གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་ངག་རྒྱུན་གྱི་སྐོར།

གེ་སར་རྒྱལ་པོའི་བ་རྡོ།

ཆོས་རྗེ་སྲིད་གཞུང་ནས་ལྷོ་ནུབ་མཚམས་ཀྱི་ཆུ་སྐྱ་ས་ཁུལ་དུ་ཉི་མ་ལུང་ཟེར་བའི་ལུང་པ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་ལ། ལུང་པའི་མཐིལ་ན་འཛམ་གླིང་གེ་སར་རྒྱལ་པོའི་བ་རྡོ་ཡིན་ཞེས་པའི་རྡོ་ཕ་བོང་ཆེ་ཆུང་འབྲོག་པའི་སྦྲ་གུར་དང་མཚུངས་པ་གསུམ་ཡོད།

<<གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་གི་ཕྲེང་མཛེས>>ལྟར་ན། གེ་སར་ནོར་བུ་དགྲ་འདུལ་ཁོང་དགུང་ལོ་བཅུ་གཉིས་ཀྱི་སྐབས་སུ་སླེབས་དུས་གླིང་དཀར་སྟོད་ཀྱི་རྟ་རྒྱུག་རྒྱལ་འཇོག་ལ་ཞུགས་ཏེ་གླིང་གི་རྒྱལ་པོར་བཞུགས། བདུད་ཀླུ་བཙན་རྒྱལ་པོར་ཐོད་མདའ་སྤྲད། ཧོར་གུར་དཀར་ལ་གཉའ་སྒ་བསྟད། ཤན་པ་རྒྱལ་པོ་གླིང་ལ་བཀུག་ཅིང་ཧོར་དམག་འབུམ་ཚོ་བཅུ་གཉིས་ཀྱི་དམག་དཔོན་ལ་བསྐོས། དགུང་ལོ་ཉེར་བདུན་ལ་ཕེབས་ཚེ་ཨ་ནེ་གོང་སྨན་རྒྱལ་མོས་དབུས་ཚྭ་མཚོ་ཁ་རུ་ཆས་ཏེ་འཇང་ས་དམ་རྒྱལ་པོ་དམ་ལ་བཏགས་ནས་འཇང་ཡུལ་དཀར་པོ་ཆོས་ལ་བསྒྱུར་དགོས་པའི་ལུང་བསྟན། འཛམ་གླིང་སེང་ཆེན་རྒྱལ་པོས་གླིང་དམག་ཁྲིད་དེ་འཇང་ཡུལ་མུན་པའི་ཕྱོགས་སུ་ཆས་ཏེ། ད་ལྟའི་ཆོས་རྗེ་ཡུལ་ཚོའི་མི་དམངས་སྲིད་གཞུང་ཆགས་སའི་ལྷོ་ནུབ་གཉིས་ཀྱི་མཚམས་ན་ཉི་མ་ལུང་ཟེར་བའི་ལུང་པ་དེར་སླེབས་པ་ན། རྒྱལ་པོས་གླིང་དམག་ངལ་གསོ་རུ་བཅུག་སྟེ། ཁོང་ཉིད་རྫུ་འཕྲུལ་གྱིས་གོ་ཚང་དགྲ་འདུལ་ཀླད་དུ་ཕེབས་ཏེ་འབྲོང་རྒོད་བརྒྱ་དང་བརྒྱད་བསད་ནས་སྟོན་མོ་བྱས། ཉིན་ཞག་གསུམ་ལ་མི་རྟ་ངལ་བ་གསོས། གེ་སར་རྒྱལ་པོས། དཔའ་རྟུལ་རྒྱ་ཚ་ཞལ་དཀར་གྱིས། །དམག་མི་བརྒྱ་ཕྲག་འགོ་ཁྲིད་ནས། །འཇང་གི་ཤར་སྒོའི་ནང་ནས་ཤོག །སེང་སྟག་མི་སྤྱང་དཀར་པོ་ཡིས། །དམག་མི་བརྒྱ་ཕྲག་སྣ་དྲངས་ནས། །འཇང་གི་ལྷོ་སྒོའི་ནང་ནས་ཤོག །ཚ་བྱང་འདན་མ་བྱང་ཁྲ་ཡིས། །དམག་མི་བརྒྱ་ཕྲག་སྣ་དྲངས་ནས། །འཇང་གི་ནུབ་སྒོའི་ནང་ནས་ཤོག །ཁྲོ་ཐུང་ཉ་ཚ་ཨ་བརྟན་གྱིས། །དམག་མི་བརྒྱ་ཕྲག་འགོ་དྲངས་ནས། །འཇང་གི་བྱང་སྒོའི་ནང་ནས་ཤོག །དགྲ་ཚུར་རྒོལ་ཡོད་ཚད་དམ་ལ་ཐོགས། །འབངས་དབུལ་ཕོངས་ཐམས་ཅད་བྱམས་ཀྱིས་སྐྱོངས། །ང་གེ་སར་ས་དམ་འདུལ་བར་འགྲོ། །ཞེས་བཀའ་བསྩལ་ཏེ་ལམ་དུ་ཆས་ཤིང་། རྒྱལ་པོ་ཉིད་ཀྱང་རྟ་མཆོག་རྐྱང་རྒོད་གཡེར་བར་བཅིབས་ཏེ་འཇང་ས་དམ་རྒྱལ་པོའི་ཕྱོགས་སུ་ཕེབས།

དེར་ཡང་འཇང་ས་དམ་རྒྱལ་པོ་དེ་ཉིད་སྟག་ལྤགས་མགོ་དགུས་བརྒྱན་པའི་ཁྲི་རིམ་དགུ་རྩེག་གི་སྟེང་དུ་ཟུར་འདུག་ཅིག་བྱས་ནས་ནང་བློན་ཐམས་ཅད་ལ། བདག་གི་བཀའ་གསུང་སྒྲུབ་མཁས་ནང་བློན་རྣམས། །ཁྱེད་ཅག་རྣ་བས་བདག་ལ་རེ་ཞིག་གསོན། །མདང་དགོང་ནམ་ཕྱེད་ཡོལ་བའི་རྨི་ལམ་ལ། །བདག་གི་བླ་རི་བྲག་དཀར་ཁྱུང་རྫོང་དུ། །འཇིགས་སུ་རུང་བའི་ཁྲ་གླག་སྤྱང་གསུམ་གྱིས། །དུད་འགྲོ་སྲོག་ཆགས་ཐལ་བའི་རྡུལ་དུ་བརླགས། །ངེད་ཅག་རྒྱལ་བློན་འཇིགས་ནས་མཐའ་རུ་བྲོས། །དེ་འདྲའི་རྨི་ལམ་ངན་པ་བསྟན་པ་ན། །དོན་རྐྱེན་ངན་པ་འབྱུང་བའི་སྔ་ལྟས་རེད། །ངེད་ཅག་ཀུན་གྱིས་གཟབ་ནན་ལེགས་པོ་གྱིས། །ཞེས་གསུངས་ནས་བསམ་མནོ་ཞིག་གཏོང་བའི་སྐབས། གློ་བུར་དུ་གླིང་རྗེ་གེ་སར་རྒྱལ་པོ་ཕེབས་ཏེ་ལྷ་མདའ་ཁྱུང་གཤོག་ལྡན་པ་དེ་རྭ་རྒོད་འཁྱིལ་བའི་གཞུ་སྟེང་དུ་བཞག་སྟེ་འཇང་ས་དམ་རྒྱལ་པོའི་སྙིང་ཁར་གཏད་དེ། ཡ་ཁྱོད་སྟོབས་ལྡན་ས་དམ་རྒྱལ་པོ་ཡང་དེ་རིང་ཐར་བའི་ལམ་ཞིག་གང་ན་ཡོད་ཅེས་གསུངས་ནས་མདའ་འཕེན་དུས། ས་དམ་རྒྱལ་པོ་དེས་རང་གི་སྲུང་མ་ལ་གསོལ་བ་བཏབ་པའི་དབང་གིས་གློ་བུར་དུ་བྱེའུ་ཆུང་ཞིག་སྤྲུལ་ཏེ་གེ་སར་རྒྱལ་པོའི་མགོ་ནས་ཕྱི་ལ་འཕུར་སོང་། དེར་གེ་སར་རྒྱལ་པོ་ཡང་དེ་མ་ཐག་བྱེའུ་ཁྲ་ཞིག་ཏུ་བརྫུས་ཏེ་བྱིའུ་ཆུང་གི་རྗེས་དེད་དེ་བྲག་དཀར་ཁྱུང་རྫོང་ནས་རྗེས་ཆོད་དེ་མྱུར་དུ་གསོད་དགོངས་པའི་སྐབས་དེར་ཡང་བྱེའུ་ཆུང་དེ་གློ་བུར་དུ་སྲོག་ཆགས་རི་བོང་ཞིག་ཏུ་སྤྲུལ་ནས་བྲོས། གེ་སར་མཆོག་དེ་མ་ཐག་གླག་མོ་ཞིག་ལ་བརྫུས་ཏེ་རྗེས་བདས་ནས་འཕྱི་ཁུང་ཞིག་གི་མདོར་སླེབས་པ་ན། གླག་མོའི་སྡེར་མོས་རི་བོང་གི་གཉའ་བར་བཟུང་ཚེ་འཇང་ས་དམ་རྒྱལ་པོས་རང་ལུས་ཕྱིར་མངོན། གེ་སར་མཆོག་གིས་རལ་གྲི་ངོ་དམར་རྡུལ་གཅོད་ཀྱིས་འཇང་ས་དམ་རྒྱལ་པོའི་མགོ་བོ་བཅད། གེ་སར་གྱིས་ས་དམ་རྒྱལ་པོའི་མགོ་བཟུང་ནས་ཕྱིར་འཇང་གི་ཕོ་བྲང་ལ་ཕེབས་ཙ་ན། རྒྱ་ཚ་ཞལ་དཀར་དང་ཚ་ཞང་འདན་མ་སོགས་གཙོ་མཛད་པའི་དམག་དཔུང་ཐམས་ཅད་ཀྱིས་འཇང་གི་ཕྱོགས་བཞིའི་སྒོ་གཏོར་ཅིང་། རྣམ་པར་རྒྱལ་པའི་རྒྱལ་མཚན་དགུང་དུ་ཕྱར་ནས་ཀི་བསྭོ་དང་བཅས་གེ་སར་གྱི་དྲུང་དུ་འཛོམས། གེ་སར་རྒྱལ་པོའི་བཀའ་བཞིན་གླིང་གི་དཔའ་རྟུལ་རྣམས་ཀྱིས་འཇང་ས་དམ་རྒྱལ་པོའི་མགོ་བོ་བླངས་ནས་འཇང་གི་ཕོ་བྲང་གི་མདུན་དུ་དོང་རིམ་པ་དགུ་ཅན་ཞིག་བརྐོས་ཏེ་ནང་དུ་བཅུག་སྟེ་སྟེང་དུ་མཆོད་རྟེན་རིམ་པ་དགུ་ཅན་ཞིག་བཞེངས། རྒྱལ་བློན་ཐམས་ཅད་འཇང་ཡུལ་དུ་ཉིན་ཞག་བཅོ་བརྒྱད་ལ་བཞུགས་ཏེ་མཆོད་སྦྱིན་བྱས་ཤིང་། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་སྡུག་བསྔལ་སེལ་ཏེ་སྐྱིད་ཀྱི་ཉི་མ་ཤར་བར་མཛད། དེ་ནས་གླིང་གི་དཔའ་བོ་ཐམས་ཅད་ཕྱིར་གླིང་ཡུལ་ལ་ཕེབས། ཆོས་རྗེ་ས་ཆའི་ཉི་མ་ལུང་དུ་སླེབས་ནས་ཉིན་ཞག་གསུམ་ལ་བཞུགས་ཏེ་ཕྱིར་གླིང་དཀར་སྟོད་ཀྱི་ཡུལ་ལ་ཆིབས་ཁ་བསྒྱུར་སྐད།

