གངས་ཅན་པ་སྒྲོལ་མ་སྐྱབས།

བཅར་འདྲིའི་ལེའུ།

        གསར་འགོད་པ། ཐོག་མར་ཁྱེད་ཀྱི་གསར་རྩོམ་གྱི་བརྒྱུད་རིམ་ཁྲོད་བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ཁྱད་གཤིས་སོར་འཇོག་བྱེད་པར་དགོངས་ཚུལ་ཅི་འདྲ་ཡོད།

 

སྒྲོལ་མ་སྐྱབས། སྤྱིར་བོད་ཀྱི་གླུ་གཞས་སྒྱུ་རྩལ་ཞེས་པ་དེ་ལོ་རྒྱུས་དང་ལོ་ཚིགས། ས་ཁམས་གང་ཐད་ནས་གླེང་ནའང་དུས་ཀྱི་ངོས་ནས་རྒྱུན་རིང་ལ་རྣམ་པའི་ཆ་ནས་ཧ་ཅང་རྒྱ་ཆེན་པོ་ཞིག་རེད་འདོད། ལྷག་པར་དུ་བོད་སྟོད་སྨད་བར་གསུམ། ཆོས་སྲིད་གཉིས་ཆ། རོང་འབྲོག་གི་ས་ཆ་དང་ཡུལ་ལུང་སོ་སོར་དར་བའི་མགུར་དང་གཞས། གླུ་དང་གར་ལ་སོགས་རྣམ་པ་ཕུན་སུམ་ཚོགས་པས་དེ་དག་ཡོངས་རྫོགས་ནི་ང་ལྟ་བུ་ཞིག་གི་བློས་དཔག་ཐུབ་པ་ཞིག་ཡེ་ནས་མ་རེད། ཡིན་ཡང་ནམ་རྒྱུན་བོད་ཀྱི་གཞས་འདྲ་མིན་སྣ་ཚོགས་ལ་ཉན་རྒྱུར་དགའ་པོ་ཡོད་ལ། ལྷག་པར་གཞས་འགའ་ཤས་ཀྱི་རྒྱབ་ལྗོངས་ལ་གཏམ་རྒྱུད་དང་ལོ་རྒྱུས་ཡོད་པ་དེ་ཚོར་ལྷག་པར་དོ་སྣང་བྱེད་འདོད་སྐྱེས་འོང་། རེད་དེ་ངའི་སེམས་ཀྱི་བག་ཆགས་ནང་ཡོད་པའི་གཞས་ཀྱི་རིགས་མང་ཤོས་ནི་མདོ་ཁམས་ས་ཆའི་དམངས་གླུ་དང་རྡུང་ལེན། སྒྲུང་། འབའ་གཞས། དེ་ནས་གར་དང་སྐོར་བྲོའི་སྐོར་སོགས་རེད། དེ་དག་ལ་ལྟོས་བཅས་ཀྱིས་ཅུང་འདྲིས་ཆ་ཆེ་བས། ནམ་རྒྱུན་གཞས་འདི་དག་གི་རིགས་གསར་རྩོམ་གྱི་ལག་ཐབས་ལའང་འདྲེས་ཅི་ཐུབ་བྱེད་བཞིན་ཡོད། མདོར་ན་སྲོལ་རྒྱུན་གྱི་ཁྱད་གཤིས་ཏེ་གཞས་ཀྱི་སྲོག་དང་གཞན་ལས་ཐོན་པའི་ཁྱད་ཆོས་དེ་འོས་འཚམ་བྱུང་ན་རྒྱན་ལྟ་བུར་བསམ་ཡོད།

 

གསར་འགོད་པ། ཁྱེད་ཀྱི་གླུ་གཞས་གསར་རྩོམ་ཐད་རང་ཉིད་ལ་ཚད་གཞིའམ་ཚད་ཐིག་ཅི་འདྲ་ཡོད།

 

