མཚོན་ན། འདི་ནི་ཧ་ཅང་གལ་ཆེ་བ་རེད། རིག་གནས་གསར་བརྗེ་ཆེན་པོ་དེ་ཚང་མ་བརྒྱུད་ནས་ཡོང་བ་ཡིན། དེའི་ནང་ན་བཟང་བ་གཅིག་ཀྱང་མེད་པ་དང་། ཁས་ལེན་ཆོག་པའི་རིགས་གཅིག་ཀྱང་མེད། མི་བཟང་བཤད་མི་ཚར་བ་དང་། ལོ་རྒན་པ་རྣམས་ཀྱིས་གདུག་རྩུབ་མྱངས་པ་དང་།ལོ་དར་མ་རྣམས་ཀྱིས་སྡུག་བསྔལ་མྱངས་པ། ན་གཞོན་པ་རྣམས་ནི་ངན་པར་བསྒྱུར་པ་རེད། ད་ལྟའི་ན་གཞོན་རྣམས་ལ་ཡོན་ཏན་མེད་པར་མ་ཟད། ཡང་ན་རི གས་མང་པོ་བསླད་ཡོད་པས། མི་རབས་གཅིག་ལ་གནོད་བསྐྱལ་བ་རེད།རྒན་པ་མང་པོ་ཞིག་ལ་འཐབ་རྩོད་བྱས་ནས་དྲན་ཤེས་ཉམས་པ་དང་། ལུས་ཕུང་ཡང་མི་བཟང་བ། ལུས་སེམས་ལ་གནོད་སྐྱོན་ཧ་ཅང་ཆེན་པོ་བཏང་བ་རེད། འགོ་འདྲེན་བློ་མཐུན་མང་བ་ཞིག་ནི་འདི་འདྲ་ཡིན། འདི་དག་ཚང་མ་སྔོན་ཆད་ཀྱི་དོན་ཡིན་པས། དེ་རིང་ངས་གནད་དོན་འདི་དག་བཤད་ནས་འཁང་ར་བྱེད་པ་སྡུག་ལན་སློག་པ་མིན། སྔོན་ཆད་ཀྱི་དོན་དག་ལ་ང་ཚོས་ཕྱིར་བལྟས་ཤིག་བྱས་ནས་ཕྱིན་ཆད་སླར་ཡང་འབྱུང་བ་སྔོན་འགོག་བྱེད་རྒྱུའི་ཆེད་དུ་ཡིན།ང་ཚོས་སྔོན་ཆད་ཀྱི་དོན་ཚང་མ་ལ་བསམ་བློ་མང་པོ་མ་གཏོང་།སྔོན་ཆད་ཀྱི་དོན་མི་མང་པོ་ཞིག་གི་སེམས་ན་གསལ་པོ་རེད། ང་རང་ལོ་དགུ་ལྷག་ལ་བཀག བཀྲ་ཤིས་ཧྲུའུ་ཅི་ཡང་བཀག་པ་དང་འཐབ་རྩོད་བྱས་པ་རེད། ང་ཚོ་ཚང་མར་འཐབ་རྩོད་བྱས་པ་རེད། ཀྲུང་དབྱང་གི་འགོ་ཁྲིད་མང་ཆེ་བ་ཞིག་བཀག་པ་དང་འཐབ་རྩོད་བྱས་པ་རེད། མི་ཁ་ཤས་ལ་འཐབ་རྩོད་བྱས་པ་ཧ་ཅང་གདུག་རྩུབ་ཡིན། ཉིན་གཅིག་ནང་དུ་འཐབ་རྩོད་ཐེངས་བཞི་ལྔ་བྱས། སྔ་དྲོ་འཐབ་རྩོད་བྱས་པ་དང་། ཉིན་གུང་འཐབ་རྩོད་བྱས་པ། ཕྱི་དྲོ་འཐབ་རྩོད་བྱས་པ། ཟ་མ་ཐུན་ཞིག་བཟས་རྗེ ས་ཡང་འཐབ་རྩོད་བྱས་པ། དོན་འདི་འདྲ་གང་ཞིག་ལ་སོང་ནས་ཤ་ལན་རྩོད་རྒྱུའམ། རྩོད་ཐབས་མེད་པ། བརྗེ ད་དགོས་པ་རེད། དེར་རྟེན་དོན་འདི་འདྲ་སེམས་ལ་མ་འཛིན། ཡིན་ན་ཡང་ཕྱིན་ཆད་དོན་འདི་འདྲ་མི་འབྱུང་བའི་ཆེད་དུ་བསླབ་བྱ་བསྡུ་ལེན་བྱེད་དགོས། དོན་འདི་འདྲ་སླར་ཡང་འབྱུང་ན་བཟོད་ཐབས་མེད་པ་དང་། སླར་ཡང་རིག་གནས་གསར་བརྗེ་ཆེན་པོ་བསྒྲུབས་ནས་བཟོད་ག་ལ་ཐུབ། ཚང་མས་བཟོ་བཅོས་བྱས། དེ་དག་དོར་བ་རེད། སླར་ཡང་རིག་གནས་གསར་བརྗེ་ཆེན་པོ་ཐེངས་ཤིག་བསྒྲུབས་ན། ང་ཚོའི་རྒྱལ་ཁབ་ལྷག་པར་ལྟ་བཟོ་མེད་པ་ཞིག་ཏུ་འགྱུར་ངེས་རེད།སྔོན་ཆད་མི་མང་པོ་བཟུང་མྱོང་བ་དང་། ཡང་ན་རང་ཉིད་ཀྱི་ཉེ་འབྲེལ་བཟུང་མྱོང་བ། ཁྱིམ་མིའང་ཤི་མྱོང་བ་བཅས་ཡིན་སྟབས། སེམས་ནང་དུ་འཁང་ར་མང་པོ་བྱེད་ཀྱིན་ཡོད། འདི་དག་ཚང་མ་ང་ཚོས་ཤེས་ཤིང་། ཏང་དང་སྲིད་གཞུང་གིས་ཀྱང་ནོར་འཁྲུལ་འདི་ཁས་བླངས་ནས་ཁྱོད་ཚོར་དགོངས་དག་ཞུ་བ་རེད།

ང་ཚོའི་གུང་ཁྲན་ཏང་གིས་དངོས་ཐོག་བདེན་འཚོལ་བྱེད་པ་ཡིན་པས།ནོར་སོང་ན་རང་སྐྱོན་རང་བརྗོད་བྱེད་དགོས། ཁྱོད་ཚོས་ད་ནས་བཟུང་འཁང་ར་མ་བྱེད། སྔོན་ཆད་ཤི་སོང་བ་ལ་ང་ཚོས་སྨོ ན་ལམ་འདེབས། མི་ཤི་སོང་བས་ཐབས་ཅི་ཡོད་དམ། ཁྱོད་ཀྱིས་མི་སེམས་ལ་བཟུང་ནས་ཕན་ཐོགས་ཅི་ཞིག་ཡོད་དམ། གནད་དོན་གསར་པ་ཁ་ཤས་འབྱུང་བ་མ་གཏོགས། ཕན་ཐོགས་གང་ཡང་ཡོད་པ་མ་རེད། སྔོན་གྱི་གནད་དོན་སེམས་ལ་མ་འཛིན། བརྗེད་དུ་ཆུག་ཚང་མས་མཐུན་སྒྲིལ་བྱས་ནས་སྔོ ན་ལ་བལྟ་དགོས། དེ་འདྲ་བྱས་ན་དོན་འདི་འདྲ་རྗེས་སུ་མི་འབྱུང་བ་དང་། གལ་སྲིད་མི་ལ་ལས་ད་དུང་གཡོན་ཐལ་ཆེ་བའི་བྱ་བ་ཁ་ཤས་བསྒྲུབ་བསམ་ན། དེ་ལ་རྦད་ཆོད་ཀྱིས་འཐབ་རྩོད་བྱེད་དགོས། ད་ལྟ་མི་ལ་ལས་འདང་དེ་འདྲ་ཕོག་གིན་མེད། ད་ལྟའི་ཡིན་ཕྱིན་ཕྱོགས་ཁག་ཟེར་བ་དེ་ནི། ཁོ་ཚོའི་བསམ་པ་ད་དུང་གཡོན་ལྷུང་ཡིན་པས། ང་ཚོས་མི་འདི་འདྲ་ལ་འཐབ་རྩོད་བྱེད་དགོས། དེ་མ་གཏོགས་སྔོན་ཆད་ཀྱི་དོན་སེམས་སུ་མ་འཛིན།དཔལ་འབྱོར་སྟེང་དུ་རྒྱལ་ཁབ་ཀྱིས་ཅུང་ཙམ་སྟེར་རྒྱུ། ཚང་མ་སྟེ ར་འདོད་རུང་། རྒྱལ་ཁབ་ལ་སྒོ ར་མོ་མེད་ཅིང་། རྒྱལ་ཁབ་ཀྱིས་བསྒྲུབ་དགོས་པའི་དོན་དག་ད་དུང་ཧ་ཅང་མང་བ་རེད། རྒྱལ་ཁབ་ཀྱིས་རྩ་བ་ནས་མ་བྱིན་ནའང་མི་འགྲིག་ལ། རྒྱལ་ཁབ་ཀྱིས་མང་ཚོགས་ཀྱི་བསམ་ཚུལ་ཤེས་དགོས་ཤིང༌། མང་ཚོགས་ཀྱིས་ཀྱང་རྒྱལ་ཁབ་ཀྱི་དཀའ་ངལ་ཤེས་དགོས། འདི་ལྟར་བྱས་ན་རྒྱལ་ཁབ་དང་མང་ཚོགས་བར་གྱི་འབྲེལ་བ་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དེ་འདྲའི་རྒྱུན་ལྡན་མིན་པ་དང་། དམག་དམངས་བར་གྱི་འབྲེལ་བའང་དེ་འདྲའི་རྒྱུན་ལྡན་མིན་པ། མི་རིགས་བར་གྱི་འབྲེལ་བའང་དེ་འདྲའི་རྒྱུན་ལྡན་མིན་པ་རེད། འདི་ནི་དོན་ཧ་ཅང་ཚབས་ཆེན་ཞིག་ཡིན་པས། ང་ཚོས་ནུས་ལྡན་གྱི་བྱེད་ཐབས་བཀོལ་ནས། མཐུན་སྒྲིལ་ལ་ཕན་པ་མེད་པ་རྣམས་སེལ་དགོས་པ་དང་། ཕྱོགས་སོ་སོའི་བར་གྱི་མཛའ་ཞིང་མཐུན་པའི་འབྲེལ་བ་སླར་གསོ་བྱེད་དགོས། འདི་ནི་ང་ཚོའི་རྒྱལ་ཁབ་ཀྱི་རིན་ཆེན་ནོར་བུ་ཡིན།ང་ཚོ་སྔོན་ཆད་ཀྱི་དམག་དམངས་བར་གྱི་འབྲེལ་བ་དང་། ཏང་སྲིད་བར་གྱི་འབྲེལ་བ། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་བཅས་ཧ་ཅང་བཟང་ཕྱིར། མི་དམངས་ཀྱི་རྒྱལ་སྲིད་བསྐྲུན་པ་རེད། རིག་གནས་གསར་བརྗེ་ཆེན་པོའི་སྐབས་ཀྱི་དམག་སྐྱོར་གསུམ་དང་དམག་དོན་གཉིས་ཀྱི་རྗེས་སུ། དམག་དཔུང་གི་སྤྱོད་སྟངས་ཁ་ཤས་ལ་མང་ཚོགས་བསམ་འཆར་ཤིན་ཏུ་ཆེ། དམག་དཔུང་ནང་དུའང་མི་བཟང་བའི་ཕྱོགས་ལྷུང་ཡོད། དེ ར་རྟེན་དམག་དཔུང་གི་བློ་མཐུན་ཚོས་མཉམ་འཇོག་དགོས། ང་ཚོའི་རྒྱབ་ན་སུའུ་ལེན་ཡོད་དེ། ཁོ་ཚོས་མེ་མདའ་ང་ཚོར་གཏད་ཡོད། ཁོ་ཚོས་ང་ཚོ་གཞོམ་རྒྱུའི་སེམས་འཆི་མེད་པས། དམག་འཁྲུག་ནམ་ཡིན་ཡང་ལངས་སྲིད་པ་རེད། དེས་ན་ང་ཚོས་དམག་འཁྲུག་ཅི་འདྲ་ཞིག་བརྒྱག་རྒྱུ་ཟེར་ན། ང་ཚོའི་མཚོན་ཆ་གོང་འཕེལ་ཧ་ཅང་ཆེན་པོ་སོང་ཡོད་མོད། ཡིན་ནའང་གཞན་ལ་མི་དོ་བ་རེད།ང་ཚོས་ཅིས་ཀྱང་མི་དམངས་ལ་བརྟེན་ནས་དམག་འཁྲུག་བརྒྱག་དགོས།མི་དམངས་ཀྱི་རྒྱབ་རོགས་ཐོབ་དགོས། མི་དམངས་ཀྱིས་རྒྱབ་རོགས་མ་བྱས་ན། དམག་དཔུང་གིས་དམག་འཁྲུག་ཅི་ལྟར་བརྒྱག་གམ། བརྒྱག་ཐབས་མེད་པ་རེད། དེར་རྟེན་དམག་དཔུང་གི་སྤྱོད་ཚུལ་མང་ཚོགས་ལས་ཅུང་ཙམ་མཐོ་ན་ད་གཟོད་འགྲིག་པ་རེད། ས་ཁུལ་ལ་ལ་ཞིག་ན་སྤྱོད་ཚུལ་ངན་པ་རེངས་པ་རེད། ངས་བལྟས་ན་དེ་ནི་ཧ་ཅང་མི་འགྲིག་པ་ཞིག་རེད། མང་ཚོགས་ཀྱི་ཁེ་ཕན་བཙན་འཕྲོག་བྱས་ནས། ཨུ་ཚུགས་སྒོས་ཕྱིར་མི་སྟེ ར་བ་དེ་མི་བཟང་བ་རེད། དམག་ཁུལ་གྱི་སྤྱོད་ཚུལ་མཐོན་པོ་འཛིན་དགོས། ཁོ་ཚོ་ནི་སློབ་གསོ་ཐོབ་པ་དང༌། མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པའི་ཤུགས་རྐྱེན་བཟང་པོ་ཐེབས་པའི་རྐྱེན་ཡིན་པས། མང་ཚོགས་ལས་ཅུང་ཙམ་མཐོ་ན་ད་གཟོད་ཆོག་པ་རེད།