 

འབྲུག་མོ་སྦྲ་གུར། འབྲུག་མོའི་སྦྲ་གུར་ཞེས་པ་ནི་རི་རབ་ལྷུན་པོ་ཨ་མ་ཟོ་དགུའི་པང་བ་རུ་མཚོ་ལུང་མཚོ་བདུན་ཞེས་པའི་ཤར་མདུན་ན། སྦྲ་གུར་གཉིས་དངོས་སུ་ཕུབ་པ་ལྟ་བུའི་དེའུ་འབུར་གཉིས་ཡོད་པ་དེ་ཡིན་ཞིང་། འདབས་སུ་དྭངས་ཤིང་བསིལ་བའི་རྫ་ཆུ་ལྷུང་ལྷུང་དུ་འབབ་བཞིན་ཡོད། <<གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་ཕྲེང་མཛེས>>ལྟར་ན། སེང་ཆེན་རྒྱལ་པོ་མ་ཨ་ནེ་གོང་སྨན་རྒྱལ་མོའི་ལུང་བསྟན་ལྟར་མ་རུངས་ནག་པོ་བདུད་འདུལ་བར་ཆས། སྐྱ་ལོའི་སེང་ལྕམ་འབྲུག་མོས་རྟ་ནག་རྒོད་མ་ཁྲིད་ལ་བཞོན་ཏེ་རྗེས་དེད་ནད་མཚོ་ལུང་མཚོ་བདུན་ཞེས་པའི་ཤར་མདུན་དུ་རྒྱལ་པོར་མཇལ་ཏེ་ཞག་བཞུགས་མཛད། ཨ་ནེ་གོང་སྨན་རྒྱལ་མོས་འཛམ་གླིང་ལ། འབྲུག་མོ་གཉིད་སོང་དུས་འབྲོ་དགོས་པའི་ལུང་བསྟན་པ་ལྟར་འབྲུག་མོ་གཉིས་པ་དང་མྱུར་དུ་བཞེངས་ནས་ལམ་དུ་ཆས།

ཕྱི་ཉིན་འབྲུག་མོ་གཉིད་ལས་སད་དེ་ལྟ་དུས། གེ་སར་མི་འདུག་པས་སྐྱོ་བ་ཆེན་པོས་འཕྲལ་དུ་རྒོད་མ་ཁྲིད་ལ་བཞོན་ནས་རྗེས་བསྙེགས་ཀྱང་ཨ་ནེ་གོང་སྨན་རྒྱལ་མོས་སྤྲུལ་བའི་ཆུ་བོ་ཆེན་པོ་ཞིག་གིས་བཀག་པས་ཕྱིར་མི་ལོག་ཀ་མེད་བྱུང་། འབྲུག་མོ་གཅིག་པུ་མཚོ་ལུང་མཚོ་བདུན་གྱི་ཤར་མདུན་གྱི་རྫ་ལུང་དེར་བསླེབས་སྐབས་ས་རུབ། གོང་སྨན་རྒྱལ་མོས་སེང་ལྕམ་འབྲུག་མོའི་སྐྲག་འཇིགས་བསལ་ཕྱིར་མདུན་ཟོས་གོས་གཉིས་ཀྱི་སྦྲ་གུར་གཉིས་སུ་སྤྲུལ། འབྲུག་མོ་ཅུང་ཙམ་དགའ་སྟེ་ཞག་བཞུགས་གནང་བས། འབྲུག་མོའི་སྦྲ་གུར་ཞེས་པའི་མིང་ཡང་ཐོགས་སྐད།

ཤན་པའི་རྡོ་མཁར། ཤན་པའི་རྡོ་མཁར་ནི། མཚོ་སྔོན་པོའི་ནུབ་འགྲམ་གྱི་སྤྲེའུ་ནག་ཡུལ་ཚོ་ནས་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་བཞི་ལྔ་ཙམ་གྱི་སར་བརྗིད་ལྡན་རྫ་རི་ལྷུན་གྱིས་གྲུབ་པའི་ངོས་གཟར། བྲག་དཀར་ཆོས་དཔེ་བརྩིགས་འདྲའི་མདུན་དུ་ཡོད།

དེ་ཡང་<<གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་ཕྲེང་མཛེས་>>ལྟར་ན་རྡོ་མཁར་མཐའ་སྐོར་དུ་གསོམ་པ་དང་ཤུག་པ་སོགས་ཀྱིས་བཀང་ཞིང་། བྲག་རི་ལས་རྫ་ཆུ་འབབ་པ། རི་སྐྱེས་སྣ་ཚོགས་ཅི་དགར་རོལ་ཞིང་བྱེའུ་མང་པོས་འཕུར་ལྡིང་བྱེད་ས་ཞིག་ཡིན།

དེ་ཡང་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱིས་ཧོར་ཆམ་ལ་ཕབ། ཤན་པ་ཁྲིམས་ལ་སྦྱར་ནས་ལོ་གཅིག་འདས་པ་ན། འཇང་ས་དམ་རྒྱལ་པོའི་བུ་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་འདུལ་བའི་སྐབས་སུ་བབས་པས། འཛམ་གླིང་གེ་སར་རྒྱལ་པོས་ཤན་པ་ལ། སྡིག་གཅོད་ཤན་པ་རྒྱལ་པོ་ཁྱོད། །མ་འདུག་མྱུར་དུ་འཇང་ལ་ཆས། །འཇང་ཕྲུག་འདུལ་བའི་སྐབས་སུ་བབས། །འདུལ་སྐལ་ཤན་པ་ཁྱོད་ལ་ཡོད། །དབུས་ཀྱི་ཚྭ་མཚོ་ཁ་རུ་སོང་། །འཇང་ཕྲུག་མགོ་ལག་ཁྱིགས་ནས་ཤོག །ཅེས་བཀའ་བསྩལ། ཤན་པས་རྒྱལ་པོའི་བཀའ་བཞིན་ཧོར་དམག་ཐམས་ཅད་ཁྲིད་དེ་ལམ་ལ་ཆས། དབུས་ཚྭ་མཚོ་ཁར་སླེབ་ལ་ཉེ་དུས། ས་བཙན་པོ་སྤྲེའུ་ནག་རྫོང་ཞེས་བྱ་བར་རྡོ་ཡིས་མཁར་བརྩིགས་ཤིང་འཐབ་ར་ལས་ཏེ་སོ་བ་འདུག་ཏུ་བཅུག་རྗེས། ཤན་པས་འཇང་ཕྲུག་འདུལ་བའི་གྲ་སྒྲིག་བྱས་ཤིང་། ཟླ་༤ པའི་ཚེས་༡༥ ཉིན་ཁོང་ཉིད་ཀྱིས་འཁོར་གསུམ་སྤྲས་ཏེ་དབུས་ཚྭ་མཚོར་ཆས།