སྒྲོལ་མ་སྐྱབས། མ་གཞི་ང་རང་གླུ་གཞས་གསར་རྩོམ་ཐད་ནས་ནུས་པའམ་ཚད་ཐིག་འདི་ཡོད་ཟེར་རྒྱུའི་སྤོབས་པ་གང་ཡང་མེད། ཡིན་ནའང་ང་རང་དམངས་ཁྲོད་ཀྱི་གླུ་གཞས་ལ་བག་ཆགས་གང་འཚམ་ཡོད། དེ་ནི་ངས་བསམ་པར་ང་རང་འཚར་ལོངས་བྱུང་སའི་ཁོར་ཡུག་དང་དུས་སྐབས་ལ་འབྲེལ་བ་ཟབ་མོ་ཡོད་རྒྱུ་རེད། ང་རང་འཚར་ལོངས་བྱུང་ས་ནི་འབྲོག་ཁྱིམ་དཀྱུས་མ་ཞིག་ཡིན་ནའང་། ངེད་ཀྱི་ཕ་མ་གཙོ་བྱས་པའི་ནང་མི་ཚོ་གླུ་གར་ལ་ཧ་ཅང་དགའ་པོ་ཡོད་པས་ནམ་རྒྱུན་འཚོ་བའི་ཁྲོད་བཟའ་ཆེ་མ་ཆུང་གསུམ་ཀུན་གྱིས་གཞས་གཏོང་བ་ནི་ངས་ཁ་སང་བྱུང་བའི་དོན་དག་ལྟར་ཡིད་ལ་གསལ་པོ་དྲན་ཐུབ་ཀྱིན་འདུག །དེ་ལས་ང་རང་གཞས་ལ་དགའ་དོན་གྱི་རྒྱུ་རྐྱེན་ཐོག་མ་དེ་གྲུབ་པ་རེད་བསམ་བཞིན་ཡོད། རྒྱུ་རྐྱེན་གཞན་ཞིག་ནི་དུས་སྐབས་ཀྱང་ད་ལྟ་ལས་དམིགས་བསལ་བ་རེད། ཆ་འཕྲིན་དེ་ཙམ་དར་མེད་པས་སྲོལ་རྒྱུན་གྱི་མཁའ་དབུགས་དྭངས་ལ་རིག་གནས་ཀྱི་ཆ་གང་ཡིན་ནའང་ཕན་ཚུན་ལ་འདྲེས་བདེ་པོ་མེད་པ། གཞས་ཀྱི་ཕྱོགས་ཁོ་ན་ནས་བསམ་བློ་བཏང་ནའང་རང་གི་ཁོར་ཡུག་ལས་གཞན་རླུང་འཕྲིན་དང་སྒྲ་རྡུལ་འཕྲུལ་ཆས་ལས་གཞས་ཉན་ས་དང་གོ་ས་ཡོད་པ་མ་རེད། དེར་བརྟེན་ན་ཆུང་དུས་ཐོབ་པའི་གཞས་ཀྱི་བག་ཆགས་དེ་རང་གི་ཚེ་ནོམ་ལྟ་བུར་བསམ་ཡོད། གསར་རྩོམ་གྱི་ལམ་ལ་འགྲིམ་པའི་སེམས་ཚོར་མཚོན་སྟངས་ཀྱི་དབྱངས་ཀྱི་སྐད་ཆ་ལྟ་བུ་དེ་ངས་དམངས་ཁྲོད་ཀྱི་གཞས་ཀྱི་འགྱུར་ཁུགས་དེ་དག་ལ་བསམ་བཞིན་པ་ལས། ཆེད་ལས་ཀྱི་ངོས་ནས་བལྟས་ཚེ་ང་ལ་མི་འདང་ས་མང་པོ་ཡོད་སྲིད། འོན་ཀྱང་གླུ་གཞས་སྒྱུ་རྩལ་བརྩམས་ཆོས་ལ་གཞུང་ལུགས་ངོས་ནས་འབྲི་སྟངས་དང་ཚོར་བའི་སྒང་ནས་འབྲི་སྟངས་གཉིས་ཡོད་པ་ལས་ང་རང་ཕྱི་མའི་ཤུགས་དེ་ཅུང་ཆེ་རྒྱུ་རེད་སྙམ།

 

གསར་འགོད་པ། ཁྱེད་ཀྱི་བརྩམས་ཆོས《གངས་ཅན་པ》ཡི་གསར་རྩོམ་གྱི་བརྒྱུད་རིམ་དང་དེ་འབྲེལ་གྱི་གཏམ་རྒྱུད་ཅི་འདྲ་འདུག།།

 