དམག་དཔུང་ནི་ཧ་ཅང་གལ་ཆེ་བས། མང་ཚོགས་ཀྱིས་ཅིས་ཀྱང་རང་ཉིད་ཀྱི་དམག་དཔུང་ལ་གཅེས་སྤྲས་བྱེད་དགོས། ཅི་ཡིན་ཟེ ར་ན། ཁོ་ཚོ་ནི་མེས་རྒྱལ་སྲུང་སྐྱོབ་བྱེད་མཁན་ཡིན། ཡིན་ནའང་དམག་དཔུང་གིས་ཀྱང་མང་ཚོགས་ཀྱི་ཁེ་དབང་ལ་བརྩི་འཇོག་བྱེད་དགོས། འདི་ནི་ཧ་ཅང་གལ་ཆེ་བ་ཡིན་པས། གནད་དོན་འདི་དག་ལ་མཉམ་འཇོག་བྱེད་དགོས།འདི ་ནས་ཡང་མི་རིགས་འབྲེལ་བའི་སྐོར་བཤད་ན། ང་ཚོའི་རྒྱལ་ཁབ་ནི་མི་རི གས་མང་པོའི་རྒྱལ་ཁབ་ཅིག་ཡིན། དེ་ལ་མི་རིགས་ལྔ་བཅུ་ལྷག་ཡོད།མཚོ་ལྷོ་བོད་རི གས་རང་སྐྱོང་ཁུལ་ཡང་མི་རིགས་མང་པོའི་ས་ཁུལ་ཞིག་ཡིན།བོད་རིགས་ཡོད་པ་མ་ཟད། ད་དུང་རྒྱ་རིགས་དང་། ཧུའེ་རིགས། སོག་རིགས།ཟ་ལར་རིགས། ཧོར་རིགས་བཅས་ཡོད་པས། མི་རིགས་བར་གྱི་འབྲེལ་བ་བཟང་པོ་བྱེད་དགོས། ཐོག་མར་ས་འདི་ནི་ས་གནས་རང་སྐྱོང་ཡིན་པས། དངོས་གནས་ས་གནས་རང་སྐྱོང་བྱེད་དགོས་པ་དང་། མིང་དོན་གཉིས་མཚུངས་ཀྱི་ས་གནས་རང་སྐྱོང་བྱེད་དགོས་ན། དེ་ལ་རང་བདག་དབང་ཆ་ཡོད་དགོས་པ་དང་། མི་རིགས་རང་གི་ཁྱད་ཆོས་སྲུང་འཛིན་བྱེད་དགོས། ང་ཚོ་ཚང་མ་ནི་ཀྲུང་ཧྭ་མི་རིགས་ཡིན་པ་འདི་ནི་སྤྱི་མཚན་རེད། ང་ཚོ་ནི་རྒྱལ་ཁབ་གཅིག་གི་ཡིན་པ་འདི་ནི་སྤྱི་མཚན་རེད། ཏང་གི་གཅིག་གྱུར་འགོ་ཁྲིད་འོག་ཡིན་པ་འདི་ནི་སྤྱི་མཚན་རེད།

ཡིན་ན་ཡང་རང་མཚན་ཡང་ཡོད་དགོས་ཏེ། སྤྱི་མཚན་ཁོ ་ན་ནན་བཤད་བྱས་ན་མི་ཆོག་པ་རེད། རྩོད་སྒྲུབ་ཟེར་བ་དེར་ཕྱོགས་གཉིས་ཡོད་དགོས།ང་ཚོའི་མར་ལེ་རིང་ལུགས་ནི་རྩོད་སྒྲུབ་རིག་པ་ཡིན། གལ་ཏེ་ཕྱོགས་གཅིག་ཡོད་པ་དང་། ཕྱོགས་གཞན་གཅིག་མེད་ན་རྩོད་སྒྲུབ་ཅེས་པ་བཤད་ཐབས་མེད་པ་རེད། སྤྱི་མཚན་ཡོད་དགོས་པ་མ་ཟད། ད་དུང་རང་མཚན་ཡང་ཡོད་དགོས།རིགས་སོ་སོའི་བར་ཡང་རང་མཚན་ཡོད། (གསལ་བཤད། གུག་ཤད་ཆེ་བའི་ནང་དུ་ཡོད་པའི་བཀའ་སློབ་རྣམས་དེབ་ཕྲེང་དང་པོའི་ལེ་ཚན་དང་པོར་ཚན་བཀོད་བྱས་ཟིན་ཀྱང་། ད་རེས་གསུང་བཤད་འདིའི་

སྔ་མཇུག་གཉིས་ལག་སོན་བྱུང་བར་བརྟེན་གསུང་བཤད་ཁ་མ་ཐོར་བའི་ཆེད་དུ་འདིར་ཆ་ཚང་བཀོད་ཡོད།)[མི་རིགས་ཟེར་བ་དེ་ནི་ལོ་རྒྱུས་ལས་བྱུང་བ་རེད། དེ་ལ་རང་ཉིད་བྱུང་ཚུལ་དང་། འཕེལ་ཚུལ། གནས་པ་ནས་འཇིགས་པ་བཅས་གོ་རི མ་བརྒྱུད་དགོས། དེ ར་རྟེ ན་མི་རིགས་ཀྱི་ཁྱད་ཆོས་སྲུང་འཛིན་བྱེད་རྒྱུར་ཁག་ཐེག་ཡོད་དགོས། ང་ཚོས་རང་འདྲར་སྒྱུར་བའི་འདོད་ཚུལ་ཡོད་མི་རུང་བ། བོད་པ་ཡིན་ན་བོད་རི གས་དང་མཚུངས་དགོས་པ། རྒྱ་མི་ཡིན་ན་རྒྱ་རིགས་དང་མཚུངས་དགོས་པ། ཧུའེ་རིགས་རྣམས་ཧུའེ་རིགས་དང་མཚུངས་དགོས།ང་ཚོས་ཧུའེ་རི གས་ཀྱི ས་ཕག་ཤ་ཟ་བ་དར་སྤེལ་བྱེད་མི་རུང༌། བོད་རིགས་བུད་མེད་ཀྱི་སྐྲ་བྲེག་པ་དར་སྤེལ་བྱེད་མི་རུང་། རིག་གནས་གསར་བརྗེ་ཆེན་པོའི་ནང་བུད་མེད་ཀྱི་སྐྲ་བྲེག་ནས། རྒྱ་རིགས་དང་མི་མཚུངས་ཤིང་བོད་རིགས་ལའང་མི་མཚུངས་པས་གང་ལའང་མི་མཚུངས་པར་གྱུར། ཁོ་མོ་ཚོས་

བྲེག་པའི་སྐྲ་ཤད་མ་ཤེས་སྐབས། བཟོ་ལྟ་ཁྱད་མཚར་ཅན་ལ་གྱུར། འདི་ལ་གསར་བརྗེ་ཟེར་བ་མིན། གསར་བརྗེ་ཟེར་བ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལ་འགྲོ་བ་དང༌། ཏང་གི་བཀའ་ལ་ཉན་པ། མེས་རྒྱལ་གྱི་ཅན་བཞི་དང་འཛམ་གླིང་ཡོངས་ཀྱི་མིའི་རིགས་ཀྱི་བཅིངས་འགྲོལ་ལས་དོན་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན།