སྡིག་ཅན་ཤན་པ་རྒྱལ་པོ་དབུས་ཚྭ་མཚོ་ཁར་བསླེབས་ཙ་ན། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གྱིས་སག་ཐག་འཁོར་གསུམ་སྐེད་ལ་བཅིངས་ཏེ་ཇ་བསྐོལ་ནས་སྡོད་པ་དང་འཕྲད། ཤན་པས་འཇང་ཕྲུག་ལ་ངོ་རིག་ངོ་དགའའ་བྱས་ཏེ་ཆང་གི་ཉིང་ཁུ་རྒྱ་མ་བཅོ་བརྒྱད་བླངས་ཏེ་དྲངས་པར་འཇང་ཕྲུག་དོགས་ཏེ་མང་པོ་མ་འཐུངས་པས། ཤན་པས། སྐྱེས་ཕོ་རབ་ཅིག་གི་གཏམ་རྒྱུད་ལ། །ཁྱོད་འཇང་རྒན་ཚང་གི་གདོང་རྒྱུད་ཟེར། །ཆང་འཐུང་ན་ཕོ་ཆེན་རྟ་འདྲ་དགོས། །ཁྱོད་མིང་ཅན་འཇང་ཕྲུག་མིན་པ་འདྲ། །ཞེས་ངར་བསླངས་པས་འཇང་ཕྲུག་གིས། ང་ས་དམ་རྒྱལ་པོའི་གདུང་རྒྱུད་ཡིན། །འཇང་ལུང་པ་གསུམ་གྱི་གཅེས་ཕྲུག་ཡིན། །ཆང་འཐུང་ན་ཕོ་ཆེན་རྟ་འདྲ་དགོས། །ཞེས་ཟེར་ནས་དབུགས་ཐེངས་གཅིག་གིས་འཐུངས་ནས་བཟི། ཤན་པས་ཐག་པ་འདོམ་པ་བརྒྱ་དང་བརྒྱད་ཅན་ཞིག་གིས་བཀྱིགས་ཤིང་རི་མགོ་གསུམ་ལ་ཤ་གཟུང་གསུམ་བརྡབས་ནས་བཏགས། ཇ་འཐུང་གྲབས་བྱེད་དུས། གློ་བུར་དུ་འཇང་ཕྲུག་གཉིད་ལས་སད་པ་ཇི་བཞིན་འཕག་ར་འགའ་བྱས་ནས་ལངས་ཙ་ན། ཤན་པས་མ་བཟང་ཟེར་ནས་འཇང་ཕྲུག་གི་སྒྱིད་པར་འཇུས། འཇང་ཕྲུག་གིས་ཤན་པ་ལ་རིང་ལ་ཐུང་དགུར་དྲུད་པའི་སྐབས་དེར། གེ་སར་གྱི་སྤྲུལ་བས་འཇང་ཕྲུག་གི་མདུན་དུ་རྡོ་ཕ་བོང་གཡག་རོ་འདྲ་བ་ཞིག་འཕངས་པས་འཇང་ཕྲུག་སར་འགྱེལ། ཤན་པས་འཕྲལ་དུ་ལྕགས་སྲོག་ཅན་གྱི་སྲོ་ཐག་འདོམ་པ་བརྒྱ་དང་བརྒྱད་ཀྱིས་དམ་པོར་བཀྱིགས་ཏེ་འཇང་རྟ་གནམ་ཡག་སྔོན་མོའི་གོང་ལ་བཞག་སྟེ་སྤྲེའུ་ནག་རྫོང་གི་རྡོ་མཁར་བཙན་པོ་(འི)ནང་དུ་ཁྲིད། ལོ་མང་པོར་བསྡད་དེ་འཇང་ཕྲུག་གྲོགས་སུ་བཀུག་རྗེས། གླིང་དཀར་སྟོད་ལ་ཕེབས་སོང་ཞེས་སྐད། དེ་ནས་བཟུང་རྫོང་མཁར་དེ་ལ་ཤན་པའི་རྡོ་མཁར་ཞེས་པའི་མིང་ཡང་ཐོགས།

ཤན་པའི་བ་རྡོ་སྤུན་གསུམ།

ཆབ་ཆ་རླུང་གི་ཁོལ་མོ།

 ཁ་དཔེར། ཆབ་ཆ་རླུང་གི་རྐྱལ་བ་རེད། ས་གྲུ་བཞི་ས་གྲུ་བཞི་རླུང་གི་ཕ་རྒན་རེད། ཅེས་གླེང་བ་ལྟར་ཆབ་ཆ་ནི་ཡུལ་གཞན་དང་མི་འདྲ་བར་རླུང་གཡུག་ཐེངས་མང་ཞིང་ཁྱད་པར་དུ་དགུན་དཔྱིད་ལ་རླུང་རྐྱལ་ཞིག་གི་ཁ་ཕྱེས་པ་དང་མཚུངས།

དེ་ཡང་<<གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་ཕྲེང་མཛེས་>>ལྟར་ན། ངག་རྒྱུན་དུ་བསྐལ་པ་དུ་མའི་སྔོན་ལ་ཆབ་རིམ་བཀྲ་ཤིས་དར་ཐང་འདིར་དྲོ་གྲང་སྙོམས་ཤིང་ནམ་ཟླ་ལེགས། ཕྱིས་སུ་གླིང་གེ་སར་རྒྱལ་པོས་ཤན་པ་རྨེ་རུ་རྩེ་འཇང་ཕྲུག་འདུལ་བར་འཇང་ཡུལ་ཚྭ་མཚོར་མངགས།

ཁོང་ཉིད་རི་ཀླུང་མང་པོ་བརྒལ་ནས་ཆབ་འགག་ཡུལ་དུ་སླེབས་པ་ན། རྩྭ་ཆུ་ལེགས་ཤིང་དྲོ་གྲང་སྙོམས་པས་ཉིན་འགར་ངལ་གསོ་བྱས་ན་སྙམ་ནས་ཆིབས་པ་རྩྭ་ཁར་བཏང་། ཁྲབ་རྨོག་ས་ལ་བཞག འཁོར་གསུམ་སྐེད་ནས་གྲོལ། བ་ཆས་འཕྲལ་དུ་བླངས་ཏེ་ཇ་བསྐོལ། ཇ་མྱུར་དུ་མ་ཁོལ་བས་ཁོལ་མོ་རླུང་རྐྱལ་བླངས་ཏེ་རིང་འཐེན་བྱས་པ་ན། ཡུལ་ཁམས་ཡོངས་སུ་རླུང་འཚུབ་གཡུགས། ཤན་པར་ཇ་འཐུངས་ཏེ་ཉིན་ཞག་བཅོ་བརྒྱད་ལ་ངལ་གསཔ་བྱས་པས་འཇང་ཕྲུག་འདུལ་བའི་འགན་ཡང་བརྗེད། སྐབས་དེར་གེ་སར་རྒྱལ་པོ་སྦྲང་མ་ཞིག་ལ་སྤྲུལ་ཏེ་ཤན་པའི་སྙན་ལམ་དུ། ཤན་པ་མ་འདུག་ཤན་པ་སོང་། །འཕྲལ་དུ་འཇང་ཕྲུག་དམ་ལ་ཐོགས། །འཚོ་བར་ཚིམ་མེད་ལོངས་སྤྱད་དེ། །རང་དགར་འདུག་ཐག་རིང་བའི་ཚེ། །དགྲ་མགོ་ཤོར་ཉེན་ཤིན་ཏུ་ཆེ། །ཞེས་དྲན་བསྐུལ་བར་ཤན་པ་མྱུར་དུ་དབུས་ཚྭ་མཚོ་ཁ་རུ་ཕེབས་སོ། །

ཁོང་འཚབ་འཚུབ་ཀྱིས་ལམ་ལ་ཞུགས་པས་ཁོལ་མོ་ཆབ་ཆ་གཞོང་དུ་ལུས། དེ་ནས་བཟུང་གནམ་གཤིས་ལ་འགྱུར་ལྡོག་ཆེ་ཞིང་རླུང་ཡང་གཡུག་པའི་མགོ་བརྩམས་བྱུང་ཞེས་གླེང་ཞིང་། དྲོ་གྲང་སྙོམས་པའི་དུས་བཟང་པོ་ཞིག་སླར་ཡང་སླེབས་ཡོང་བ་གེ་སར་གྱི་ལུང་བསྟན་ཡོད་སྐད།

 

བདུད་ཀྱི་མ་མོ་གྲོ་མོ་བཏུལ་ཤུལ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་(གསེར་ཆེན་རྫོང་)བར་དབོན་དུང་རིའི་མདུན་དུ་ཆགས་པའི་ཏིང་ཀྱཱ་དགོན་པའི་ནུབ་ཕྱོགས་ཀྱི་ལུང་མཚེས་ཞོལ་མའི་མདོ་རུ། གཡུལ་ཁའི་ཐང་ཟེར་བའི་ས་ཆ་ཞིག་ཡོད། ས་ཆ་དེ་རུང་འཛམ་གླིང་གེ་སར་རྒྱལ་པོའི་ཞབས་རྗེས་དང་། མདུང་རྗེས། ཁྱི་རྗེས་དག་རྡོ་ཐོག་ཏུ་རི་མོ་བརྐོས་པ་ཇི་བཞིན་གསལ་ལེར་མངོན་འདུག་པར་མ་ཟད། བདུད་ཀྱི་མ་མོ་གྲོད་པུ་ཡིན་ཞེས་པའི་རྡོའི་ཆེ་ཆུང་དང་ཁ་དོག  དབྱིབས་བཅས་ཀྱི་ཆ་ནས་ལུག་གི་གྲོད་པུ་ཞིག་དང་འདྲ་བ། རྡོའི་སྟེང་དུ་ལུག་གི་མཚེར་བ་དང་མཚུངས་པའི་རྡོ་ལེབ་ཆུང་ཆུང་ཞིག་དང་ལུག་གི་མིད་པ་དང་འདྲ་བའི་རྡོ་ནར་ཕྲན་བུ་ཞིག་ཀྱང་ཡོད། ཕ་གའི་བྲག་ངོས་སུ་གེ་སར་རྒལ་པོས་མཆོད་པའི་ཁྲག་དང་ཚིལ་ཡིན་ཞེས་ཁ་མདོག་དཀར་པོ་དང་དམར་པོ་རིམ་པ་རིམ་པ་བྱས་ནས་ཆགས་ཡོད།

<<གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་ཕྲེང་མཛེས་>>ལྟར་ན། སྐྱེས་མཆོག་ནོར་བུ་དགྲ་འདུལ་གོང་མ་ལྷ་ཡི་ལུང་བསྟན་ལྟར་བདུད་མ་རུངས་ཀླུ་བཙན་རྒྱལ་པོ་འདུལ་བར་བྱང་ཕྱོགས་བདུད་ཀྱི་ཡུལ་དུ་ཆས། ཐོག་མར་བདུད་ཀླུ་རྒྱལ་པོའི་སྲིང་མོ་སྟེ་སྨན་ཨ་སྟག་ལྷ་མོ་གྲོགས་སུ་བཀུག