སྒྲོལ་མ་སྐྱབས། བརྩམས་ཆོས་འདི་ང་རང་ལ་མཚོན་ན་གལ་ཆེན་ཞིག་ཡིན། དང་ཐོག་ང་ཁྲེང་ཏུའུ་རུ་སློབ་སྦྱོང་དུ་འགྲོ་སྐབས། གླུ་འདིའི་ཚིག་རྩོམ་པ་པོ་ཅོ་ནེ་ཡུམ་ཚེ་རིང་དང་འཕྲད་ཅིང་། སྐབས་དེར་ཁོས་རྒྱ་ཡིག་གི་སྙན་ངག་གི་དེབ《འབར》ཞེས་པ་ཞིག་བརྩམས་ཡོད་པ་དང་། དེའི་ནང་དུ《གངས་ཅན་པ》ཞེས་པའི་སྙན་ངག་ཅིག་འདུག །དེ་བཞིན་ངེད་གཉིས་ཀྱིས་ཐོག་དང་པོར་སྙན་ངག་འདི་གླུ་ཚིག་ཏུ་བཀོལ་ཆོག་པའི་སྐོར་ནས་བསམ་བློ་བརྗེ་རེས་ལྟ་བུ་བྱས་པ་ཡིན། དེ་ལྟར་གླུ་ཚིག་དེ་རང་གི་ལག་ནས་ལོ་གཉིས་གསུམ་འགོར་སོང་། རྗེས་ནས་ལས་ཁུངས་ཀྱི་དགོས་མཁོའི་དབང་གིས་ཡང་ཁྲེང་ཏུའུ་རུ་གླུ་གཞས་འགའ་གསར་རྩོམ་བྱེད་པར་མངགས་པ་དང་། དབྱངས་རྩོམ་པ་པོ་སྐུ་ཞབས་ཅང་ཞང་ཀྲུང་གི་མདུན་དུ་འབྱོར། སྐབས་དེར་སོ་སོའི་བསམ་ཕྱོགས་དང་ཚོར་བ་མི་གཅིག་པའི་རྐྱེན་གྱིས་ཚིག་ལ་བཟོ་བཅོས་མང་པོ་བྱས་པ་དང་། དབྱངས་དེ་ལེགས་གྲུབ་བྱུང་རྗེས། ཡུམ་ཚེ་རིང་གིས་དབྱངས་དེར་བརྟེན་སླར་ཡང་བོད་ཡིག་ནས་གླུ་ཚིག་དེ་གསར་རྩོམ་བྱས་པ་ཡིན།

 

གསར་འགོད་པ། ཁྱེད་རང་ལ་ད་ལྟ་ཀུན་གྱིས་གངས་ཅན་པ་ཞེས་འབོད་པར་དགོངས་ཚུལ་ཅི་འདྲ་ཡོད།

 

སྒྲོལ་མ་སྐྱབས། མིང་འདི་ཡངས་ས་ནས་གླེང་ན་བོད་ཐུན་མོང་གི་མིང་ཞིག་རེད། དེ་ཡང་སོ་སོས་གོ་བ་ལེན་སྟངས་ཡང་མི་གཅིག་པ་ཡོད་དང་ཡོད་ངེས་རེད། ང་རང་ལ་མཚོན་ན་འདི་ནི་རང་ཉིད་ཀྱི་འགན་འཁྲི་ཞིག་ཏུ་ངོས་འཛིན་གྱིན་ཡོད་པ་དང་། ལྷག་པར་དུ་རང་གི་གླུ་གཞས་ལ་དགའ་མོས་ཅན་ཚོས་བདག་ལ་བཅངས་པའི་རེ་བ་ཞིག་ཀྱང་རེད་འདོད།

 

གསར་འགོད་པ། ཁྱེད་ཀྱི་ཆེད་སྒྲིག་གཉིས་པ《རྩམ་པ·ཕ་ཡུལ》ཞེས་པ་དེ་ཕལ་ཆེར་རང་ཉིད་ཀྱིས་བརྩམས་འདུག །དེའི་བརྒྱུད་རིམ་དང་བློ་བསྐྱེད་སོགས་ཀྱི་ཐད་ནས་དགོངས་ཚུལ་ཞིག་གླེང་རོགས།

 