སྐྲ་བྲེག་མི་བྲེག་དང་ཕག་ཤ་ཟ་མི་ཟ་ནི། གསར་བརྗེ་བྱེད་མི་བྱེད་པའི་གནད་དོན་མིན། ང་ཚོས་མི་རིགས་གཅིག་འདྲར་བསྒྱུར་པའི་གླེ ན་རྟགས་མ་སྟོན།མི་བཞི་ཚོགས་ཁག་དང་གཡོན་ཐལ་ཆེ་བའི་ལམ་ཕྱོགས་ལག་བསྟར་བྱེད་མཁན་གྱིས་ཁ་ནས་སྤྱི་ཚོགས་རིང་ལུགས་སུ་སླེབས་ཟིན་ཟེར་ནས། མི་རིགས་ཟེ ར་བ་དེ་ཅི་ལ་ཡང་མི་བརྩི་བར། དོན་དངོས་ཐོག་འདི་ནི་ང་ཚོ་གྲངས་ཉུང་མི་རིགས་མེད་པར་གཏོང་བསམ་པ་རེད། མེད་པར་གཏོང་བའི་བྱེད་ཐབས་ནི། མི་རིགས་ཀྱི་སྐད་ཡིག་མི་སློབ་པ་དང་སློབ་ཏུ་མི་འཇུག་པ། ད་ལྟ་ངས་འདི་ཁུལ་གྱི་བོད་ཡིག་མཐོང་ཚེ་ཡིད་སེམས་སྐྱོ་བ་རེད། བོད་ལྗོ ངས་ཁུལ་ལ་སོང་ཡང་། བོད་ཡིག་ཧ་ཅང་ཐར་ཐོར་རེད། བོད་ལྗོངས་ས་ཁུལ་ཡང་འདི་འདྲ་རེད། བོད་ལྗོངས་སུ་སྔོན་ཆད་བོད་ཡིག་བྲིས་པ་ཧ་ཅང་བཟང་མོད། ཡིན་ནའང་ད་ལྟ་བོད་ལྗོངས་སུ་བོད་ཡིག་ཡག་པོ་འབྲི་མཁན་བཙལ་ན་མི་རྙེ ད་པ་རེད།དེར་བརྟེན། མི་དམངས་འཐུས་མི་ཚོགས་སྐབས་སུ་ངས་བོད་ཡིག་གི་དབུགས་ཆད་ལ་ཁད་དམ། ཤི་ལ་ཁད་དུ་གྱུར་ཡོད་ཅེས་བཤད་ཡོད། ང་ཚོའི་རྒྱལ་ཁབ་ཏུ་རྒྱ་ཡིག་ལས་གཞན་བོད་ཡིག་ནི་ཅུང་ཙམ་ཆ་ཚང་བའི་ཡི་གེ་ཞིག་ཡིན། ཡིན་ནའང་ད་ལྟ་ཅི་མིན་འདི་མིན་ཞིག་ཏུ་བཏང་། ངོ་མ་བཤད་ན། བཅིངས་འགྲོལ་བྱས་ནས་ལོ་སུམ་ཅུ་འགོར་རུང་བོད་ཡིག་ཏུ་བྲིས་པའི་གཏམ་རྒྱུད་རིང་པོ་གཅིག་ཀྱང་མེད། དེ་ནི་ངས་བོད་རང་གི་བྲིས་པ་དང་གསར་དུ་བརྩམས་པའི་གཏམ་རྒྱུད་ལ་ཟེར། ཚང་མ་རྒྱ་ཡིག་ནས་བོད་ཡིག་ལ་བསྒྱུར་བ་ཡིན།

འོ་ན། བོད་རིགས་ཁྲོད་དུ་གཏམ་རྒྱུད་འབྲི་མཁན་གཅིག་ཀྱང་མེད་པ་ཡིན་ནམ། དེ་མ་རེད། འབྲི་མཁན་ནི་ཡོད་པ་རེད། ཡིན་ན་ཡང་ཁོས་མ་བྲིས་པ་རེད། དེའི་རྒྱུ་མཚན་ནི་ཞིབ་བཤེར་ཡང་ནས་ཡང་དུ་བྱས་རྗེས་ཚང་མ་མནན་པ་ཡིན་པས། མི་ཚོས་ཅི་ཞིག་ལ་དཔེ་དེབ་འབྲི་དགོས་སམ། དཔེ་དེབ་གཅིག་འབྲི་རྒྱུ་ནི་དེ་འདྲ་སླ་བའི་དོན་ཞིག་མ་རེད། ཁོས་བྲིས་ཀྱང་གཞན་གྱིས་དཔར་དུ་མི་བསྐྲུན་པ་ལས། སྟབས་མ་ལེགས་ན་ཁྱོད་ཀྱི་དཔེ་དེབ་ནང་དུ་དུག་ཡོད་པ་དང་། མི་རིགས་ཁ་བྲལ་གྱི་གནད་དོན་ཡོད། ཆོས་ལུགས་ཀྱི་དུག་རྒྱུན་ཡོད་སོགས་བཤད་ནས་མགོར་ཞྭ་མོ་ཞིག་སྐོ ན་ན་ཅི་ཞིག་བྱ།དེར་བརྟེན། མི་ཚོས་མ་བྲིས་པ་རེད། སློབ་ཁྲིད་ཀྱི་ཐད། སློབ་ཆུང་ནང་རྒྱ་ཡིག་ཁྲིད། ལོ་གཅིག་ལ་འདི་ལྟར་ཡིན་པ་དང་། ལོ་གཉིས་ལ་འདི་ལྟར་ཡིན། ལོ་གསུམ་ལའང་འདི་ལྟར་ཡིན་སྟབས། ཁྲིད་ནས་ཅི་ཡང་མ་ཤེས་པས་སློབ་སྦྱོང་རྩ་བ་ནས་མ་བྱས་པ་དང་ཁྱད་པར་མེད། དེའི་ཕྱིར། ཡིག་རྨོངས་པ་ད་དུང་དེ་འདྲ་མང་བ་རེད།

བོད་ལྗོ ངས་སུ་སྔོ ན་ཆད་བོད་ཡིག་ཤེས་པའི་མི་ཅུང་ཙམ་མང་། ཡིན་ན་ཡང་བྱ་བ་སྒྲུབ་པ། བཟོ་པ་བསྡུ་ལེན། སློབ་མ་བསྡུ་ལེན། ལས་བྱེད་པར་རྒྱུགས་ལེན་པ་བཅས་ཚང་མ་རྒྱ་ཡིག་སྤྱད་པས། བོད་ཡིག་ཧ་ཅང་བཟང་བའི་མི་ཡང་ཡིག་རྨོངས་སུ་རྩིས་པ་རེད། དེ་ནི་བོད་རང་སྐྱོང་ཁུལ་ལས་ཅུང་ཙམ་མཐོ་བ།བོད་ཡིག་ཡི་གེ་ཞིག་ལ་མི་བརྩི་བ་ནི་ཅི་འདྲ་རྩིས་མེད་དུ་བཏང་བ་དང༌། མི་རིགས་ཀྱི ་ཁེ་དབང་ལ་ཅི་འདྲ་རྩིས་མེད་དུ་བཏང་བ་ཡིན་པ་རེ ད་ཨང་། ཡིག་བྱང་ཐོག་ཏུ་ཚང་མ་རྒྱ་ཡིག་བྲིས་པ་དང༌། བོད་ཡིག་བྲིས་ཀྱང་འདི་འདྲ་ཆུང་བ་དང་། རྒྱ་ཡིག་འདི་འདྲ་ཆེ་བ། ཡིག་བྱང་ལ་ལའི་ཐོག་ཏུ་བོད་ཡིག་རྩ་བ་ནས་བྲིས་མེད་པ་རེད། ན་ནིང་བོད་ལྗོ ངས་གླུ་གར་ཚོགས་པ་ཡོ་རོབ་ཀྱི་རྒྱལ་ཁབ་འགའ་ལ་འཁྲབ་སྟོ ན་བྱེད་དུ་སོང་། འཁྲབ་པའི་ཟློས་གར་བོད་ལྗོ ངས་ཀྱི་ཟློས་གར་ཡིན་མོད། བཤད་པའི་སྐད་ཆ་ནི་རྒྱ་སྐད་ཡིན་སྟབས། ཕྱི་རྒྱལ་གྱི་མིས་ཁྱོད་ཚོ་ནི་བོད་ལྗོངས་འཐུས་མི་ཚོགས་པ་ཡིན་པས། བོད་སྐད་བཤད་ཤེས་སམ་མི་ཤེས་ཞེས་དྲིས། མི་ཤེས་ཞེས་ལན་བཏབ་རྗེས། ཚང་མ་བགད་པ་རེད།

དེ་གསར་འགྱུར་སྟེང་དུ་ཡང་བཀོད་ཡོད།མི་རིགས་ས་གནས་རང་སྐྱོང་བྱེད་དགོས་ན། ཅིས་ཀྱང་མི་རིགས་དེའི་ཁྱད་ཆོས་སྲུང་འཛིན་བྱེད་དགོས། ཁྱད་ཆོས་མེད་ན་སྤྱི་མཚན་མེད། འདི་ནི་རྩོད་སྒྲུབ་ཡིན། དེ ར་རྟེན། ང་ཚོས་མི་རིགས་གཅིག་འདྲར་འགྱུར་བ་སྒྲུབ་སྒྲུབ་མི་རུང་། ལོ་བརྒྱ་ཕྲག་འགའ་དང་། ལོ་སྟོང་ཕྲག་འགའི་རྗེས་སུ་འཕེལ་ཚུལ་ཅི་འདྲ་ཡིན་པ། ང་ཚོས་བསམ་མི་དགོས་པ་རེད། མི་རིགས་གཅིག་འདྲར་འགྱུར་བ་བྱ་རྒྱུ་ནི་མི་རིགས་མེད་པར་གཏོང་བའི་སྲིད་ཇུས་ཡིན་པས། དེ་ལ་ངོ་རྒོལ་བྱེད་དགོས་པ་མ་གཏོགས། ཁས་ལེན་མི་རུང༌། འདི་ནི་ཕྱོགས་གཅིག་ཡིན།

ཕྱོགས་གཞན་གཅིག་ནི། མི་རིགས་སོ་སོའི་བར་མཐུན་སྒྲིལ་བྱེད་དགོས་པ་དང་། མི་རིགས་ཕན་ཚུན་བར་འདྲ་མཉམ་ཡིན། མི་རིགས་བར་མཐུན་སྒྲིལ་བྱེད་དགོས་ན་ཆ་རྐྱེ ན་ཡོད་དགོས། ཆ་རྐྱེན་མེད་པའི་དོན་བྱ་གཅིག་ཀྱང་མེད།ཆ་རྐྱེན་མེད་ཟེ ར་བ་ནི་ཚན་རིག་དང་མི་མཐུན། འཛམ་གླི ང་ཐོག་ཏུ་ཆ་རྐྱེན་མེད་པའི་དོན་བྱ་གཅིག་ཀྱང་མེད། མིའི་རིགས་གནས་པའང་རང་ལ་མཐུན་པའི་ཆ་རྐྱེན་ཡོད། འཇིག་རྟེན་འདི་བར་སྣང་ནས་མར་མི་ལྷུང་བ་ཡང་ཆ་རྐྱེ ན་ཡོད་པ་རེད།།