དེ་ནས་ཁོང་མི་རྟ་གཉིས་ཀ་སོང་སྟེ་བྱ་བྱེའུ་ཡང་མེད་པའི་ས་ཆ་འཇིགས་སུ་རུང་བ་བདུད་ཀྱི་མ་མོ་གྲོ་མ་ཡོད་སར་སླེབས། སྐབས་དེར། མདུན་གྱི་རི་གསེབ་ན་ལྕགས་ཀྱི་རྭ་ཅོ་ཅན་གྱི་མ་མོ་གྲོ་མོ་དེ་སྟག་རྒོད་མཆོང་བ་ཇི་བཞིན་འཛམ་གླིང་གེ་སར་རྒྱལ་པོའི་སྟེང་ལ་བརྒྱུགས་པ་ན། གེ་སར་གྱིས་ལྷ་མདའ་དུང་གཤོག་དཀར་པོ་འཕངས་ཏེ་བདུད་ཀྱི་མ་མོའི་ལྕགས་རྭ་གཉིས་དུམ་བུར་བཅད། བདུད་ཀྱི་མ་མོ་གྲོ་མོ་འཇིགས་ཏེ་བྲོས། གེ་སར་རྒྱལ་པོས་རྗེས་དེད་ནས་ད་ལྟ་ལུང་མཚེས་ཟེར་བའི་མདོའི་གཡུལ་ཁའི་ཐང་ལ་སླེབས་པའི་ཚེ། གེ་སར་གྱི་ཁྱི་དང་དཀར་དམ་ཆུང་གིས་བདུད་ཀྱི་མ་མོ་གྲོ་མོའི་རྗེས་ཆོད་དེ་མདུན་བཀག་ཅིང་གེ་སར་མཆོག་གིས་མདུང་མོ་ཁམས་གསུམ་དགྲ་འདུལ་ཤུགས་ཀྱིས་བསྣུན་ཏེ་སྐེ་བཅད་དེ་ལྔ་པའི་ལམ་དུ་བསྐྱལ།

གེ་སར་རྒྱལ་པོས་བདུད་ཀྱི་མ་མོ་གྲོ་མོཌྷི་གྲོད་པུ་བླངས་ཏེ་སར་འཕངས་ཤིང་སྙིང་ཁྲག་དང་སྙིང་ཚིལ་བླངས་ཏེ་གནས་དེའི་གཞི་བདག་ལ་མཆོད། ཁོང་ཉིད་ཐང་ཆད་དེ་མདུང་ཡུ་ལ་སྔས་བྱས་ནས་ངལ་གསོ་བྱས་རྗེས། རྟ་མཆོག་རྐྱང་རྒོད་གཡེར་བར་བཅིངས་ཏེ་ཕྱིང་བྱང་ཕྱོགས་བདུད་ཀྱི་ཡུལ་དུ་ཆས། དེ་ནས་བཟུང་གནས་དེར་འཛམ་གླིང་གེ་སར་རྒྱལ་པོའི་ཞབས་རྗེས་དང་མདུང་རྗེས། ཁྱི་རྗེས་བབས་པར་མ་ཟད། བདུད་ཀྱི་མ་མོ་གྲོ་མོའི་གྲོད་པུ་དང་ཁྲག་ཚིལ་མཆོད་པའི་ཤུལ་སོགས་གསལ་པོར་བཞག་གོ་སྐད།

གེ་སར་རྒྱལ་པོའི་རྟ་ཕུར།  ཉི་ཟེར་གོང་ཁ་བརྒྱུད་ནས་ཤར་ཕྱོགས་སུ་སྤྱི་ལེ་༢༠༠ལྷག་སོང་བ་ན་རང་གྲུབ་ཀྱི་བྲག་ཐོ་ཀེ་རེར་ལངས་ཤིང་ཕུར་པ་ཞིག་དང་འདྲ་བ་མཐོ་ཚད་ལ་ཕལ་ཆེར་སྨི་བཅུ་ལྷག་ཅིག་ཡོད་པ་ནི། འཛམ་གླིང་གེ་སར་རྒྱལ་པོ་བདུད་འདུལ་དུ་འགྲོ་སྐབས་ཆིབས་རྟ་རྐྱང་རྒོད་གཡེར་བ་བཏགས་པའི་ཕུར་བ་རེད་ཅེས་གླིང་བཞིན་མཆིས།

<<གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་ཕྲེང་མཛེས>>ལྟར་ན། དེ་ཡང་གེ་སར་རྒྱལ་པོས་གླིང་གི་ཇ་མ་མིང་ཆེན་བཅུ་གསུམ་གྲོགས་སུ་བཀུག་ནས་མཚམས་ལ་བཞུགས་དུས། བདུད་ནག་པོ་ཀླུ་བཙན་རྒྱལ་པོ་དེས་མེ་བཟའ་འབུམ་སྐྱིད་འཕྲོགས་པས། གེ་སར་རྒྱལ་པོ་གོང་སྨོན་རྒྱལ་མོའི་ལུང་བསྟན་བཞིན་བདུད་ཀླུ་བཙན་འདུལ་དུ་ཆས།

སེང་ལྕམ་འབྲུག་མོས་གདུང་བ་མ་བཟོད་པར་རྟ་རྒོད་མ་བློ་ཁྲིད་ཞོན་ནས་གླིང་གེ་སར་རྒྱལ་པོའི་རྗེས་སུ་བསྙེགས་ཏེ་ས་འདིར་རྗེས་ཆོད། ཡབ་ཡུམ་གཉིས་དགའ་སྐྱོའི་ངང་ནས་འདི་རུ་ཞག་བཞུགས་གནང་དུས། རྟ་མཆོག་རྐྱང་རྒོད་གཡེར་བ་ཡང་དེ་ནུབ་ཨ་མ་ཟོ་དགུའི་ཤར་ཕྱོགས་ཀྱི་འཛམ་གླིང་རྟ་ཕུར་ཟེར་བ་དེར་བཏགས་པ་ལགས་ཞེས་འཁོད་ཡོད།

རྡོ་གཤགས་གོང་ཁ།

རྡོ་གཤགས་གོང་ཁ་ནི་རྨ་ཀླུང་རིང་མོའི་ལྷོ་འགྲམ་ན་ཆགས་ཡོད་པའི་ཁྲི་ཀ་རྫོང་གི་ཤར་ལྷོ་གཉིས་ཀྱི་ས་མཚམས་ན་གནས་པའི་འཕྲང་དམར་ཡུལ་ཚོ་ནས་སྤྱི་ལེལ༡༠ལྷག་ཅིག་སོང་ཙ་ན། རྐང་ཚའི་དགོན་པའི་གཡས་ཕྱོགས་སུ་ངོ་མཚར་རབ་ཏུ་ལྡན་པའི་རྡོ་གཤགས་གོང་ཁ་ཞེས་པ་ཡོད་ཅིང་། རྡོ་ཕ་བོང་དེའི་དབྱིབས་ནི་གཡག་རྒོད་པོ་ཞིག་འཕྲེད་དུ་ཉལ་བར་རལ་གྲི་རྣོན་པོ་ཞིག་གིས་གཞོགས་ཕྱེད་དུ་བཏང་བ་དང་ཁྱད་པར་སྤུ་ཙམ་ཡང་མ་མཆིས་སོ།

དེ་ཡང་<< གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་ཕྲེང་མཛེས >>ལྟར་ན། རྡོ་གཤགས་གོང་ཁའི་ཤར་བྱང་གཉིས་ཀྱི་མཚམས་ན། ད་དུང་གེ་སར་རྒྱལ་པོའི་རྟེའུ་ཐང་དང་རྒོད་མའི་ཐང་། རྟ་རྒྱུག་ཐང་ཞེས་པའི་ཐང་ཆེན་པོ་ཕལ་ཆེར་ས་མུའུ་སྟོང་རེ་ཡོད་པར་བཤད།

ངག་རྒྱུན་ལྟར་ན། གནའ་སྔ་མོ་ཞིག་ལ་འབྲོག་སྡེ་ཆེན་པོ་རྐང་ཚ་ཞེས་པའི་ས་ཁུལ་དེ་རུ་རྫོགས་ལྡན་གྱི་དུས་བཟང་པོ་ཤར་བའི་སྐབས་ཤིག་ལ། འཇིགས་ཆེན་མགོ་ལ་རྭ་ཡིས་བཀང་བ་དང་། སྟོབས་ཆེན་ཕ་བོང་ཕྲག་ཏུ་ཁུར་བའམ་གནག་སེམས་ཅན་ཁྱུར་མིད་བྱེད་པ། ཁ་ལས་མེ་ལྕེ་དགུང་ལ་འཕྱུར་བ། སྐྱེ་བོ་སུས་མཐོང་ཡང་འཇིགས་སྐྲག་གི་སྡོང་ལོ་རླུང་གིས་འདས་པ་བཞིན་ལྷབ་ལྷུབ་ཏུ་འདར་བའི་འདྲེ་རྒོད་འཇིགས་སུ་རུང་བ་ཞིག་བསླེབས། གླིང་གེ་སར་རྒྱལ་པོ་ཁོང་མཚམས་ལ་བཞུགས་ཡོད་པའི་སྐབས་སུ་མཁྱེན་ནས། དམ་ལ་མ་བཏགས་ན་སེམས་ཅན་ཐམས་ཅད་གནོད་པ་ཆེན་པོ་ཐེབས་ངེས་ཡིན་སྙམ་ནས་འཁོར་གསུམ་སྐེད་ལ་བཅིངས་ཏེ་སོང་བ་ན། འདྲེ་རྒོད་དེས་གེ་སར་ནོར་བུ་དགྲ་འདུལ་ཡིན་པ་རྟོགས་ནས་བྲོས། གེ་སར་རྒྱལ་པོ་རྟེའུ་ཐང་ལ་བསླེབས་ཏེ་རྟེའུ་ཞིག་ལ་བཞོན་ནས་བདས་ཀྱང་རྗེས་མ་ཆོད། དེ་ནས་རྒོད་མའི་ཐང་ལ་བསླེབས་ནས་རྒོད་མ་ཞིག་ལ་བཅིབས་ཏེ་བདས་ཀྱང་རྗེས་མ་ཟིན། མཇུག་མཐར་རྟ་རྒྱུག་ཐང་ལ་བསླེབས་ཏེ་ཅང་ཤེས་རྟ་མཆོག་ཅིག་ལ་བཅིབས་ནས་བདས་ཏེ་རྗེས་ཆོད་པ་ན། འདྲེ་རྒོད་དེས་རྡོ་ཕ་བོང་རྒྱ་སྒོ་འདྲ་བ་ཞིག་ཕྲག་ཏུ་ཁུར་ནས་འཐབ་པའི་སྐབས་དེར་གེ་སར་རྒྱལ་པོས་རྗེས་ཆོད་དེ་གྲི་རྣོན་པོ་དངོ་དམར་རྡུལ་གཅོད་དེ་བསྣུན་ཏེ་འདྲེ་རྒོད་རྡོ་དང་མཉམ་དུ་གཤགས་པས་དེ་ལ་རྡོ་གཤགས་གོང་ཁ་ཞེས་བརྗོད་ཟེར།