སྒྲོལ་མ་སྐྱབས། 《རྩམ་པ·ཕ་ཡུལ》ཞེས་པ་དེ་བདག་གིས་གཞས་ཞེས་པ་ལ་སེམས་གཏིང་ནས་རང་གིས་གོ་བ་ལེན་སྟངས་ཤིག་རྙེད་ཚུན་ནས་འཆར་བཀོད་བྱས་པའི་ཆེད་སྒྲིག་ཅིག་ཡིན། དེ་ང་རང་གི་མི་ཚེ་ལ་མཚོན་ན་ཧ་ཅང་གལ་ཆེན་ཞིག་ཡིན། སྤྱིར་བཏང་ང་རང་གསར་རྩོམ་གྱི་ལམ་ལ་ཞུགས་པ་དེ་མི་མང་པོ་ལ་འབྲེལ་བ་ཡོད་ངེས། དེ་ལས་ཡུམ་ཚེ་རིང་དང་སྐྱབས་ཆེན་བདེ་གྲོལ། རྒན་སྨན་བླ་སྐྱབས་སོགས་གཙོ་བོ་རེད། ངའི་ཆེད་སྒྲིག་དང་པོ་ནས་གཉིས་པའི་བར་ལོ་ངོ་བཞི་འགོར་ཡོད། དེ་ནི་ང་ལ་མཚོན་ན་སྤྱིར་བཏང་གཞས་པ་ཞིག་ནས་གསར་རྩོམ་ལ་ཞུགས་པའི་གོ་རིམ་ཞིག་གམ། ཡང་ན་གཞས་ཞེས་པ་ལ་གོ་བ་གསར་པ་ཞིག་ཆགས་པའི་གོ་རིམ་དེ་ཡིན། ང་ལ་མཚོན་ན་གཞས་ནི་སེམས་ཀྱིས་མཐོང་བའི་ནང་སེམས་མཚོན་བྱེད་ཀྱི་གཟུགས་མེད་ཀྱི་རི་མོ་ལྟ་བུའམ། ཡང་ན་ནང་སེམས་ཀྱི་འཕར་ལྡིང་ཚིག་དང་དབྱངས་ཀྱིས་བཞེངས་པ་ཞིག་ཡིན་དགོས་པ་འདྲ། དེ་བས《རྩམ་པ·ཕ་ཡུལ》ཞེས་པས་ཀྱང་སེམས་ཀྱི་རི་མོ་སེམས་ལ་བསྟན་ཡོད།

 

གསར་འགོད་པ། ཁྱེད་ཀྱི་མ་འོངས་པའི་གསར་རྩོམ་གྱི་ལམ་ཁར་ཁ་ཕྱོགས་དང་འཆར་གཞི་ཅི་འདྲ་ཡོད།

 

སྒྲོལ་མ་སྐྱབས། འཆར་གཞི་གལ་ཆེན་མེད། རེད་དེ་གླུ་གཞས་སྒྱུ་རྩལ་དེ་རང་གི་འཚོ་བའི་ཆ་ཤས་གལ་ཆེན་ཞིག་ཏུ་ཆགས་ཡོད། དེང་སང་གི་འགྲོས་ཕྱོགས་ལྟར་ན། གླུ་གཞས་སྒྱུ་རྩལ་པ་ལ་ལ་གསར་རྩོམ་གྱི་ལམ་དུ་སྐྱོད་བཞིན་པ་དང་། ཡང་ཁ་ཤས་ཤིག་དམངས་ཁྲོད་ཀྱི་གླུ་གཞས་འཚོལ་སྡུད་ཀྱི་ལམ་དུ་སྙེག་བཞིན་འདུག །རང་གིས་གཙོ་བོར་གསར་རྩོམ་གྱི་ཕྱོགས་སུ་འབད་ཀྱིན་ཡོད་མོད། ཡིན་ཡང་དུས་རབས་ཀྱི་འགྱུར་ལྡོག་དང་ཉན་མཁན་གྱི་དགོས་མཁོ་བསྐོང་ཆེད་སྔར་གྱི་སྲོལ་རྒྱུན་གྱི་འགྱུར་ཁུག་ལ་བསྒྱུར་བཅོས་ཆེན་པོ་གཏོང་འདོད་མེད། རེད་དེ་འདི་དེང་རབས་ཀྱི་བོད་ཀྱི་གཞས་པ་ལ་སོགས་པར་དགག་བཞག་གི་རྣམ་འགྱུར་གཏན་ནས་མིན། གཞན་ངས་ལོ་མང་པོ་ཞིག་བེད་སྤྱད་ནས་རྡུང་ལེན་གྱི་ཆེད་སྒྲིག་ཅིག་དང་གཞས་གསར་འགའ་གྲ་སྒྲིག་བྱེད་བཞིན་ཡོད་མོད། ད་ལོ་ཕལ་ཆེར་ཉན་མཁན་ཚོར་འབུལ་ཐུབ་ངེས། དེ་ལས་གཞན་འཆར་གཞི་ཆེན་པོ་གང་ཡང་མེད།

 

གསར་འགོད་པ། ལགས་སོ། དགེ་རྒན་ཁྱེད་ཀྱིས་ཐེངས་འདིའི་བཅར་འདྲི་དང་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ། དེ་ཡང་ཁྱེད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་གོམ་ཁ་སྔར་ལས་ཡངས་ཤིང་རྒྱས་པར་སྨོན། །

About རྩོམ་སྒྲིག་པ།