དེ་ཚོ་ནི་ཕན་ཚུན་འཐེན་པ་དང་། ཕན་ཚུན་གཅུན་པའི་ཕྱིར་ཡིན། འདི་དག་ཚང་མ་ཆ་རྐྱེ ན་ཡིན། མི་རིགས་མཐུན་སྒྲིལ་བྱེད་པར་ཡང་ཆ་རྐྱེ ན་ཡོད།དེའང་ཕན་ཚུན་གཅུན་པ་དང༌། ཕན་ཚུན་བརྟེ ན་ནས་གནས་པ་ཡིན།གྲངས་ཉུང་མི་རིགས་ཀྱིས་རྒྱ་རིགས་ལ་བརྩི་བཀུར་བྱེད་དགོས། ཁོ་ཚོ་ང་ཚོའི་རྒྱལ་ཁབ་ཀྱི་མི་རིགས་གཙོ་བོ་ཡིན། ཁོ་ཚོ་ནི་སྔོན་ཐོན་ཡིན་པས།ང་ཚོས་ཁོ་ཚོ་ནི་ཕུ་བོར་བརྩི་དགོས་ཤིང་ཡིན་ནའང་དེས་ཀྱང་ནུ་བོ་ལ་ཤ་ཚ་དགོས་པ་ལས་ནུ་བོར་རྡུང་མི་ཉན། ཚང་མར་རང་ཉིད་ཀྱི་ཡུལ་ཡོད་ཅིང་། ཕུ་བོ་ཡོད་ལ་ནུ་བོ་ཡང་ཡོད། ཕུ་བོས་ཀྱང་ནུ་བོ་ཆུང་ཆུང་ལ་ཤ་ཚ་དགོས། འདི་ལྟར་བྱས་ན་ཁྱིམ་འདི་ནི་མཐུན་པོ་ཡིན་པ་རེད། ཕུ་བོ་རྒན་པས་རྒྱུན་དུ་ནུ་བོ་ཆུང་ཆུང་ལ་རྡུང་ན། ནུ་བོ་ཆུང་ཆུང་དྲ་མའི་ནང་ནས་བྲོས་ངེས་ཡིན། འདི་ནི་ཡ་མཚན་གྱི་དོན་ཞིག་མ་རེད། ཁ་བྲལ་འགྲོ་བར་སྐྲག་པ་ནི་འགྲིག་པ་ཡིན་པ་དང་། ང་ཚོ་ཁ་བྲལ་མི་ཉན། ང་ཚོ་ཡང་གཏན་ནས་ཁ་བྲལ་རྒྱུ་མིན། ང་ཚོ་མི་རིགས་བར་མཐུན་སྒྲིལ་བྱས་ནས། ཐུན་མོང་གི་ང་ཚོའི་མེས་རྒྱལ་འཛུགས་སྐྲུན་བྱེད་དགོས། ཡིན་ན་ཡང་ཁ་བྲལ་ལ་སྐྲག་ནས་བསྡད་ནའང་། ཁ་བྲལ་བའི་རྒྱུ་རྐྱེན་གནས་ཡོད།

དཔེ་ཞིག་བཞག་ན། བཟའ་ཚང་ཞིག་ཡོད་པ་དེ་གཉིས་འཐོར་རྒྱུ་ཡིན།

འཐོར་ན་བཟང་ངམ་མི་བཟང་ཞེ་ན། དེ་ནི་མི་བཟང་བ་རེད། བདེ་སྐྱིད་ལྡན་པའི་ཁྱིམ་ཞིག་འཛུགས་དགོས་ན་བཟའ་ཚང་བར་ཕན་ཚུན་ལ་བརྩི་འཇོག་དང་།ཕན་ཚུན་ལ་དགའ་ཞེན་བྱེད་དགོས་ལ། མི་གཞན་པས་ཕྲ་མ་དཀྲུག་ཤིང་ཅི་འདྲ་བསླབས་ཀྱང་བཟའ་ཚང་འཐོར་མི་ཐུབ་པ་རེད། གལ་ཏེ་དེ་འདྲ་ཞིག་མ་བྱས་ཏེ་ཕན་ཚུན་འཁོན་འཛིན་བྱེད་པ་དང་། ཕན་ཚུན་བརྩི་འཇོག་མི་བྱེད་ན། མི་ཚོས་ཅི་ལྟར་བཤད་ཀྱང་བཟའ་ཚང་འཐོར་རྒྱུ་ནི་གཡོལ་ཐབས་མེད་པ་རེད། འདི་ནི་དཔེ་ཞིག་ཡིན།

དེར་བརྟེན། ང་ཚོས་མི་རིགས་ཀྱི་མཐུན་སྒྲིལ་ལེགས་སྒྲུབ་བྱེད་དགོས་པ་དང་།མེས་རྒྱལ་གྱི་གཅིག་གྱུར་ལ་སྲུང་སྐྱོང་བྱེད་དགོས་པ། མི་རིགས་སོ་སོ་ཁ་བྲལ་མི་བྱེད་པར་ཚང་མ་མཉམ་གནས་བྱེད་དགོས། འདི་ནི་ང་ཚོ་ཐུན་མོང་གི་ཁེ་ཕན་ཡིན་ལ། མི་རིགས་སོ་སོའི་རྩ་བའི་ཁེ་ཕན་ཡང་ཡིན།ང་ཚོས་རང་ཉིད་ཀྱི་ཚེ་སྲོག་བློས་བཏང་ནས་ང་ཚོའི་མེས་རྒྱལ་སྲུང་སྐྱོབ་བྱེད་དགོས་པ་དང་། མེས་རྒྱལ་གྱི་གཅིག་གྱུར་ལ་སྲུང་སྐྱོང་བྱེད་དགོས།

རང་ཉིད་ཀྱི་མིག་འབྲས་སྲུང་བ་ལྟར་མི་རིགས་སོ་སོའི་མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོར་སྲུང་སྐྱོབ་བྱེད་དགོས། འདི་ནི་ཧ་ཅང་ཡོངས་ཁྱབ་ཡིན་པའི་བདེན་དོན་ཞིག་ཡིན།འོན་ཀྱང་ ༡༩༥༨ ལོ་དང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ཀྱི་བྱེད་སྟངས་དེ་དག་ནི་ནོར་འཁྲུལ་ཡིན།སྤྱོད་ཚུལ་དེ་དག་གིས་ཁ་བྲལ་ལ་ངན་སྐུལ་བྱས་པ་མ་གཏོགས། གསར་བརྗེ་ལ་ཕན་པ་མེད་པ་དང་། མེས་རྒྱལ་གྱི་གཅིག་གྱུར་སྲུང་སྐྱོང་བྱེད་པར་ཕན་པ་མེད། ༡༩༥༨ ལོར་བོད་རིགས་ལ་དེ་འདྲ་བརྒྱབ་པ་དེ། ཁོ་ཚོས་བཤད་ན་བོད་རང་བཙན་ཟེར་བ་དེ་སྔོ ན་འགོག་དང་། ཁ་བྲལ་འབྱུང་བར་དོགས་ནས་ད་གཟོད་བྱས་པ་ཡིན་ཞེས་བཤད་པ་རེ ད། དོན་དངོས་ཐོག་ཏུ་མི་དེ་ཚོ་བཙན་གྱིས་ལམ་དེ ར་འགྲོ་རུ་བཅུག་པ་ཡིན།

འཛེམ་ཆ་མེད་པའི་སྒོ་ནས་བཤད་ན། ༡༩༥༨ ལོར་ཟིང་འཁྲུག་ཞི་འཇགས་ནང་དྲག་གནོན་རྒྱ་སྐྱེད་ཆེ་དྲགས་པ་རེད། བཤད་ཚུལ་ལ་མེས་རྒྱལ་གྱི་གཅིག་གྱུར་ལ་སྲུང་སྐྱོང་བྱས་པ་ཡིན་ཞེས་བཤད་པ་རེད། དོན་དངོས་སུ་མེས་རྒྱལ་གྱི་གཅིག་གྱུ ར་ཁ་བྲལ་དུ་བཏང་བ་རེད། ཧྲུའུ་ཅི ་སྐུ་ཞབས། ཁྱེད་ཀྱི་སེམས་ལ་གཅིག་གྱུར་སྲུང་སྐྱོང་བྱེད་རྒྱུ་ཡིན་ཞེས་སྙམ་ན་ཡང་། སྒྲུབ་པ་ནི་ཁ་བྲལ་གྱི་བྱ་བ་ཡིན། སྐབས་དེའི་འགོ་ཁྲིད་དེ་དག་ནི། བློ་མཐུན་མིན་ཞིང་སྐུ་ཞབས་ཡིན། མི་དེ་འདྲ་མང་པོ་བཟུང་བ་དང་། མི་དེ་འདྲ་མང་པོ་བསད་པ་རེད། དེར་བརྟེན་མི་རིགས་མཐུན་སྒྲིལ་བྱེད་རྒྱུར། མི་རིགས་ཚང་མར་འགན་ཁུར་ཡོད་པ་རེད།བོད་རིགས་ནང་གི་མི་ཁ་ཤས་དང་ཁྱད་པར་དུ་བོད་ལྗོ ངས་སུ་རྒྱ་མི་ཟུར་འབུད་བྱེད་པའི་བསམ་པར་ངས་ངོ་རྒོལ་བྱེད་པ་ཡིན། རྒྱ་རི གས་ནི་རང་རྒྱལ་གྱི་མི་རིགས་སོ་སོའི་ནང་གི་མི་རིགས་གཙོ་བོ་ཞིག་དང་གྲུབ་ཆ་གཙོ་བོ་ཞིག་ཡིན་པས་ང་ཚོས་རྒྱ་རིགས་ཟུར་འབུད་བྱེད་མི་རུང་།དུས་མཚུངས་སུ་རྒྱ་རིགས་བློ་མཐུན་ཚོས་ཀྱང་གྲངས་ཉུང་མི་རིགས་ལ་རྒྱུན་དུ་མགོ་གནོན་བྱས་མི་ཆོག རྒྱ་རིགས་བློ ་མ་མཐུན་ཁ་ཤས་ཀྱང་ཧ་ཅང་མི་བཟང༌། ཁོ་ཚོས་ཁྱོད་ཚོ་རྗེས་ལུས་ཡིན་པ་དང་ཁྱོད་ཚོ་གང་འདྲ་དེ་འདྲ་རེད་ཅེས་བཤད་པ་རེད། རྗེས་ལུས་ཡིན་པ་ནི་ལོ་རྒྱུས་ཀྱི་བཟོས་པ་ཡིན། འོ་ན་ང་ཚོ་རྨོངས་པ་རེ ད་དམ། མ་རེད། སློ བ་གསོ་བཏང་བ་བཟང་ཞིང༌། སློབ་གྲྭ་མང་བ་ཡོད་ན། ང་ཚོའི་ནང་དུ་ཡང་མི་རིགས་གཞན་དང་མཚུངས་པའི་ཚན་རིག་པ་ཐོན་སྲིད་པ་རེད།

ང་ཚོས་སློ བ་སྦྱོང་བཟང་པོ་བྱེད་མ་ཐུབ་པ་རེད། སློབ་སྦྱོང་བཟང་པོ་བྱ་ན། སློབ་གྲྭ་རུ་གཞན་དང་འདྲ་བར་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་ཐུབ་པ་རེད། ང་ཚོ་གྲངས་ཉུང་མི་རིགས་རྨོངས་པ་མ་རེད། ང་ཚོ་ནི་ལས་ལ་བརྩོན་ཞིང་དཔའ་སེམས་ཆེ་བ་དང་བློ་གྲོས་ལྡན་པའི་མི་རིགས་ཤིག་ཡིན། དེ ར་བརྟེན་ང་ཚོར་སྣང་མེད་མཐོང་ཆུང་མ་བྱེད་ཅིག བོད་རྒན་བོད་རྒན་ཞེས་མ་ཟེར། ང་ཚོས་རྒྱ་རྒན་རྒྱ་རྒན་མ་ཟེར། དེ་འདྲ་བཤད་ན་མི་བཟང་བ་རེད། ཚང་མ་མེས་རྒྱལ་གྱི་སྤུ ན་ཟླ་ཡིན་པས། དེ་འདྲ་བཤད་ན་ཧ་ཅང་མི་བཟང་།སྔོན་ཐོན་ཅི་ཙམ་ཡིན་ན་རྗེས་ལུས་པར་རོགས་རམ་དེ་ཙམ་བྱེད་པའི་འོས་འགན་ཡོད་པ་དང་། ཁོ་ཚོ་ཡར་ལ་ལག་འཐེན་བྱེད་དགོས་པ་ལས་ཁོ་ཚོར་མཐོང་ཆུང་དང་མགོ་གནོན་བྱེད་པའི་དབང་ཆ་མེད།མི་རིགས་སོ་སོའི་བར་ཕན་ཚུན་མཐུན་སྒྲིལ་བྱེད་པ་དང་མི་རིགས་ལས་བྱེད་པ་སྐྱེད་སྲིང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བ་རེ ད། བཅིངས་འགྲོལ་བྱས་པའི་ཚུན་ལ། ང་ཚོས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་མི་ཉུང་བ་ཞིག་སྐྱེད་སྲིང་བྱས། མི་རིགས་ལས་བྱེད་པ་དེ་ཚོའི་ནང་དུ་ཆེས་མང་ཆེ་བ་ནི་བཟང་བ་རེད།