བྲག་མདའ་བསྒྱིངས།

བྲག་མདའ་བསྒྱིངས་ནི་འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ༡༣ཙམ་གྱིས་ཆོད་པའི་གོ་ར་ཆུའི་ལྷོ་འགྲམ་དུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི༣༠༠༠ལྷག་མཆིས། བྲག་འདི་མཐོ་ཞིང་གཟར་བས་ན་འདིའི་སྟེང་དུ་འདབ་ཆགས་འབབ་ཐུབ་པ་མ་གཏོགས། འདི་ནི་མི་འགོ་ཐུབ་ས་ཞིག་མིན་པར་བཤད། བྲག་འདིའི་ཤར་ཕྱོགས་ཀྱི་ཤྭ་ཆུང་ལུང་མདོའི་བྱང་ཕྱོགས་སུ་སྨི༥༠༠ལྷག་གི་གནས་ན་རས་གུར་མ་ཟེར་བའི་ཕ་བོང་ཆེན་པོ་ཞིག་ཡོད་ཅིང་། ངག་རྒྱུན་ལ། གླིང་གེ་སར་རྒྱལ་པོས་བྲག་རི་འདིར་གནས་པའི་དགྲ་བགེགས་གཤེད་མ་མཐའ་དག་འདུལ་བའི་ཆེད་དུ། ཁོང་གིས་ཕ་བོང་དེར་ཞབས་གཏད་དེ་ཕྱག་མདའ་གཅིག་འཕངས་ནས་བྲག་རི་དེ་ཉིས་གཤག་ཏུ་བཏང་བ་དང་། དེ་ནས་བཟུང་འདི་ལ་བྲག་མདའ་བསྒྱིངས་སུ་ཐོགས་པར་གྲགས་པ་དང་། ད་དུང་ཕ་བོང་རས་གུར་མའི་སྟེང་དུ་གེ་སར་རྒྱལ་པོ་དང་རྟ་རྐྱང་ངེའི་ཞབས་རྗེས་དེང་སང་ཡང་མཐོང་རྒྱུ་ཡོད་པར་བཤད།

གེ་སར་གྱི་རྟ་རྗེས་སོགས། བཞི། གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་ངག་རྒྱུན་གྱི་སྐོར།

གེ་སར་གྱི་རྟ་རྗེས་སོགས།

ཀབ་རོན་འགག་ན་རྟ་རྐྱང་ངེའི་རྨིག་རྗེས་དང་། ཁྱི་དང་ལའི་རྗེས་རྡོ་ཐོག་ཏུ་གསལ་པོར་བབས་ཡོད། དེའི་གཡང་གཟར་གྱི་བྲག་སྲུབ་ཅིག་ཏུ་དངོས་པོ་ནག་པོ་ཞིག་ཡོད་པ། གནའ་སྔ་མོ་མདའ་འཕངས་ནས་རེ་ལེན་དུམ་བུ་ཞིག་ལྷུང་བས་དེ་གེ་སར་གྱི་མགོ་སྒྲ་ཡིན་པར་བཤད། ཡང་ཀབ་རོན་འགག་ན་མཁར་རྔའི་དབྱིབས་ལྟ་བུའི་ས་ཅག་ཅིག་ཡོད་ལ། དེ་གེ་སར་གྱི་རྔ་ཡིན་པར་ངོས་འཛིན་ལ། དུས་ཆེན་སྐབས་སུ་རྔ་གཡུ་བཟང་ཐང་ཁ་ནས་ཐོས་ཐུབ་པར་བཤད།

བྱེ་ལ་ཞོལ་མའི་ཉག་ཁ་ན་གེ་སར་གྱི་འུར་རྡོ་བརྒྱབ་པའི་ཤུལ་ཉག་ཁ་མདའ་ལྟོང་འདྲ་བ་ཞིག་ཡོད་པ། ཕོ་རྡོ་མོ་རྡོ་གེ་སར་གྱི་ཐབ་རྡོ་ཕ་བོང་གསུམ་ཡོད་པ། གཞན་ད་དུང་ལྕམ་སྒང་དང་བདེ་སྐྱིད་ཀྱི་ཆུ་ཚན་གྱི་ལུང་པ་ནའང་རྟ་རྐྱང་ངེ་རྨིག་རྗེས་དང་། འབྲུག་མོའི་སླ་ང་། འབྲུག་མོའི་སྦྲ་ཡིན་ཟེར་བ་སོགས་ཕྱོགས་སོ་སོ་ན་གེ་སར་དང་འབྲེལ་བའི་གཏམ་མང་ངོ་། །

སྤྱི་དཔོན་གྱི་དམག་ར།

དམག་ར་ནི་གནའ་བོའི་མཁར་ཤུལ་ཞིག་སྟེ། འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ་༤༥ཙམ་གྱིས་ཆོད་པའི་ཧོ་སྦྱོར་སྡེ་བའི་གོང་ཕྱོགས་སུ་ཡོད། ངག་རྒྱུན་ལ། གནས་འདི་ནི་གླིང་གི་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་དམག་མཁར་ཡིན་པར་གྲགས་པས་མིང་ཡང་དེ་ལྟར་དུ་ཐོགས། དེང་སང་གནས་འདིར་གནའ་བོའི་མདའ་མདུང་གྲི་གསིམ་སོགས་རྙེད་རྒྱུ་ཡོད་པར་བཤད་ལ། ཨ་མྱེས་དམག་ར་ཟེར་བའི་གཞི་བདག་ཅིག་ཀྱང་ཡུལ་འདིར་གནས་ཡོད་པར་གྲགས་སོ།

སྣང་ངུ་གཡུ་སྟག་གི་ཡུལ།

སྣང་སྲས་གཡུ་ཡི་མེ་ཏོག་གི་ཡུལ་དུ་གྲགས་པའི་ས་དམར་སྐེ་ཞེས་འབོད་པ་དེ་ནི། ཐུན་ཏེ་རྫོང་རྨ་བྱང་ཡུལ་ཚོའི་ཤར་ཕྱོགས་སུ་སྤྱི་ལེ་ཉི་ཤུ་ཙམ་གྱི་མཚམས་ན་ཡོད། སྔོན་བདུད་ཀླུ་བཙན་རྒྱལ་པོས་དཀར་པོ་ཚམ་ལ་དབབ་འདོད་ནས་ས་དམར་པོ་བྲག་རི་དམར་པོ་ཐམས་ཅད་རྫུ་འཕྲུལ་གྱིས་དེད་ནས་གླིང་དཀར་སྟོད་དུ་ཆས་དང་ཡོང་བའི་ཚུལ་དེ། གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་མཁྱེན་ཏེ་རྟ་མཆོག་རྐྱང་རྒོད་གཡེར་བ་ལ་བཅིབས་ཤིང་ར་མདར་རྒྱུགས་སྐྱ་རྐོ་ལུང་པ་ཞེས་པ་རུ་རྗེས་ཟིན། རལ་གྲིས་བདུད་རྒན་གྱི་བླ་རྡོར་བརྒྱབ་ནས་དུམ་བུ་གཉིས་སུ་བྱས་པ་ལ་དེང་སེང་རྡོ་ཁ་བཀད་ཅེས་བརྗོད་ཅིང་། དེ་ནས་བདུད་རྒན་བཏུལ་ཏེ་རྐང་གཡས་བཅད་ནས་བྲག་ངོས་སུ་བཞག་པ་དེ་ནི་དེང་སྐབས་བདུད་རྒན་རྐང་གུས་ཟེར་བ་དེ་ཡིན་ལ། རལ་གྲིས་བྲག་ངོས་སུ་བརྒྱབ་པའི་ཤུལ་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པ་ཡིན། སྐབས་དེར་བདུད་རྒན་ཉ་ཉོག་རུས་ཉོག་ཏུ་བཏང་རུང་བྲག་རི་ཐམས་ཅད་སྔར་བཞིན་འགྲོ་བཞིན་ཡོད་པས། གླིང་རྗེ་གེ་སར་རྒྱལ་པོས་རྟ་མཆོག་རྐྱང་རྒོད་གཡེར་བ་གློག་འཁྱུག་པ་བཞིན་བཏང་བས་བགྲོད་བཞིན་པའི་བྲག་རི་རྣམས་ཀྱི་རྗེས་ཆོད། བྲག་སྔ་བ་གསུམ་གྱི་བྲག་སྣ་ཕུག་ནས་བྲག་གཟུར་གཡུག་ལ་བཏགས་ཤིང་། དཔག་ཚད་དུ་མའི་སར་སྔོན་དུ་ཤོར་བའི་ས་དམར་པོ་རྣམས་ཀྱང་རེ་རེ་བཞིན་དམ་ལ་བཏགས། དེ་དག་ནི་དེང་སྐབས་ཀྱི་ཁིས་དམར་ཁ་དང་། ཉིན་སེར་ཁ་ཐོག དམར་སྒང་ཐོག་བཅས་ཡིན། དེ་ནས་གེ་སར་རྒྱལ་པོ་བདུད་རྒན་ལས་རྣམ་པར་རྒྱལ་ཏེ་བྲག་གཟུར་གཡུག་ཏུ་འབོད་པའི་རྒྱབ་ཀྱི་ལུང་ཁུག་ཅིག་སོང་ནས་བ་རྡོ་བཙུགས་ནས་ཇ་བསྐོལ། ངལ་གསོས་ནས་བསྡད་ཤུལ་ལ་དེང་སང་སྒྱེད་སུམ་ཟེར། དེ་ལྟར་བདུད་རྒན་བཏུལ་ཅིང་ཡུལ་ཁམས་བདེ་ལ་བཀོད་རྗེས། ཁོང་གི་ཚ་བོ་སྣང་ངུ་གཡ་སྟག་ལ་ས་དམར་སྐེས་ཀྱི་རི་ཆུ་ནགས་གསུམ་དང་རུ་སྡེ་མ་ལུས་པ་སྤྲད་དེ་གླིང་གི་དཔའ་རྟུལ་དང་མ་སྲུ་མང་པོས་བདག་འཛིན་བརྒྱབ་པ་ཡིན་ཟེར། སྐྱ་རྐོ་ལུང་པར་གེ་སར་རྒྱལ་པོའི་རལ་གྲི་དང་། རྟ་ར། རྟ་རྫིའི་ཉལ་ཁང་། འབྲུག་མོའི་ཆུ་སྟེགས་དང་ཐགས་ཤིང་། ཁྱི་དང་ལ་སོགས་ཀྱི་གཟུགས་འདྲ་བའི་བྲག་རྡོ་ཡོད་ལ། རྔ་ལོ་མ་ཞེས་པ་རུ་གླིང་གི་རྒྱ་སྒོ་དང་། གླིང་གི་མཆོད་ཁང་། རྡོ་རྒན་ལུང་པ་ན་འཛམ་གླིང་གེ་སར་རྒྱལ་པོའི་རྟ་རྗེས་དང་། གླིང་གི་ཆོས་བརྩིགས་སམ་བྲག་ཆོས་ཁྲི་ཞེས་པ་ཡོད་པར་མ་ཟད། གླིང་དཀར་སྟོད་ཀྱི་སྒོ་ཟོག་མ་མོ་ངང་རིལ་མའི་ལུག་གཏེར་སོགས་ཀྱང་ཡོད་པར་བརྗོད། མདོར་ན་གནས་མཆོག་འདི་ནི་སྣང་ངུ་གཡུ་སྟག་གིས་བདག་བཟུང་མཛད་པའི་ཡུལ་ཡིན་པས་སྣང་ངུ་གཡུ་སྟག་གི་ཡུལ་ཞེས་ཐོགས་པ་ཡིན་ནོ།

