དགེ་བཤེས་ཁྲི་གཡུང་དྲུང་གི་ངོ་སྤྲོད་གནད་བསྡུས།

ཡུལ་མདོ་སྨད་མཚོ་སྔོན་པོའི་ལྷོ་ཕྱོགས་སུ་སྐྱེས། ཆུང་དུས་སུ་ས་གནས་སློབ་ཆུང་དུ་འགྲིམས་ཤིང་ཕྱིས་སུ་ཁྲི་ཀ་ཁྱུང་མོ་དགོན་པར་རབ་ཏུ་བྱུང་། (2003)ལོར་བྱེས་ཀྱི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་ཞུགས་ནས་གཞུང་བཀའ་པོད་དྲུག་ལ་སློབ་གཉེར་བྱས། (2018)ལོའི་ཕྱི་ཟླ་གཉིས་པར་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཀའ་རབ་འབྱམས་པ་དགེ་བཤེས་ཀྱི་མཚན་བཏགས་འཐོབ། ད་ལྟ་སྨན་རིའི་གླིང་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་འགན་འཛིན་གནང་མུས་སུ་ཡོད།

ལས་ཀའི་སྐོར།

སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རིག་གནས་འགན་འཛིན་དང་རིག་གནས་དགེ་རྒན་ལོ་ངོ་བཅུ་(2006-2015)ཙམ་ལ་བྱས། (2011-2018)གཡུང་དྲུང་བོན་གྱི་དྲྭ་རྒྱའི་གཙོ་སྒྲུབ་པ་བྱས། (2007)ལོ་ནས་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བརྒྱད་པ་དང་དགུ་པའི་དྲུང་ཡིག་དང་། (2009)ལོ་ནས་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་པ་དང་བཅུ་གཅིག་པ། བཅུ་གཉིས་པ་གསུམ་གྱི་གོ་སྒྲིག་ཚོགས་གཙོའི་ལས་འགན་འཁུར། (2005-2019)<<བོན་སྒོ་>>རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་གི་ལས་ཀ་བྱས། (2014-2018)སྨན་རིའི་གླིང་གསོ་རིག་འབུམ་བཞིའི་མཐོ་སློབ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བྱས། (2018-) སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་འགན་འཛིན།

རྒྱལ་སྤྱིའི་ཚོགས་འདུ་སྐོར།

ཨ་རི་དང་། ཉི་ཧོང་། འཇར་མེན། ནོར་ཝེ། ཕ་རིན་སི། སྦེལ་ལྗེམ། དབྱིན་ཇི། སོག་པོ་རྒྱལ་ས་ཨོ་ལུམ་པ་ཐར་བཅས་སུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ཐེངས་བཅུ་གསུམ་པ་དང་བཅུ་བཞི་པ། བཅོ་ལྔ་པ་དང་། རྒྱལ་སྤྱིའི་བོད་རིག་པ་གཞོན་ནུ་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་དང་ལྔ་པ་སོགས་རིག་གཞུང་གི་བགྲོ་གླེང་སྣ་ཚོགས་ལ་ཞུགས་ཏེ་དཔྱད་རྩོམ་སྤེལ་མྱོང་།

 

རྩོམ་རིག་བྱ་དགའི་སྐོར།

(2011)ལོར་སཱ་ར་མཐོ་སློབ་ཏུ་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་ལྔ་པར་དཔྱད་རྩོམ་འགྲན་བསྡུར་ཨང་དང་པོ་ཐོབ། (2012)ལོར་རྒྱ་གར་སྦེང་ལོ་རུ་བོད་རིགས་མཐོ་རིམ་སློབ་མའི་དཔྱད་རྩོམ་འགྲན་སྡུར་ཨང་དང་པོ་ཐོབ། ལོ་དེར་བོད་ནང་དུ་མུ་ཁྲི་བཙན་པོའི་དཔྱད་རྩོམ་འགྲན་སྡུར་ཨང་གཉིས་པ་ཐོབ། (2015)ལོར་ཨ་རི་ནས་བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པའི་ཁོར་ཡུག་རྩོམ་རིག་འགྲན་སྡུར་གྱི་ཕུལ་བྱུང་གཟེངས་རྟགས་ཐོབ་ཡོད།

བརྩམས་དེབ་སྐོར།

སྙན་ངག་ཕྱོགས་བསྒྲིགས་<<གདུང་ཚོར་ནག་པོ་>>དང་ <<ས་མཐའི་སེམས་པ་དམར་པོ།>> <<རེག་ཟིག་སྐྱ་བོ་>>གསུམ་སྔ་ཕྱིར་ལྡི་ལི་གསར་པ་ནས་དཔར་དུ་བསྐྲུན། <<ཁྱུང་མོ་དགོན་པའི་སྔར་བྱུང་གི་ལོ་རྒྱུས་དང་ད་ལྟའི་གནས་བབ།>> 2014ལོར་ཨ་རིའི་རོ་ཝེལ་ཐེབས་རྩ་ཚོགས་པས་དཔར་དུ་བསྐྲུན། <<བརྡ་སྤྲོད་གཟི་མིག་དགུ་པ།>>2015ལོར་ཨ་རིའི་རྒྱལ་གཤེན་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། <<སྲིད་པ་སྨྲང་རྒྱུད་ཀྱི་མཛོད།>> 2018ལོར་སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གིས་དཔར་དུ་བསྐྲུན། <<བོན་དང་ཞང་ཞུང་ཞིབ་འཇུག>>དང་<<སྲིད་པའི་གཏམ་ཚོགས།>> 2020ལོར་སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གིས་དཔར་དུ་བསྐྲུན་ཡོད་པ་བཅས་སོ།།

About ལས་འབྱེད།