ཕྱོགས་གཅིག་ནས་ཁོ་ཚོས་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་བྱེད་པ་དང་། མར་ལེ་རིང་ལུགས་ལ་དད་གུས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་འགྲོ་བ་རེད། ཕྱོགས་གཞན་ཞིག་ནས་ཁོ་ཚོ་རང་གི་མི་རིགས་ལ་བརྩེ་དུང་ཟབ་མོ་ཡོད་པས། མི་དེ་དག་ནི་ང་ཚོའི་བོད་རིགས་ཀྱི་རི ན་པོ་ཆེ་ཡིན། ཁོ་ཚོ་ཚང་མ་བློ ་མཐུན་བཟང་པོ་ཡིན་པས། ང་ཚོས་ངེས་པར་ས་པར་དུ་བློ ་མཐུན་འདི་དག་ལ་སློབ་སྦྱོང་བྱེད་དགོས།ཁོ་ཚོ་ནི་ང་ཚོའི་མི་རིགས་ཀྱི་གཟི་བརྗིད་དང་ང་རྒྱལ་ཡིན། ཡིན་ན་ཡང་མི་རིགས་ལས་བྱེད་པ་ལ་ལ་ཡང་དེ་འདྲ་བཟང་པོ་ཞིག་མ་རེད། མི་ལ་ལས་གོ་གནས་འཕར་བའི་ཆེད། གཡོན་ཐལ་ཆེ་བའི་ལམ་ཕྱོགས་ཀྱི་སྐབས་སུ་མི་རིགས་ཀྱི་བརྩེ་དུང་དོར་བ་དང་། མི་རིགས་ཀྱི་དབྱེ་མཚམས་ལས་བརྒལ་བ་རེད། མི་རིགས་ལས་བྱེད་པ་ལ་ལས་རང་གི་མི་རིགས་ཀྱི་མང་ཚོགས་ལ་བཟུང་བའི་སྤྱོད་ཚུལ་དེ་རྒྱ་རིགས་ལ་བཟུང་བའི་སྤྱོད་ཚུལ་ལས་བཙན་པ་དང་རྩུབ་པ་རེད། ཁོ་ཚོ་ལ་ཡང་བྱ་ཐབས་མེད།སྐབས་དེར་སུས་རང་གི་མི་རིགས་མང་ཚོགས་ཀྱི་ཆེད་དུ་སྐད་ཆ་ཚིག་གཅིག་བཤད་ན། མྱུར་དུ་ས་གནས་མི་རིགས་རིང་ལུགས་ཀྱི་ཞྭ་མོ་བསྐོན་སྟབས།ང་ཚོ་སྐྲག་པ་རེད། དེ་ང་ཚོས་ཤེས་པ་དེ་རེད། ཕྱིན་ཆད་བློ་མཐུན་དེ་དག་ལ་རོགས་རམ་བཟང་པོ་བྱེད་པ་དང་། ཁོ་ཚོར་དེ་འདྲ་བྱས་ན་མི་འགྲིག་པ་དང་།

ཏང་གི་ཁེ་ཕན་ལ་མི་མཐུན་པ་དང་མི་དམངས་ཀྱི་ཁེ་ཕན་ལ་མི་མཐུན་པར་མ་ཟད། མི་དམངས་ཀྱིས་ཀྱང་དགའ་བསུ་མི་བྱེད་པ་གསལ་བཤད་བྱེད་དགོས།ངེས་པར་དུ་ཕྱོགས་གཅིག་ནས་ཏང་གི་གསུང་ལ་ཉན་པ་དང་། ཏང་གི་འགོ་ཁྲིད་ལ་བརྩི་སྲུང་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལ་འགྲོ་དགོས།ཕྱོགས་གཞན་གཅིག་ཏུ་མི་རིགས་ཀྱི་བརྩེ་དུང་དང་ཁྱད་ཆོས་རྒྱུན་སྲུང་བྱེད་དགོས་པ་དང་། རང་གི་མི་རིགས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་ཁེ་ཕན་མཚོན་དགོས། འདི་ལྟར་བྱས་ན་ད་གཟོད་ཏང་དང་མི་དམངས་བར་གྱི་ཟམ་པའི་ནུས་པ་འདོན་ཐུབ་པ་དང་རང་གི་མི་རིགས་ཀྱི་མང་ཚོགས་རྣམས་ཀྱིས་ཀྱང་ཁྱོད་ལ་ཡིད་ཆེས་བྱེད་པ་དང་། ཁྱེད་ནི་རང་གི་མི་རིགས་ཀྱི་ལས་བྱེད་པ་དང་རང་གི་མི་རིགས་སྣེ་ཁྲིད་མཁན་ཡིན་པ་ཁས་ལེན་བྱེད་པ་རེད།

མི་རིགས་ལས་བྱེད་པ་དེར་རང་གི་མི་རིགས་དང་རང་གི་ས་ཁུལ་དུ་མཚན་སྙན་གྲགས་ཡོད་དགོས་པ་ཡིན། ལས་བྱེད་པར་མཚན་སྙན་གྲགས་མེད་ན་ཕན་ཐོགས་མེད་པ་རེད། ངས་འཛེམ་ཆ་མེད་པར་བཤད་ན། མི་རིགས་ལས་བྱེད་པ་ལ་ལར་མང་ཚོགས་ཀྱིས་མི་དེ་ཚོ་ནི་ང་ཚོའི་མི་རིགས་ཀྱི་བློ་ལོག་པ་ཡིན་ཟེར། མི་ཉུང་ཤས་ཤིག་གིས་མི་རིགས་ཀྱི་ཁེ་ཕན་ལ་ངོ་ལོག་རྒྱབ་གཏོད་བྱས།མི་དེ་ལྟ་བུ་མང་པོ་མེད། མི་དེ་ལྟ་བུས་ཏང་ལ་ནུས་པ་ཅི་ཞིག་ཐོན་ཐུབ་ཟེ ར་ནི། ནུས་པ་ངན་པ་མ་གཏོགས་ཐོན་མི་ཐུབ་པ་རེད། བློ་མཐུན་དེ་ཚོར་སློབ་གསོ་གཏོང་དགོས། ཁོ་ཚོར་སློབ་གསོ་བཏང་སྟེ་ཕྱོགས་གཉིས་ཀར་བལྟ་རྟོགས་བྱས་ན་ད་གཟོད་ལས་བྱེད་པ་ཕུལ་བྱུང་ཅན་དུ་འགྱུར་ཐུབ་པ་དང་། ཏང་དང་མི་དམངས་ཀྱི ་ལས་དོན་ལ་ཕན་པ་ཡོད་པའི་མི་ཞིག་ཏུ་འགྱུར་ཐུབ་པ་རེད།དེའི་ཕྱིར། མི་རིགས་ལས་བྱེད་པ་སྐྱེད་སྲིང་བྱེད་པའི་བྱ་བ་ནི་ཤིན་ཏུ་གལ་ཆེ་བ་ཡིན། འདི་ནི་ང་རང་གི་ལྟ་ཚུལ་ཡིན། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་མེས་རྒྱལ་གཅིག་གྱུར་རྒྱུན་འཁྱོངས་བྱེད་ཐུབ་ལ།རང་གི་མི་རིགས་ཀྱི་མང་ཚོགས་ལ་ཡང་འབྲེལ་འདྲིས་དམ་པོ་བྱེད་ཐུབ་པའི་མི་འདམ་གསེས་བྱ་རྒྱུ་དོ་སྣང་བྱེད་དགོས། འདི་ནི་བློ་མཐུན་ཅང་ཕིན་གྱིས་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཐོག་གི་སྙན་ཞུའི་ནང་དུ་གསུང་པ་ཡིན། ཕྱིན་ཆད་མི་རིགས་ལས་བྱེད་པ་འདམ་གསེས་བྱས་ན་འདི་འདྲའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།གསལ་པོར་བཤད་ན། ཕྱོགས་གཉིས་ལ་བལྟ་རྟོགས་བྱེད་དགོས་པ་ལས།ཕྱོགས་གཅིག་ཁོ་ནར་བལྟ་རྟོ གས་བྱེད་མི་རུང་བ་དེ་ཡིན། དེ་ནི ་ཧ་ཅང་གལ་

ཆེ་བ་རེད། གཡོན་ཐལ་ཆེ་བའི་ལམ་ཕྱོགས་ཀྱི་ཤུགས་རྐྱེ ན་ཐེབས་པའི་འོགགྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ལ་ལས་ཕྱོགས་གཅིག་ཁོ་ནར་མ་གཏོགས་བལྟ་རྟོགས་མི་བྱེད་པ་རེད། དེ་ནི་མི་འགྲིག་པ་རེད། བློ་མཐུན་དེ་ཚོའི་ནང་དུ་ལ་ལ་ནི་ཁོ་ཚོ་རང་ཉིད་མི་འགྲིག་པ་རེད། ལ་ལར་ལམ་ཕྱོགས་ཀྱི་ཤུགས་རྐྱེ ན་ཐེབས་པ་ཡིན་པས། ཚང་མ་ཁོ་ཚོ་རང་ཉིད་ཀྱི་མགོ་ལ་འཇོག་མི་རུང་།ང་ཚོས་ཁོ་ཚོར་ཤིན་ཏུ་བཟང་ཞིང་སྤྲོ་སེམས་འཁོལ་བའི་ངང་ནས་རོགས་རམ་བྱས་ཏེ། ཕྱིན་ཆད་ངེས་པར་དུ་ཕྱོགས་གཉིས་ལ་བལྟ་རྟོགས་བྱེད་དགོས། ཕྱོགས་གཉིས་ལ་བལྟ་རྟོགས་བྱས་ན་བཟང་བ་རེ ད།ཕྱོགས་གཞན་ཞིག་ཏུ། རང་སྐྱོང་ཁུལ་སོ་སོའི་མི་རིགས་ལས་བྱེད་པར་ཡང་བསྡུ ར་ཚད་དེ་ངེས་པར་དུ་རིམ་བཞིན་འཕར་དགོས། འོན་ཀྱང་རྒྱ་རིགས་ལས་བྱེད་པ་ཡང་ཟུར་འབུད་བྱེད་མི་རུང༌། ངས་ས་གནས་སོ་སོའི་མི་རིགས་ལས་བྱེད་པ་དང་རྒྱ་རིགས་ལས་བྱེད་པས་འབྲེལ་བ་བཟང་པོ་བྱེད་པ་དང་ཚང་མས་ལག་གདང་སྦྲེལ་ནས་མཉམ་དུ་ཏང་དང་མི་དམངས་ཀྱིས་ཁྱོད་ཚོར་སྤྲད་པའི་ལས་འགན་ལེགས་སྒྲུབ་བྱེད་རྒྱུའི་རེ་འདུན་ཞུས་པ་ཡིན།མི་རིགས་ལས་བྱེད་པའི་བར་དུའང་སྐབས་འགར་དེ་འདྲ་མཐུན་སྒྲིལ་ཡོང་བ་ཞིག་མ་རེད། དེ་འདྲ་བྱས་ན་མི་འགྲིག ཚང་མ་མཐུན་སྒྲིལ་ཡོང་དགོས།མཐུན་སྒྲིལ་མི་ཡོང་བ་དེ་ནི་རིག་གནས་གསར་བརྗེ་ཆེན་པོའི་ནང་ནས་བྱུང་བ་རེད། རིག་གནས་གསར་བརྗེ་ཆེན་པོས་ང་ཚོར་བཞག་པའི་དུག་ཅིག་རེད། སྐབས་དེར་ཕྱོགས་ཁག་སྒྲིག་པས། ཐ་ན་བཟའ་ཚང་བར་དུའང་གནད་དོན་བྱུང་།