རྒྱ་རྨོག

དེ་ཡང་<<གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་ཕྲེང་མཛེས>>ལྟར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཞོལ་མ་ཡུལ་ཚོའི་ས་ཁུལ་གྱི་ནགས་དང་རི་ཆུ་འཛོམས་པའི་ཐང་ཤིང་རྔ་མ་ནས་རྨ་ཀླུང་རིང་མོ་ཤག་ཤག་ཏུ་བཞུར་བའི་ཕར་འགྲམ་ལ་བལྟས་ན། བྲག་རི་དམར་པོ་རྩེ་མོ་ཨ་སྔོན་དབྱིངས་སུ་མངོན་པ་དང་རྩ་བ་རྨ་ཀླུང་དབུས་སུ་ཟུག་ཡོད་པ་དེའི་སྐེད་ན་གནའ་རབས་ཀྱི་ཤིང་སྒམ་ཞིག་ཡོད་ཟེར། དེའི་ནང་དུ་རྒྱ་ཚ་ཞལ་དཀར་གྱི་རྨོག་དང་ཁྲབ་བཅུག་ཡོད་ཅེས་པའི་བཤད་ཚུལ་ཡོད་པ་དང་། བྲག་རི་དེ་ལ་རྒྱ་རྨོག་ཐོགས་དོན་ཡང་རྒྱ་ཚའི་ཁྲབ་རྨོག་དེ་རུ་གནས་པའི་རྐྱེན་གྱིས་ཡིན་ཞེས་གླེང་། རྒན་པོ་ཉམས་མྱོང་ཅན་ཚོས་བཤད་པ་ལྟར་ན་བྲག་སྐེད་ཀྱི་སྒམ་དེ་མཐོང་མཁན་གྱིས་སྐྱེ་བོ་མང་པོ་ཡོད་ཟེར།

 

ས་དེའི་མི་རྣམས་ཀྱིས་ད་དུང་བྲག་རི་རྒྱ་རྨོག་ཟེར་བ་དེའི་སྐོར་ལ་ཉམས་སྤྲོ་བའི་གཏམ་རྒྱུད་འཛོམས་པོ་ཞིག་བཤད་བཞིན་ཡོད་པ་སྟེ། དེ་ཡང་དཔའ་མི་འགྱུར་རྒྱ་ཚ་ཞལ་དཀར་གྱིས་ཧོར་གྱི་ཤན་པ་རྨེ་རུ་རྩེ་དེད་ནས་ཧོར་གྱི་གད་པ་སྐྱ་རིང་ཟེར་བའི་ས་ཁུལ་དེ་ལ་བསླེབས་ཙ་ན། རྒྱ་ཚས་བཅིབས་པའི་འདོ་བ་རྨ་བྱ་ཕྱིར་འགྲོས་ཤིག་བརྒྱབ་པས། ཁོང་རྟ་གོང་ལས་ལྷུང་སྟེ་མདུང་གི་རྩེར་འཐེན་ཏེ་བཅོ་ལྔའི་དུང་ཟླ་ཐང་ལ་ལྷུང་ཟེར་བ་དེ་བྱུང་བར་གདའོ། །

དེར་ས་རྣམ་པ་དྲུག་ཏུ་གཡོས། འཇའ་དཀར་པོ་ཞིག་གིས་ཐད་ཀྱི་གནམ་ས་ཁེངས་པར་གྱུར། དེ་ནས་འདན་མ་དང་སྒ་སྡེ་གཉིས་འཇའ་ཁྱིམ་འོད་ཕུང་ལ་དོགས་པ་ཤིན་ཏུ་ཟོས་ཏེ་བློ་མི་བདེ་ཞིང་སེམས་འཁྲུག་བཞིན་དུ་ཤོར་བྱུང་བ་ན། ཤན་པ་རྨེ་རུ་རྩེས་དེ་མཐོང་ནས་རྒྱ་ཚའི་དབུ་ཁྱེར་ཏེ་འཕྲལ་དུ་བྲོས་སོང་། ཤུལ་དུ་སྐུ་གདུང་ཧྲིལ་པོ་དང་། ཕྱག་ཤན་གཉིས།་རྟ་རྒྱ་བྱ། མདུང་བཀྲ་མི་ཤིས་སོགས་བསྐྱུར་འདུག དེར་འདན་མ་དང་སྒ་སྡེ་གཉིས་ཀྱི་རྒྱ་ཚ་སྐུ་བཀྲོངས་པ་ཤེས་ཏེ། ཤན་པའི་རྗེས་སུ་མདའ་ཞིག་རྫོང་རྩིས་བྱས་ཏེ་རྟ་རྒྱུག་ཅིང་མཐེབ་སྤྲད་པའི་ཚེ། སྒེ་སྡེ་ན་རེ། ཞལ་དཀར་གྱི་དབུ་ཁྱེར་འདུག་པས་མདའ་འཕངས་ཀྱང་ཕོག་མི་ནུས། དེ་ལས་འུར་ཁྲ་ཐུང་མ་དེ་རྒྱོབ་དང་ཟེར། དེར་འུར་མཐིལ་དུ་རྡོ་དཀར་ཞིག་བཞག་ནས་བཤད་རྒྱུར། ལས་ནག་པོ་འབུམ་པའི་ལྷ་རྒྱུད་དེ་དབུ་དར་འཕྲུ་ཤ་ལེར་ཁྱེར་ཞིང་གདའ། འུར་ཁྲ་ཐུང་གིས་ཤ་ལན་མ་འཕྲོད་ན། གླིང་གེ་སར་ལྷ་མེད་ཡིན་པའི་རྟགས་ཟེར་ནས་འུར་རྡོ་འཕངས་པའི་ཚེ་ཤན་པའི་དཔུང་བ་གཡས་པར་ཕོག་སྟེ་དཔུང་ལྷུ་བྲལ་བ་ཙམ་ལས་གཞན་ནུས་པ་ཆེར་མ་བྱུང་ཟེར། དེར་ཨ་མྱེས་སྟོང་དཔོན་ཁྲ་རྒན་ཡང་འཚབ་འཚུབ་ངང་ཞལ་ལུའི་གདུང་གི་འགྲམ་དུ་བསླེབས་པ་དང་། རྟ་ལས་བབས་ཏེ་རྨོག་ཕུད་རྗེས་ན་རེ། འོ་ན་ལྷ་རྒྱུད་དཀར་པོ་རྣམས། དཔོན་ཞལ་ལུ་ཤན་པས་བཀྲོངས་ནས་གདའ། དབང་པོའི་མིག་དང་ཁོག་པའི་སྙིང་། ཡེ་མེད་གཏན་བྲལ་བྱས་ནས་གདའ་ཟེར་ནས་བསམ་བློ་ཞིག་བཏང་རྗེས། གླིང་གི་དཔའ་རྟུལ་རྣམས། ད་འཇུ་རེས་འཆང་རེས་བྱས་ནས་དགོས་པ་ཅི་ཡོད། ང་ཚོས་ཞལ་ལུའི་སྐུ་གདུང་བདག་དམ་ལེགས་པོ་བྱེད་རྒྱུ་གལ་ཆེ་ཟེར་ནས། དཔའ་རྟུལ་རྣམས་ཀྱིས་ཁྲབ་རྨོག་དང་འཁོར་གསུམ་ཕུད་དེ། གདུང་འཆོས་ལེགས་པར་བྱས་མཐར། ཁོང་དཔོན་བློན་རྣམས་གྲོས་མཛད་དེ་རྒྱ་ཚའི་ཁྲབ་རྨོག་གཉིས་གང་སར་འཕངས་ནས་འགོམ་ཡུག་ཏུ་བཏང་ན་གླིང་གི་རྗེས་མི་རྣམས་ལ་གནོད་པ་ཡོད་པས། མི་མི་འགྲོ་བའི་གནས་ཤིག་ལ་བཞག་ན་ལེགས་ཞེས་གྲོས་མཐུན་ཡོང་སྟེ། འདན་མ་སྒ་སྡེ་གཉིས་ཀྱིས་དེ་མ་ཐག་རྒྱ་ཚའི་ཁྲབ་རྨོག་གཉིས་ཤིང་སྒམ་ཆེན་པོ་ཞིག་གི་ནང་དུ་བཅུག་སྟེ་བྲག་དམར་པོ་རྒྱ་རྨོག་ཟེར་བའི་སྐེད་ལ་བཞག་ཅེས་གླེང་། སྐབས་དེ་ནས་བཟུང་བྲག་རི་དེ་ལ་རྒྱ་རྨོག་ཅེས་མིང་ཡང་ཐོགས་ཟེར་རོ།