གནད་དོན་དེ་རིགས་ལས་ཁུངས་ནང་དུའང་ཡོད། ཕན་ཚུན་མཚང་འབྱིན་བྱེད་པ་དང་། ཕན་ཚུན་ཞུ་ཡིག་ཆུང་ཆུང་བྲིས། མི་ལ་ལས་མི་བཤད་དགུ་བཤད་དང་། སྡིག་མོ་བྱས་ནས་མི་ཤི་ཁྱིམ་སྟོ ངས་སུ་གྱུར་སྟབས། མི་མང་པོ་ཞིག་གི་སེམས་ནང་དུ་སྡུག་བཞག་པས། འབྲེལ་བའི་སྟེང་དུའང་དེ་འདྲ་རྒྱུན་གཏན་ཞིག་མ་རེད། སྔོན་ཆད་ཀྱི་དོན་དག་ཆུང་ཆུང་དེ་དག་གིས་ད་ལྟའི་འབྲེལ་བར་གནོད་མི་བསྐྱལ་བའི་རེ་འདུན་ཞུ།

ངས་རང་གི་བྱ་བ་སླར་གསོ་བྱས་པའི་རྗེས་སུ་ང་ལ་འཐབ་རྩོད་བྱས་མྱོང་བའི་མི་རྣམས་རྩད་གཅོད་གཏན་ནས་བྱས་མ་མྱོང་། ངས་སྔོན་ཆད་བཤད་མ་མྱོང་ལ། ཕྱིན་ཆད་ཀྱང་མི་བཤད། ད་ལྟ་ངའི་བྱ་བ་སླར་གསོ་བྱས་ཡོད་པ་རེད། གལ་ཏེ་རྩད་གཅོད་བྱས་ན་ཆ་རྐྱེན་ལྡན་པ་རེད། འོན་ཀྱང་ངས་རྩད་གཅོད་བྱེད་མི་འདོད། དེར་དོན་སྙི ང་མེད་པ་རེད།ཁོ་ཚོས་བཤད་འདོད་ན་བཤད་དུ་བཅུག་ཁོ་ཚོ་རང་གིས་རང་ལ་ཚིག་བཀྱོན་བྱེད་དུ་བཅུག ཁོ་ཚོས་ང་ལ་གཅར་རྡུང་བྱས་མྱོང་། ད་ལྟ་ང་ལ་ན་ཟུག་མི་སྐྱེ་ལ། ད་ལྟ་ཁོ་ཚོས་ང་ལ་གཅར་རྡུང་ཡང་བྱེད་མི་ཕོད་པ་རེད། རང་ཉིད་ཀྱི་དོན་ཆུང་ཆུང་དེ་དག་སེམས་ལ་མ་འཛིན་དང་། དོན་ཆུང་དེ་དག་སེམས་ལ་བཟུང་ན། མིའི་སྤྱོད་ཚུལ་ཉམས་པ་རེད། འདི་ནི་ངའི་ཉམས་མྱོང་ཡིན།རང་ཉིད་ཀྱི་དོན་ཆུང་དེ་དག་སེམས་ལ་མི་འཛིན་པར་བློ་ཡངས་ཁོག་ཆེ་བྱེ ད་དགོས། འདི་ལྟར་བྱས་ན་མི་ལ་སྤྱོད་ཚུལ་ལྡན་པ་དང་མཐུན་སྒྲིལ་ལ་ཡར་སྐུལ་ཐོབ་ཐུབ། བྱ་བ་སྒྲུབ་པར་ཕན་པ་ཡོད། དེ་མིན་སྔོན་ཆད་ལྟར་མཚང་འབྱིན་བྱས་པས། སེམས་ནང་དུ་འགལ་ཆ་བྱུང་བ་དང་། རྒྱུན་པར་འདང་མ་ཕོག དེ་འདྲ་བྱས་ན་དོན་སྙིང་ཅི་ཡང་མེད། དོན་དག་འདི་འདྲ་མ་སློང་། འགོ་ཁྲིད་ཚན་ཆུང་མཐུན་སྒྲིལ་ཡོང་དགོས། འགོ་ཁྲིད་ཚན་ཆུང་ནང་གི་མི་རིགས་ལས་བྱེད་པ་མཐུན་སྒྲིལ་ཡོང་དགོས། ལས་བྱེད་པ་གསར་རྙིང་བར་མཐུན་སྒྲིལ་ཡོང་དགོས། འདི་ལྟར་བྱས་ན་ཧ་ཅང་བཟང་བ་རེ ད།ཕྱོགས་གཞན་གཅིག་ཏུ་རང་གི་མི་རིགས་ཀྱི་ལས་བྱེད་པ་འབོར་ཆེན་སྐྱེད་སྲིང་བྱེད་དགོས། ལས་བྱེད་པའི་གོ་གནས་སྤར་སྐབས། སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་བྱེད་དགོས་པ་ལས། རང་གི་གཉེན་ཉེ་ཁོ་ན་བསྐོ་བཞག་བྱས་མི་ཆོག་ད་ལྟ་ས་ཆ་ཁ་ཤས་སུ་རང་གི་ལྟག་སྒོ ་ཆུང་བའི་ནང་ནས་འགོ་ཁྲིད་ཀྱི་གོ་གནས་ཐོག་ཏུ་ཡོང་། དེ་ནི་མི་འགྲིག ངེས་པར་དུ་ནུས་རྩལ་ངོ་མ་ཡོད་པ་དང་། ཏང་གི་ལས་དོན་དང་མི་དམངས་ཀྱི་ལས་དོན། མི་ཡོངས་ཀྱི་ཆེད་དུ་འབད་པའི་མི་འགོ་ཁྲིད་ཀྱི་གོ་གནས་སུ་སྤར་དགོས།

དེ་མི་གང་འདྲ་ཞིག་ཡིན་པར་མི་བལྟ་བ་དང་། ཐ་ན་རང་ལ་ངོ་རྒོལ་བྱས་པ་མ་ཟད། ངོ་རྒོལ་བྱས་པ་ནོར་བའི་མི་ཡིན་རུང་འགོ་ཁྲིད་གོ་གནས་སུ་སྤར་དགོས། འདི་ལྟ ར་སྤར་ན་ཁོ་ལའང་སེམས་འགུལ་ཐེབས་ཐུབ། ང་ཚོས་ངེས་པར་དུ་ཏང་གི་ཁེ་ཕན་དང་མི་དམངས་ཀྱི་ཁེ་ཕན་དེ་བྱ་བ་མཐའ་དག་གི་དང་པོར་འཇོག་དགོས། དེ་ཡང་རང་གི་དོན་དག་གཅིག་ཀྱང་མ་སྒྲུབ་ཟེར་བ་མིན།དེ་དོན་དངོས་དང་མི་མཐུན་པ་རེད།

མི་བཞི་ཚོགས་ཁག་གི་སྐབས་ཁ་རྒྱག་ཆེས་ཆེན་པོ་རེད། དོན་དངོས་ཐོག་ཁོ་ཚོའི་སྒེར་སེམས་གཞན་ལས་ཆེ། ཁོ་ཚོས་ཁ་ནས་སྤྱི་དོན་ཁོ་ན་མ་གཏོགས་མི་བཤད། དོན་དངོས་ཐོག་སྒེར་དོན་རྐྱང་རྐྱང་བསྒྲུབས་པ་རེད། ང་ཚོས་དེ་འདྲ་བྱེད་མི་རུང་། ཚང་མས་སློ བ་གསོའི་བྱ་བར་མཐོང་ཆེན་བྱེ ད་དགོས།བཅིངས་འགྲོལ་བྱས་པའི་ཚུན་ལ་མི་རིགས་ལས་བྱེད་པ་འགའ་སྐྱེད་སྲིང་བྱས།ཡིན་ན་ཡང་མང་ཆེ་བ་ནི་སྲིད་འཛིན་མི་སྣ་ཡིན། ལག་རྩལ་ལས་བྱེད་པ་ཅུང་ཙམ་ཉུང་བས། ཕྱོགས་སོ་སོའི་ཤེས་ལྡན་མི་སྣ་མང་པོ་སྐྱེད་སྲིང་བྱེད་དགོས།མང་ཚོགས་ཚང་མས་རང་གི་བུ་བུ་མོ་སློབ་གྲྭར་ཧུར་ཐག་སྒོ་ནས་ཞུགས་སུ་འཇུག་རྒྱུའི་རེ་བ་ཞུ། ང་ཚོ་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཆུ་ཚད་དམའ་བས་གྱོང་ཆེན་པོ་རག་པ་རེད། དེར་བརྟེན་ཚང་མས་འདིའི་ཐད་མཉམ་འཇོག་བྱེད་དགོས།ཆོས་ལུགས་བྱ་བ་ཧ་ཅང་གལ་ཆེ། ད་ལྟ་མཐོང་ཆེན་བྱས་པ་མི་འདང་།མང་ཚོགས་རྣམས་ཆོས་ལུགས་ལ་ལྷག་བསམ་དེ་འདྲ་ཆེ་བར། ཁྱོད་དགའ་ཡང་ཆོག་ལ་མི་དགའ་ཡང་ཆོག དེ་ནི་དོན་ངོ་མ་ཡིན་པ་དང་ལོ་སུམ་ཅུའི་རིང་གི་ཉམས་མྱོང་ཡིན། ད་ཐེངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ཏུ་ངས་བཤད་མྱོང་། ང་ཚོས་ཆོས་ལུགས་ཀྱི་དངོས་པོ་མེད་པར་བཏང་ཟིན་ན་ཡང་།ཆོས་ལུགས་ཀྱི་བསམ་པར་ཡར་སྐུལ་བྱས་པ་རེད། ང་ཚོའི་དགོན་པ་མང་ཆེ་བ་བཤིག་པ་དང་། གྲྭ་པ་ཕལ་ཆེར་སྐྱ་སར་ཕབས་པ་རེད། ང་ས་ཆ་མང་པོ་ཞིག་ལ་སོང་མྱོང་། མི་དམངས་མང་ཚོགས་ཁྲི་ཚོ་འགའ་ཡིས་ང་ལ་མཇལ་བ་རེ ད།འོན་ཀྱང་། ད་ཐེངས་ཀྱི་འདི་འདྲའི་དགོས་གལ་ཆེ་བ་དང་། འདི་འདྲའི་ལྷག་བསམ་རྣམ་པར་དག་པ་ཡོད་མ་མྱོང་། འདིའི་རྒྱུ་མཚན་ཅི་ཡིན་ཟེར་ན། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་མི་རྣམས་ལ་ཆོས་ལུགས་ཀྱི་བྱ་འགུལ་མེད་པ་དང༌། བླ་མ་ལ་མཇལ་མ་མྱོང་སྟབས་སྐོམ་པ་ཆུ་འདོད་ལྟར་ཆུ་འཐུང་ཟིན་རུང་ད་དུང་འཐུང་འདོད་སྐྱེས་པ་དང་འདྲ། དེ ས་ཆོས་ལུགས་བྱ་བ་གལ་ཆེ་བའི་རང་བཞིན་དང་མི་རིགས་དང་མི་དམངས་མང་ཚོགས་ཀྱི་འབྲེལ་བར་ཐུག་པ་གསལ་བཤད་བྱས།དེར་བརྟེན། རིམ་པ་སོ་སོའི་འགོ་ཁྲིད་བློ་མཐུན་ཚོས་བྱ་བ་འདི ར་མཐོང་ཆེན་བྱེད་དགོས། ད་ལྟ་མཐོང་ཆེན་བྱས་པ་མི་འདང་ཞིང་། བྱ་བ་བསྒྲུབ་ཐབས་བྱས། བསམ་བློ་དེ་དག་མི་འགྲིག་ཅིང་ངེས་པར་དུ་ལུགས་མཐུན་གྱི་ཆོས་ལུགས་བྱ་འགུལ་ཡོད་དགོས་པ་དང་། ཁོ་ཚོར་སྤེལ་དུ་འཇུག་དགོས་པ་མ་ཟད།ཁོ་ཚོའི་བྱ་འགུལ་ལ་ཁག་ཐེག་བྱེད་པ་དང་སྟབས་བདེ་ཡོང་བ་བྱེད་དགོས།