རྒྱ་ཚ་ཞལ་དཀར་བཀྲོངས་ཤུལ། ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་མདུན་ནས་སྤྱི་ལེ་བཅོ་ལྔ་ཡས་མས་ཙམ་གྱི་སར་གད་པ་གཡང་ར་ཞེས་པའི་གད་པ་འཇིགས་སུ་རུང་བ་ཞིག་ཡོད་ལ། གང་པ་དེའི་གཡས་ཕྱོགས་སུ་ཁྲ་ལྡང་ན་རྒན་ཟེར་བའི་ན་ཁུགས་ཧ་ཅང་ཆེན་པོ་ཞིག་ཡོད་པ་དང་། གཡོན་ཕྱོགས་སུ་ལོ་རྒྱུས་རིང་ཞིག་གཏམ་རྒྱུད་མང་བའི་མཚམས་ཁང་ཞིག་ཡོད། གནས་འདི་ནི་འབའ་ཆུ་དང་། ཁྲ་ལྡང་ཆུ། ནག་མར་ཆུ་གསུམ་གྱི་འདྲེས་མཚམས་སུ་ཡོད།

<<གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་ཕྲེང་མཛེས>>ལྟར་ན། ལ་ལས་གད་པ་གཡང་རའི་མཚམས་ཁང་དེ་ནི་རྒྱ་ཚ་ཞལ་དཀར་གྱི་རྗེས་དྲན་དུ་བཏབ་པ་ཡིན་ཞེས་གླེང་།

དེ་ཡང་དཔའ་མི་འགྱུར་རྒྱ་ཚ་ཞལ་དཀར་གྱིས་ཧོར་གུར་དཀར་རྒྱལ་པོའི་སྲས་ལྷའུ་ཡི་སྐེ་འོག་ལ་རྩེ་སག་བཙུགས་པས་ཁྲག་དཀར་འོ་མ་ལྟར་སྐ་རྒྱང་རྒྱང་བྱུང་སྟེ་ཤི་རྗེས། མགོ་བྲེགས་ཏེ་རྨ་བྱའི་ཕྱི་རུར་བསྡམས་ཤིང་བཅིབས་ཏེ་རང་ཉིད་ཀྱི་ཆིབས་པ་རྒྱ་བྱ་སྒ་སྟོང་དུ་ཁྲིད་དནས་ཕེབས་ཙ་ན། ཤན་པ་རྨེ་རུ་རྩེས་གླིང་དམག་དང་འཐབ་བཞིན་པ་མཐོང་བས། རྒྱ་ཚ་ཁྲོང་ཁྲོ་མེ་ལྟར་འབར་ནས་ཤན་པར་གཟས་ནས་དེད་བྱུང་བ་ལ། ཤན་པས་ཞལ་དཀར་ཡིན་པ་ངོ་ཤེས་ད་མ་འབྱོན་རྒྱ་ཚ་ཞལ་དཀར་ལགས། སྡར་མ་འདེད་ཚོད་མ་ཟིན་ན། མདུང་རྟིང་གད་ལ་ཐུག་ཀྱང་སྲིད། ཤི་གསོན་གྱི་ཁ་བགོ་ངེས་ཡིན་ཟེར་ནས་གློག་འཁྱུག་པ་ལྟར་བྲོས། རྒྱ་ཚ་ཁོང་ཁྲོ་སྔར་ལས་ཆེར་ལངས་ཏེ་སླར་ཡང་ནན་གྱིས་དེད་ནས་ཕུ་གངས་དཀར་འདབས། དམའ་གཙང་པོའི་འགྲམ། ལ་ཐང་ཤོད་གསུམ་ལ་དེད་པའི་མཐར་ཧོར་གད་པ་གཡང་ར་ཟེར་བའི་ཆུ་ཆུང་ཞིག་གི་ཤུར་ལ་ཤན་པ་ལྟག་ནས་བྲོས། ཞལ་དཀར་རྗེས་ནས་འོག་ལ་རྒྱུགས་ཏེ། སྔོན་ནས་ཞལ་དཀར་ཚུར་འཁོར་བ་དང་ཤན་པས་ཕྱིར་འབྲོས་ཤིག་བརྒྱབ་པས་འགྲོ་ས་མེད་པར་ན་ཁུགས་ཤིག་ཏུ་ཚུད། ཤན་པ་གད་ཁུགས་དེ་ནས་རྟ་ལས་བབས་ཏེ་ཅུང་ཟད་དམའ་བའི་ས་དེར་གླིང་ཕྱོགས་སུ་རྒྱབ་བརྟེན། ཧོར་ཕྱོགས་སུ་གདོང་བསྟན་ནས་སྔར་ཁྲོ་ཐུང་གི་ལས་ནས་བླངས་པའི་མདུང་དེའི་རྟིང་པ་རྡོ་ཞིག་ལ་གཏད་ཅིང་ལངས་མ་ཉལ་གྱིས་བཟུང་བསྡད་ཡོད་པར། ཞལ་དཀར་ཁོང་ཉིད་ཅུང་ཙམ་མཐོ་བའི་ས་ནས་ཧོར་ཡ་རྩེའི་ཕྱོགས་སུ་སྐུ་རྒྱབ་བརྟེན། གླིང་ཕྱོགས་སུ་སྐུ་མདུན་བསྟན་ནས་ཕྱག་ཤན་གཡུག་རྩིས་ལ་རྟ་རྨ་བྱ་དེས་ཞལ་ལུའི་གོ་མཚོན་དང་བཅས་པ་མ་ཐེག་པར་རྔུལ་ཆུ་ཧྲུལ་ཧྲུལ་གྱིས་རྒྱུག་མ་དོད་པ་དང་། ཤན་པ་ཁོ་མར་སྒུར་རེ་ཡོད་པ་མཐོང་ནས་རྟ་ངན་དེས་ཕྱིར་འགྲོས་ཤིག་བརྒྱབ་པས་ཞལ་ལུའི་སྐུ་གཟུགས་མདུན་དུ་རྔམ་སྟབས་སུ་ཡོད་པར་ལིངས་ཀྱིས་ལྷུང་བྱུང་བ་མདུང་གི་རྩེར་འཐེན་པ་འདྲ་བ་ཞིག་དང་ལྷན་དུ་རྨས་ཏེ་བཅོ་ལྔའི་དུང་ཟླ་ཐང་ལ་ལྷུང་ཟེར།

གད་པ་གཡང་ར་ནི་སྒྲུང་གཏེར་ནང་དུ་ཡོད་འི་ཧོར་གྱི་གད་པ་སྐྱ་རིང་ཟེར་བ་དེ་ཡིན་ལ། གཡས་ན་ཁྲ་ལྡང་ན་རྒན་ཟེར་བ་ཞིག་ཡོད་པ་དེ་ནི་ཤན་པས་ཕྱིར་འགྲོས་ཤིག་བརྒྱབ་སྟེ་འགྲོ་ས་མེད་པར་ན་ཁུགས་ཆེན་པོ་ཞིག་ལ་ཐུག་ཟེར་བ་དེ་ཡིན་པ་དང་། གླིང་གི་རྒྱ་ཚ་བཀྲོངས་སའི་གནས་འདི་ནི་ས་ཆ་འདི་ཡི་རྒན་དབུ་དཀར་མན་ཆད་གཞོན་སོ་དཀར་ཡན་ཆད་ཚང་མས་ཤེས་པར་མ་ཟད། ལྟ་སྐོར་དང་ཕྱག་མཇལ་ཡང་བྱེད་བཞིན་ཡོད་པར་བརྗོད།

 

ལྕགས་ཕུར་ལུང་པ།

ལྕགས་ཕུར་ལུང་པ་ནི་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ནུབ་ཕྱོགས་སམ། ཁྱ་འཛིང་ལུང་པའི་ནུབ་རྒྱུད་དང་ལྕགས་ཕུར་སྒང་གི་ལྷོ་ཕྱོགས་སུ་ཡོད། ལུང་པ་ཁ་ལྷོ་ལྟ་ཞིག་ཡིན། སྔོན་དུས་གླིང་གེ་སར་རྒྱལ་པོས་ས་འདིར་སྐུ་ངལ་གསོ་སྐབས་རྟ་རྐྱང་ངེ་རྟོད་བྱེད་ཀྱི་ལྕགས་ཕུར་གནས་འདི་རུ་བཞག་ཅེས་པའི་ངག་རྒྱུན་ལ་བརྟེན་ནས་མིང་འདི་ཐོགས་པར་བཤད།

མོ་སྨན་ལུང་པ། ལུང་པ་འདི་འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་བཅུ་བཞི་ཙམ་གྱི་མཚམས་ན་ཡོད་ཅིང་། ལུང་པའི་ཁ་བྱང་ནས་ལྷོ་ལ་འཁོར་འདུག འདིར་མོ་སྨན་ཞེས་པ་ནི་གླིང་སྒྲུང་ལས་བཤད་པའི་གླིང་གི་མོ་བ་དང་སྨན་པ་གཉིས་ལ་ཟེར་བ་ཡིན་ཞིང་། ངག་རྒྱུན་ལྟར་ན། ཧོར་གླིང་གཡུལ་འགྱེད་སྐབས་སུ་གླིང་སྤྱི་དཔོན་རོང་ཚ་ཁ་རྒན་གྱི་སྲས་སྣང་ངུ་གཡུ་སྟག་དང་གླིང་གི་མོ་སྨན་གཉིས་ཧོར་གྱི་ཨ་ལྔ་མཐེབ་དྲུག་གིས་ལུང་པ་དེ་ནས་བགྲོངས། དེ་ནས་བཟུང་མོ་སྨན་གཉིས་ལུང་པ་དེའི་བྲག་ཐོ་གཉིས་སུ་གནས་ཡོད་ཅེས་པའི་བཤད་སྲོལ་ཡོད།

ཁྲོ་ཐུང་གི་འཐབ་ར།

དེ་ཡང་<<གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་ཕྲེང་མཛེས>>ལྟར་ན།ཞིན་ཧེ་རྫོང་གི་ནུབ་ཕྱོགས།རྒྱབ་རི་རྫ་དམར་ཞེས་པའི་མདུན་གྱི་འདུས་མདོ་དེ་ན།རྡོ་ཕ་བོང་ཁང་པ་ལྟ་བུ་གྱེན་དུ་འགྲེང་བ།རྩིབ་ཏུ་ཕ་བོང་གཡག་རོ་འདྲ་བ་འཕྲེད་དུ་ལོག་པ།རྒྱབ་ཏུ་རྡོ་ཕ་བོང་བརྒྱད་རྩེག་དགུ་རྩེག་དགུང་དུ་ཟུག་པ།རྩིབ་མདུན་གཉིས་ཀྱི་རྡོ་རྒན་ཕལ་ཆེར་ལ་རྩི་མར་སྣུམ་གྱིས་བྱུགས་པ་མིག་དམར་འཕྲོག་པ་ཞིག་འདུག་པ་དེ་ཁྲོ་ཐུང་གི་འཐབ་ར་ཡིན་ཞེས་ཟེར།

ངག་རྒྱུན་ལྟར་ན།གེ་སར་དགུང་ལོ་བརྒྱད་ཀྱི་སྟེང་དུ་རྟ་རྒྱུགས་ལས་རྒྱལ་ཏེ་གསེར་ཁྲིར་བཞུགས་དུས།ཁྲོ་ཐུང་དཔོན་པོ་ཁྲོང་ཁྲོ་མེ་ལྕེ་འབར་ཏེ།མ་ངན་ཇོ་རུ་དེ་འདུལ་བའི་ཐབས་མེད་ཀྱང་།དོ་ནུབ་འགག་མོ་གཅིག་པུ་ཡོད་པར་གནོད་ཅིག་བསྐྱལ་བསམས་ནས།རལ་གྲི་སྐེད་ལ་དྲངས་ཏེ་ལམ་ལ་ཆས།ཁོ་སྤྱང་དམག་ལ་ཕྲད་དེ་འཇིགས་པས་བྲོས་ནས་རི་མཐོན་པོ་ཞིག་གི་རྩེ་ནས་ལུང་གཉིས་འདྲེས་པའི་མདོ་ལ་ཐོན་ཏེ་རང་བྱུང་གི་འཐབ་ར་བཙན་པོ་ཞིག་འདུག་པ་དེའི་ནང་དུ་སོང་སྟེ་རེ་ཞིག་ལ་སྤྱང་དམར་དག་ལ་འཐབ་རེས་བྱས།ཁྲོ་ཐུང་སྐྲག་སྟེ་འདར་བཞིན་ངུ་འབོད་བྱེད་པའི་སྐབས་དེར།གེ་སར་གྱིས་མཁྱེན་ཏེ་སྤྱང་དམག་བདུད་ཀྱི་ཆོ་འཕྲུལ་དེ་འདུལ་བའི་དུས་ལ་བབ་པར་དགོངས་ནས།སྐུ་དང་པོ་དེ་རྒྱལ་པོ་གེ་སར་བཞིན་དུ་བཞུགས།སྤྲུལ་པ་ཆ་གཅིག་ཇོ་རུའི་སྐུ་གཟུགས་ཇི་ལྟ་བ་བཞིན་ཁྲོ་ཐུང་ཡོད་པའི་ཐད་དེར་ཕེབས་ཏེ་ཕ་བོང་དཀར་པོ་ཞིག་གི་སྟེང་དུ་བཞེངས་ཏེ།རྡོ་ཨ་དཀར་ལུག་གྲོད་ཙམ་གསུམ་བླངས།གཅིག་འུར་མཐིལ་དུ་བཞག་སྟེ་ཀི་ཤར་ཚག་སྒྲ་གསུམ་དང་སྦྲགས་ཏེ་འུར་རྡོ་གསུམ་རེ་རེ་བཞིན་འཕངས་པས་ཕོ་སྤྱང་བརྒྱ་གཡས་སུ་བསད།མོ་སྤྱང་བརྒྱ་གཡོན་དུ་བསད།སྤྱང་ཕྲུག་བརྒྱ་མདུན་དུ་བསྒྲིལ་ཏེ་གཅིག་ཀྱང་མ་ལུས་པར་བསད།ཁྲོ་ཐུང་དཔོན་པོ་དགའ་སྟེ་འཐབ་རའི་ནང་ནས་འདའ་མ་འདར་གྱིས་ཕྱིར་ཡོང་ནས།ཨ་ཇོ་ལྷ་ཇོ་རིན་པོ་ཆེ།ཚ་ལུ་ལུ་བླ་མས་བསྐྱབ་རྒྱུ།ཡང་ལུ་ལུ་ལྷ་ལུས་འགྲུབ་རྒྱུ།སྐྱིད་ལུ་ལུ་ཟས་དང་འཕྲད་རྒྱུ་ཁྱོད་དཔའ་རྟིང་མ་དང་།དགྲ་འདུལ་གྱི་རྩལ་ཟེར་ན་དེ་འདྲ་དགོས་ཟེར་ནས་ཕྱག་གྱང་འགྱེལ་འགྱེལ་དུ་འཚལ་ལོ་ཞེས་གྲགས།དེ་ནས་བཟུང་ཆུ་ཁོལ་མགྲོན་ཁང་གི་ལྷོ་ཕྱོགས་ན་ཡོད་པའི་རང་བྱུང་གི་རྡོ་ར་དེ་ལ་ཁྲོ་ཐུང་གི་འཐབ་ར་ཞེས་གྲགས་སོ།།

བཀྲ་ཤིས་ལྷ་སྒང་།

བཀྲ་ཤིས་ལྷ་སྒང་ནི་དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ་སུམ་ཅུ་ཙམ་གྱི་མཚམས་ན་ཡོད་ཅིང་།སྔོན་ཆད་འདི་ལ་ཀླུ་མཐོང་དཀྱིལ་སྒང་ཟེར།ངག་རྒྱུན་ལྟར་ན།དམ་པ་དུ་མས་སྒང་འདིར་ལབ་ཙེ་ཞིག་བསྟད་ན་ས་ཆ་འདིར་ཕན་པ་ཡོད་ཚུལ་གསུངས་མྱོང་ལ།ཁྱད་པར་གནས་བཞི་གྲུབ་ཆེན་སྐུ་ཕྲེང་ལྔ་པ་ཆོས་དབྱིངས་རང་བྱུང་རྡོ་རྗེ་ཞུ་བས་ཁོང་གི་ཡོན་བདག་ཅིག་ལ།སྒང་འདི་ནི་གླིང་དམག་ཧོར་སེར་འདུལ་དུ་འགྲོ་བའི་ལམ་བར་དུ་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གིས་གླིང་གི་ཧོར་འདུལ་གྱི་བྱ་བ་མཐའ་དག་བཀྲ་ཤིས་ལེགས་ལམ་དུ་འགྲོ་བར་ལྷ་བསང་གཏོང་ས་ཡིན་པས།འདིར་ལབ་ཙེ་ཞིག་བསྟད་ན་བཟང་ཞེས་གསུངས་པར་བརྟེན།༡༩༨༦ལོར་གནས་གཞི་གྲུབ་ཆེན་ཚང་གིས་སྒོ་མེ་ཀ་བརྒྱ་ཚོ་བའི་མང་ཚོགས་ཀྱི་འདོད་མོས་བཞིན།སྒང་འདིར་དཔའ་མཁར་ཞིག་བཞེངས་ཏེ་ལྷ་གཉན་དགྲ་འཇོམས་རྡོ་རྗེ་འབར་བ་རྩལ་ཞུ་བའི་གནས་བདག་ཅིག་བཞུགས་སུ་གསོལ་བར་བྱས་པ་དང་མཉམ་དུ།སྒང་འདིའི་མིང་ལའང་བཀྲ་ཤིས་ལྷ་སྒང་དུ་གསོལ་བས་ན་ཕྱིས་སུ་མིང་ཡང་དེ་ལྟར་དུ་འབོད་པ་བྱུང་།དེ་ནས་བཟུང་།སྒོ་མེ་གོང་མ་སྤྱི་དང་ཁྱད་པར་དི་སྒོ་མེ་ཀ་བརྒྱ་ཚོ་བས་ལོ་རེའི་བོད་ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་བཀྲ་ཤིས་ལྷ་སྒང་གི་ལབ་ཙེ་བསྟོད་པའི་དཔེ་སྲོལ་འདི་བྱུང་བ་ཡིན།

མདའ་ཆེན་ལུང་པ།

མདའ་ཆེན་ལུང་པ་ལུང་བཟང་ཡུལ་ཚོའི་ཁོངས་ཀྱི་ཆེ་མོ་ཆུའི་ནུབ་ཕྱོགས་སུ་སྤྱི་ལེ་བཞི་ཙམ་གྱི་མཚམས་ན་ཡོད་ཅི་ང།ངག་རྒྱུན་ལ་འཛམ་གླིང་གེ་སར་རྒྱལ་པོས་ཡུལ་འདིའི་དགྲ་བགེགས་གཤེད་མ་ཐམས་ཅད་ཆམ་ལ་དབབ་པའི་ཆེད་དུ།ཕྱག་མདའ་གཅིག་འཕངས་ནས་ས་ཆ་འདིའི་ལུང་པ་གསུམ་དང་འབྲེལ་བའི་གདོང་ཁ་གསུམ་དུ་མདའ་ཆེན་དང་།མདའ་འབྲིང་།མདའ་ཆུང་ཞེས་ཉག་ཁ་གསུམ་བཏོད་པ་ལས་འདི་ནི་འབྲིང་བ་ཡིན་པས་མིང་ཡང་དེ་ལྟར་དུ་ཐོགས་ཟེར།

མ་ཤི་སོལ་རི་ནག་པོ།

མ་ཤི་སོལ་རི་ནག་པོ་ནི་ཆུ་ཁོལ་ཡུལ་ཚོ་སྲིད་གཞུང་གི་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་༤༠ཙམ་གྱི་མ་ཤི་ལུང་པའི་ཕུ་འགོ་ན་ཡོད་ཅིང་།མཐོ་ཚད་ལ་མཚོ་ངོས་ལས་སྨི་༤༨༤༤ཡོད།འདི་ནི་གླིང་ཁྲོ་ཐུང་གིས་ཨ་མ་ཤི་བའི་པུར་སོལ་བས་སྦྱིན་སྲེག་བྱེད་སའི་རི་ཡིན་པར་གྲགས་པས་ན་མིང་ཡང་དེ་ལྟར་དུ་ཐོགས།

 

 

 

About རྩོམ་སྒྲིག་པ།