ཕྱོགས་གཞན་ཞིག་ཏུ་ཆོས་ལུགས་བྱ་འགུལ་རྫུན་མར་ཁྲིམས་གཅོད་བྱེད་དགོས།དཔེར་ན་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་དང་། མི་ལ་མགོ་སྐོར་གཏོང་བ། སྒོར་མོ་བསླུ་ལེན་བྱེད་པ། ཁ་འཁྲུག་གཏམ་ངན་བཤད་པ་སོགས་དང་།ལྷ་དབང་མི་ཡུལ་དུ་ཡོང་བ་དང་། ལྷ་དང་འདྲེ་རིག་པ་ཞེས་བཤད་པ་དང་། རྫུན་གཏམ་སྨྲ་བ། མང་ཚོགས་ལ་མགོ་བསྐོ ར་གཏོང་བའི་བྱ་འགུལ་དེ་དག་གིས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླགས་བྱས་པར་མ་ཟད། ཆོས་ལུགས་ཀྱི་མཚན་སྙན་ལའང་གནོད་པ་བཏང་བས། བྱ་འགུལ་དེ་དག་ལ་ཆད་པ་འོས་འཚམ་གཅོད་དགོས། འདི་བྱས་ན་ཕྱོགས་གཉིས་ཀར་བལྟ་རྟོགས་བྱས་པ་རེད།ང་ཚོའི་ཆོས་ལུགས་ངོ་མར་སྲུང་སྐྱོབ་བྱེད་དགོས་པ་དང༌། དགོན་པ་དང་ལྷ་ཁང་འགའ་རེའི་སྒོ་ཕྱེ་རུ་འཇུག་པ། ཆོས་ལུགས་ཀྱི་རྒྱུན་འཛིན་པ་འགའ་རེ་སྐྱེད་སྲིང་བྱེད་པ། མང་ཚོགས་ལ་ཡང་ལུགས་མཐུན་གྱི་ཆོས་ལུགས་བྱ་འགུལ་སྤེལ་དུ་འཇུག་པ་བཅས་བྱེད་དགོས། འདི་ལྟར་བྱས་ན་ད་གཟོད་ཆོས་ལུགས་དེ་མངོན་གསལ་ཅན་དུ་འགྱུར་ལ། རིམ་བཞིན་དུ་ཡང་དག་པའི་ལམ་སྟེང་དུ་ཁྲིད་ཐུབ། གལ་སྲིད་དེ་འདྲ་མ་བྱས་ན། ཆོས་ལུགས་བྱ་འགུལ་དེ་གསང་བའི་སྒོ་ནས་སྤེལ་ན། ཁྱོད་ཀྱིས་འཛིན་ཀྱང་མི་ཐུབ་ལ། ངེས་མེད་སྒོས་སྤེལ་ན་མི་ལེགས་པ་རེད།ཆོས་ལུགས་ཀྱི་བྱ་འགུལ་དེ་གཏན་ནས་མཚམས་བཞག་མ་མྱོང་། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ། ཆོས་ལུགས་བྱ་འགུལ་སྔར་བཞིན་གསང་བ་དང་ངེས་མེད་སྒོས་སྤེལ་བ་རེད། དེ་མངོན་གསལ་སྤེལ་བ་ན། མང་ཚོགས་ཚོ་དགའ་སྤྲོ་སྐྱེས། ད་ལྟ་མང་ཚོགས་ཚང་མའི་བློ ར་ཤིན་ཏུ་བབ་ཡོད། ཏང་གི་ཆོས་ལུགས་སྲིད་ཇུས་དང་། མི་རིགས་སྲིད་ཇུས་དངོས་གནས་ཀྱིས་དངོས་འབེབས་བྱས་པས། ང་ཚོ་མི་སྐྲག་ཅེས་བཤད།

ཏང་གི་སྙན་གྲགས་ཇེ་མཐོར་གཏོང་བ་དང་། མང་ཚོགས་ཚོས་ཏང་གི་སྲིད་ཇུས་ལ་ཡིད་ཆེད་བྱས་པས། མཐུན་སྒྲིལ་ལྷ ང་འཇིགས་ལ་ཡར་སྐུལ་བྱས་པ་དང་མི་རིགས་འབྲེལ་བའང་ལེགས་སྒྲུབ་བྱས་པ། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བའང་ལེགས་སྒྲུབ་བྱས། སྔོན་ཆད་མང་ཚོགས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ་འདོད་རུང་ལས་བྱེད་པས་བཀག་པ་རེད། ཡིན་ནའང་ཅི་འདྲ་བཀག་ཀྱང་འགོག་མ་ཐུབ། གླེ ན་རྟགས་ཚ་བའི་བྱ་བ་དེ་དག་སྒྲུབ་དགོས་དོན་ག་ལ་ཡོད། ང་ཚོས་ཆོས་ལུགས་བྱ་བའི་ཐད་གླེ ན་རྟགས་ཚ་བའི་བྱ་བ་མང་པོ་བསྒྲུབ་ཡོད། ཕྱིན་ཆད་འདི་འདྲའི་བྱ་བ་བསྒྲུབ་མི་རུང་།འོན་ཀྱང་ཆོས་ལུགས་བྱ་འགུལ་ལའང་ཏང་གིས་འགོ་ཁྲིད་བྱེད་དགོས།ཆོས་ལུགས་ཀྱིས་སྤྱི་ཚོགས་ཐོན་སྐྱེད་ལ་ཐེ་གཏོགས་བྱེད་མི་ཆོག་པ་དང་། ཐོན་སྐྱེད་དང་ཁྱིམ་ཚང་། གཉེན་སྒྲིག་བཅས་ལ་ཐེ་གཏོགས་མ་བྱེད། ཆོས་ལུགས་ཟེར་བ་དེ་དངོས་གནས་ཀྱིས་ཆོས་སྒྲུབ་དགོས། འདི་འདྲ་བྱས་ན་མང་ཚོགས་ཀྱི་བློར་འབབ་པ་དང་བརྩི་བཀུར་བྱེད་ལ།སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལའང་གནོད་པ་ཅི་ཡང་མེད་པ་་མ་ཟད།མཐུན་སྒྲིལ་ལྷིང་འཇགས་ལ་ཡར་སྐུལ་ཐེབས་པ་རེད།

 

དེར་བརྟེན།རིམ་པ་སོ་སོའི་འགོ་ཁྲིད་བློ་མཐུན་གྱིས་ཆོས་ལུགས་བྱ་བ་ལ་བསྐྱར་དུ་བསམ་བློ་གཏོང་དགོས་པ་དང་།མང་ཚོགས་ཀྱི་བསམ་ཚུལ་ཤེས་དགོས།སྔོན་གྱི་ལོ་ཉི་ཤུའི་རིང་ལ་ང་ཚོས་དོན་དངོས་ཐོག་ཆོས་ལུགས་རྩ་མེད་བྱེད་པའི་སྲིད་ཇུས་བསྒྲུབས་པ་རེད།ང་ཚོས་ད་དུང་ལོ་ཉི་ཤུའི་རིང་ཆོས་ལུགས་རྩ་མེད་གཏོང་བའི་སྲིད་ཇུས་བསྒྲུབ་ན་ང་ཚོར་ཡང་སྙིང་ཅི་ཞིག་ཐོབ་ཐུབ་བམ།

དེར་ཞིབ་འཇུག་བཟང་པོ་བྱེད་དགོས།ངས་བལྟས་ན་བཟང་ཆ་ཅི་ཡང་མེད།ལོ་སུམ་ཅུའི་རིང་ལ་ཆོས་ལུགས་ཀྱི་དངོས་པོ་རྩ་མེད་དུ་བཏང་རུང་བསམ་པ་ཡར་སྐུལ་ཐེབས་པ་ཡིན་ཞེས།ངས་བཤད་པ་དེར་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་ཚོས་སྐད་ཆ་དེར་རིན་ཐང་ཆེན་པོ་ཡོད།ཆོས་ལུགས་བྱ་བ་སྙིང་བསྡུས་བྱས་པ་ཡིན་ཞེས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད།

ཆོས་ལུགས་ཉིད་ནི་དངོས་པོ་མིན་ཞིང་།བསམ་པ་ཡིན་སྟེ།དངོས་པོ་ནི་གཙོ་བོ་མིན།སངས་རྒྱས་བསྟན་པ་ནི་འདྲ་སྐུར་དད་པ་བྱེད་པ་མིན་ཞིང་ལྷ་སྐུ་ཡོད་རུང་ཆོག་ལ་མེད་ཀྱང་ཆོག

དེ་གཙོ་བོ་དད་པ་ཡིན།དེའི་ཕྱིར་ཆོས་ལུགས་འདུ་ཤེས་ལས་བལྟས་ན། ཆོས་ལུགས་ལ་གྱོང་གུན་ཅི་ཡང་མེད།

དགོན་པ་མེད་ན་བཙུགས་ཆོག་པ་དང་། ལྷ་སྐུ་མེད་ན་ལས་ཆོག ཆོས་དཔེ།མེད་ན་དཔར་ཆོག ཡིན་ན་ཡང་། མང་ཚོགས་ཀྱི་དད་པ་མི་བྱེད་ཚེ། ད་གཟོད་ཆོས་ལུགས་རྩ་མེད་དུ་སོང་བ་རེད། ཁང་མིག་གཅིག་ཀྱང་མེད་པ་དང་། སྐུ་འདྲ་གཅིག་ཀྱང་མེད་རུང་། མང་ཚོགས་ཀྱི་སྔར་བཞིན་དད་པ་བྱེད་པ་དང་།ཆོས་ལུགས་སྔར་བཞིན་འཕེལ་རྒྱས་སུ་སོང་བ་རེད།]མཇུག་མཐར་མང་ཚོགས་ཀྱི་འཚོ་བའི་གནད་དོན་ཅུང་ཙམ་བཤད་རྒྱུ་ཡིན། མི་བཞི་ཚོགས་ཁག་རྡུལ་དུ་བརླགས་པའི་རྗེས་སུ། ནང་སྒོས་སུ་ཏང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་ལྔ་པ། མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པ་བཅས་ཀྱི་ཚུན་ལ། ཏང་གི་བྱེད་ཕྱོགས་སྲིད་ཇུས་རི མ་བཞིན་དངོས་འབེབས་བྱས་པ་དང༌།ཕྱོགས་སོ་སོ་ནས་རྙོག་ཟིང་དྲང་བཅོས་བྱས་པ། བྱ་བར་གོང་འཕེལ་ཆེན་པོ་བྱུང་།ང་དགའ་སྤྲོ་ཤིན་ཏུ་སྐྱེས་པ་ནི། མཚོ་སྔོན་གྱི་བྱ་བར་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དང་། མཚོ་སྔོན་ཧྲིན་ཨུའི་འགོ་ཁྲིད་ལ་ཐབས་མཁས་པ་རེ ད།དེ་སྡེ་ཁག་སོ་སོའི་འགོ་ཁྲིད་བློ་མཐུན་གྱིས་འབད་བརྩོན་བྱས་པ་དང་བྲལ་མི་ཐུབ།དེ ར་ང་དགའ་སྤྲོ་ཤིན་ཏུ་སྐྱེས། རིགས་སོ་སོའི་མི་དམངས་རྣམས་ཀྱང་དགའ་སྤྲོ་སྐྱེས། ང་ནི་མཚོ་སྔོན་གྱི་མི་ཡིན། རང་གི་ཕ་ཡུལ་གྱི་བྱ་བ་གོང་འཕེལ་ཆེན་པོ་བྱུང་ན། ང་རང་དགའ་སྤྲོ་ཤིན་ཏུ་སྐྱེས་པ་དང༌། དགའ་སྤྲོ་ཧ་ཅང་སྐྱེས།

ང་ནི་མཚོ་སྔོན་ལ་བརྩེ་དུང་ཟབ་མོ་ཡོད། །

སྤྱིར་བཏང་དུ་བཤད་ན་ད་དུང་དབུལ་ཕོངས་ཡིན། ང་ཚོའི་སྲིད་ཇུས་ཇེ་ཡངས་སུ་བཏང་བས། བྱ་འགུལ་བྱེད་ས་ཡོད་པ་རེད། བློ་མཐུན་ཧུའུ་ཡའོ་པང་བོད་ལྗོངས་ལ་སླེ བས་པའི་རྗེས་སུ། དོན་ཆེན་དྲུག་གཏན་ལ་ཕབ་པ་དང་།ཀྲུང་དབྱང་གིས་ཡིག་ཆ་ཨང་སོ་གཅིག་པ་གཏན་འབེབས་བྱས། དགོངས་དོན་དེ་དག་མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཕལ་ཆེར་མཐུན་པ་རེད། ཧྲིན་ཨུས་ཀྱང་དེ་དག་དང་བསྡུ ན་པའི་སྲིད་ཇུས་གཏན་འབེབས་བྱས། དེ ་ཧ་ཅང་བཟང་བ་རེད། བྱེད་ཕྱོགས་དང་སྲིད་ཇུས་ཧ་ཅང་ཡང་དག་པ་ཡིན།ད་ལྟ་གཙོ་བོ་ནི་ལག་ལེན་དང་དངོས་འབེབས་བྱེད་པ་དང་། ཚང་མས་འབད་པས་ཐོན་སྐྱེད་གོང་དུ་སྤེལ་ནས། རིམ་པ་སོ་སོའི་འགོ་ཁྲིད་བློ་མཐུན་དང་ལས་བྱེད་པས་མང་ཚོགས་ལ་སེམས་འཁུར་བྱེད་པ་དང་། མང་ཚོགས་ལ་བརྟེན་པ། མང་ཚོགས་ལ་ཡིད་ཆེས་བྱེད་པ། མང་ཚོགས་དང་སྐྱིད་སྡུ ག་མཉམ་མྱོང་བཅས་བྱེད་དགོས། འདི་ནི་ང་ཚོ་གསར་བརྗེའི་ཕ་ནོར་ཡིན། སྔོན་ཆད་ང་ཚོས་དེར་བརྟེན་ནས་གསར་བརྗེའི་རྒྱལ་ཁ་རླབས་ཆེན་བླངས། བར་དུ་གྱོང་གུན་ཅུང་ཙམ་ཐེབས། དེ་ནི་ཧ་ཅང་ཚབས་ཆེན་ཡིན། མང་ཚོགས་ལ་བཀྲེས་ལྟོ གས་ཀྱིས་མནར་སྐབས། ཁྱོད་ཀྱིས་ཟས་རྒྱགས་པོ་དང་ཤ་བཟས་ནས་བསྡད། འདི་ནི་གཟི་བརྗིད་མིན་པའི་དོན་ཡིན།

ང་ཚོས་མང་ཚོགས་ཀྱི་སྡུ ག་བསྔལ་དེ་རང་གི་སྡུག་བསྔལ་ལ་བརྩི་དགོས་པ་དང་། མང་ཚོགས་ཀྱི་དགའ་སྤྲོ་དེ་རང་གི་དགའ་སྤྲོ་ལ་བརྩི་དགོས།མང་ཚོགས་དགའ་སྤྲོ་སྐྱེས་ན། རང་གི་ཆེས་ཆེ་བའི་བདེ་སྐྱིད་ཡིན། འདི་ལྟར་བྱས་ན་ད་གཟོད་མི་དམངས་ཀྱི་ལས་བྱེད་པ་ངོ་མ་ཞིག་དང་། མི་དམངས་ལ་ཞབས་འདེགས་ཞུ་མཁན་ཞིག་ཏུ་འགྱུར་ཐུབ། ང་ཚོ་ཚང་མ་ནི་མི་དམངས་ཀྱི་ཞབས་འདེགས་མཁན་ཞིག་ཡིན། མི་དམངས་ནི་ང་ཚོའི་གཙོ་འཛིན་ཡིན། ང་ཚོ་ནི་སྤྱི་ཚོགས་ཀྱི་སྤྱི་ཞབས་པ་ཡིན། སྔོན་གྱི་དུས་སྐབས་ཤིག་ལ་བྱ་བ་བཟང་པོ་ཞིག་མ་སྒྲུབ་པ་དེ་ང་ཚོར་འགན་འཁུར་ཡོད། ཕྱིན་ཆད་ང་ཚོས་འབད་བརྩོན་ཆེན་པོ་བསྐྱེད་ནས་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་དགོས། མི་རིགས་སོ་སོ་མཐུན་སྒྲིལ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་མཐའ་འཁོར་དུ།མཐུན་སྒྲིལ་བྱས་ནས་མི་གཅིག་ལྟ་བུ་བྱས་ཤིང༌། རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་བཏོན་ནས་ང་ཚོའི་མེས་རྒྱལ་འཛུགས་སྐྲུན་བྱེད་པ་དང༌། ང་ཚོའི་ཕ་ཡུལ་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས། མཚོ་སྔོན་འདི་སྔ་མོ་ནས་དེང་རབས་ཅན་བཞིའི་མཚོ་སྔོན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པ་དང་རང་རྒྱལ་འདི་ཉིད་སྔ་མོ་ནས་དེང་རབས་ཅན་གྱི་རྒྱལ་ཁབ་གཅིག་ཏུ་འཛུགས་སྐྲུན་བྱེད་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ང་ཚོའི་མེས་རྒྱལ་ཡིན་ཞིང་། ཚང་མས་རང་གི་མ་ལ་དགའ་བ་བཞིན་མེས་རྒྱལ་ལ་དགའ་དགོས། ང་ཚོའི་རྒྱལ་ཁབ་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན། ང་ཚོའི་རྒྱལ་ཁབ་ལ་འོད་ཟེར་མདུན་ལམ་ཡོད། ང་ཚོས་མེས་རྒྱལ་གྱི་མདུན་ལམ་ལ་ཡིད་ཆེས་ཆེན་པོ་བཅངས་ཡོད། ང་ཚོའི་མ་ཡུམ་ལ་དཀའ་ངལ་མང་པོ་ཡོད་པ་དང་། གནད་དོན་མང་པོ་ཡོད་ནའང་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་དང་ཏང་གི་ཡང་དག་པའི་ལམ་ཕྱོགས་ཀྱིས་ཁྲིད་སྟོན་འོག་ཏུ། རིགས་སོ་སོའི་མི་དམངས་མཐུན་སྒྲིལ་བྱས་ན།དཀའ་ངལ་དེ་དག་ཁྱད་བསད་བྱེད་ཐུབ་པ་དང་། གནད་དོན་དེ་དག་ཐག་གཅོད་བྱེད་དགོས། ང་ཚོ་རྒྱལ་ཁའི་ངང་འོད་སྟོང་རབ་དུ་འབར་བའི་མ་འོངས་པར་སླེབས་ཐུབ། དེ་ནི་དེང་རབས་ཅན་བཞི་ལྡན་པ་དང་། རླབས་ཆེ་བ། ཚད་མཐོ་བའི་དཔལ་ཡོན་ལྡན་པ་དང་། ཚད་མཐོ་བའི་ཚན་རིག་རིག་གནས། ཚད་མཐོ་བའི་དམངས་གཙོ་བཅས་ལྡན་ཞིང་། རླབས་ཆེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་སྟོབས་ལྡན་ཞིག་འཛུགས་སྐྲུན་བྱེད་རྒྱུ་ཡིན། འདི་ནི་མངོན་འགྱུར་བྱེད་ཐུབ་པ་ཞིག་ཡིན་ལ། བལྟས་ན་མཐོང་རྒྱུ་མེད་པ་དང་ཐུག་ན་རེ ག་རྒྱུ་མེད་པ་ཞིག་མིན་པས། ཚང་མས་མཐུན་སྒྲིལ་བྱས་ནས་ལྡབ་འགྱུར་གྱིས་འབད་བརྩོན་བྱེད་རྒྱུའི་རེ་འདུན་ཞུ།

ད་ཐེངས་ང་ཡོང་ནས་ཐོན་སྐྱེད་མང་པོ་དལ་འགོར་བྱས། ཐོན་སྐྱེད་ལ་གནོད་པ་མི་བྱེད་ཆེད། ང་ས་ཆ་ཅུང་མང་པོ་ཞིག་ལ་སོང་བ་ཡིན། ཡིན་ནའང་ད་རུང་ཐོན་སྐྱེད་མང་པོ་དལ་འགོར་བྱས། དེར་བརྟེན་ཁྱེད་ཚོ་མྱུར་དུ་ཕྱི ར་སོང་ནས། གང་མགྱོགས་སྒོས་ཐོན་སྐྱེད་བསྒྲུབ་པ་དང་། རང་ཉིད་ཀྱི་ཕ་ཡུལ་འཛུགས་སྐྲུན་བྱས་ནས་དེང་རབས་ཅན་བཞིར་ཞབས་འདེགས་ཞུ་རྒྱུའི་རེ་བ་ཞུ།མཇུག་མཐར་འདི་རུ་ཡོད་པའི་རིགས་སོ་སོའི་བློ་མཐུན་རྣམས་ཀྱི་ལུས་ཁམས་བདེ་བའི་སྨོན་འདུན་ཞུ་བ་མ་ཟད། ཁྱེད་ཚོ་བརྒྱུད་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་བློ་མཐུན་རྣམས་ལ་བདེ་སྐྱིད་ལྡན་པ་དང་གྲུབ་འབྲས་སྔར་ལས་ཆེ་བ་བླང་རྒྱུའི་སྨོན་འདུན་ཞུ།། །།

 

 

About རྩོམ་སྒྲིག་པ།