དགེ་བཤེས་བློ་བཟང་སྨོན་ལམ།

དགེ་བཤེས་བློ་བཟང་སྨོན་ལམ་གྱི་ལོ་རྒྱུས། དགེ་བཤེས་བློ་བཟང་སྨོན་ལམ་ནི་ ༡༩༧༦ ལོར་སྐྱེས། ཡུལ་ཚོའི་སློབ་ཆུང་ཐོན་རྗེས་སྤྲོ་ཚིགས་དགོན་དུ་གྲྭ་པ་བྱས། རྒྱུད་སྡེ་ཁག་བློ་འཛིན་དང་ཆོ་ག་ཕྱག་ལེན་སྐོར་ལ་སྦྱངས། རང་ལོ་བཅུ་དྲུག་ཐོག་རྒྱུད་སྡེ་བློ་འཛིན་སོགས་དགོན་པའི་སློབ་སྦྱོང་ཆ་ཚང་ཐོན། ལོ་བཅོ་ལྔ་ཙམ་ནས་བོད་ཀྱི་སྲོལ་རྒྱུན་ཐང་ཀ་འབྲི་སྟངས་དང་ནུབ་ལུགས་ཀྱི་སྣུམ་ཚོན་རི་མོ་སྦྱངས། ཆུང་དུས་ནས་རི་མོ་དང་འཕྲུལ་རིག་སྐོར་ལ་དགའ་མོས་ཡོད་ཅིང་། རང་ལོ་བཅོ་ལྔའི་ཐོག་FM Microphone ཤིག་བཟོས་ནས་དགོན་པའི་མཁན་པོའི་སྐེ་ལ་བཏགས་ཏེ་གསུང་ཆོས་གནང་ཐུབ་པ་བྱུང་བ་ནི་མི་ཚེའི་ནང་འཕྲུལ་ལས་ཐོག་ལེགས་འགྲུབ་བྱུང་བ་ཐེངས་དང་པོ་ཡིན།
ཕྱི་ལོ་༡༩༩༣ ལོར་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཞུགས། མི་ལོ་བཅུ་དྲུག་ལྷག་རིང་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་སློབ་གཉེར་བྱས། ཕྱི་ལོ་ ༢༠༠༡ ལོར་སེར་སྨད་གྲྭ་ཚང་གི་འདུ་ཁང་གསར་བཞེངས་ཀྱི་བཟོ་བཀོད་འཆར་འགོད་ཀྱི་འགན་ཁུར། འདུ་ཁང་ཕྱི་ནང་གི་རི་མོ་དང་། སྐུ་གསུང་ཐུགས་རྟེན་གྱི་འཆར་འགོད་བྱས། འདུ་ཁང་ནང་སྲོལ་རྒྱུན་ལྡེབས་རིས་རྣམས་ཀྱི་མ་དཔེ་སྣག་བྲིས་དང་། སྣུམ་ཚོན་རི་མོ་གྲངས་བཞི་བཅུ་ལྷག་བྲིས་པས། འདུ་ཁང་སྒོ་འབྱེད་སྐབས་༸གོང་ས་སྐྱབས་མགོན་ཆེན་པོས་དམིགས་བསལ་གཟིམ་ཆུང་མཇལ་ཁ་གནང་།
ཕྱི་ལོ་ ༢༠༠༣ ཙམ་ནས་གློག་ཀླད་སྐོར་ལ་དོ་སྣང་དང་། ལག་ལེན་བྱེད་མགོ་བཙུགས། གློག་ཀླད་བེད་སྤྱོད་གཏོང་ཤེས་པ་ཙམ་མིན་པར་དེའི་ནང་གི་མཉེན་ཆས་ཁག་བཟོ་ཕྱོགས་ལ་བསམ་བློ་གང་མང་བཏང་སྟེ། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཚོད་ལྟ་ཡང་ཡང་བྱས། མཐར་གློག་ཀླད་ནང་བོད་ཡིག་དབུ་མེད་བེད་སྤྱོད་གཏོང་ཐུབ་པ་བྱུང་། ཕྱི་ལོ་ ༢༠༠༥ ལོར་སྨོན་ལམ་བོད་ཡིག་དང་པོ་ཞེས་པའི་མཉེན་ཆས་གསར་བཟོ་བྱས་ཏེ། བོད་ཕྱི་ནང་དུ་རིན་མེད་འགྲེམས་སྤེལ་བྱས། དེ་ནི་བོད་མི་སྒེར་བ་ཞིག་གིས་བཟོས་པའི་བོད་ཡིག་ཐོག་མ་དང་། གློག་ཀླད་ནང་དབུ་མེད་བཅུག་པ་ཐོག་དང་པོ་ཆགས་ཡོད། དེའི་རྗེས་མུ་མཐུད་སྨོན་ལམ་བོད་ཡིག་གཉིས་པ་དང་། སྨོན་ལམ་བོད་ཡིག་གསུམ་པ། སྨོན་ལམ་ཚིག་མཛོད། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས། Andriod OS ཁ་པར་མ་ལག་ནང་སྨོན་ལམ་བོད་ཡིག་དང་། སྨོན་ལམ་ཚིག་མཛོད་གསར་བཅུག་བཅས་བྱས་པར་བོད་སྐད་ཡིག་བེད་སྤྱོད་གཏོང་མཁན་ཚོར་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་བྱུང་། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོོའི་གཙོས་འབྲེལ་ཡོད་བོད་ཕྱི་ནང་གི་གནད་ཡོད་མི་སྣ་དང་། མཁས་དབང་མང་པོས་དགོངས་ཚུལ་ལམ་སྟོན་གནང་དོན་ལྟར། ཕྱི་ལོ་ ༢༠༡༢ ལོར་སྨོོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གསར་དུ་བཙུགས།
ཕྱི་ལོ་ ༢༠༡༠ ལོའི་ཟླ་བཅུ་གཅིག་པའི་ནང་ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཀུན་ཕན་ཐེབས་རྩ་ཚོགས་པས་གོ་སྒྲིག་བྱས་པའི་གསོན་གནས་དང་ཌིཇིཊོལ་ཞེས་པའི་ཚོགས་འདུར་བསྐྱོད་དེ་བོད་ཕྱི་ནང་སོགས་ཀྱི་གློག་ཀླད་ལས་རིགས་ཀྱི་མི་སྣ་མང་པོར་ཐུག་ཕྲད་དང་བསམ་ཚུལ་བརྗེ་ལེན་བྱས། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༢ པའི་ནང་ནེའུ་ཡོག་ཏུ་ཚོགས་པའི་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་ཚོགས་ཆེན་ཐེངས་གསུམ་པར་གདན་ཞུས་ལྟར་འཛུལ་ཞུགས་གཏམ་བཤད་དང་། དེ་བཞིན་ཉི་ཧོང་གི་ཨོ་ཐཱ་ནེས་གཙུག་ལག་སློབ་གླིང་དང་མཉམ་འབྲེལ་ཐོག་ཉི་ཧོང་དུ་བསྐྱོད་དེ་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་བོད་ཡིག་དང་འབྲེལ་བའི་ལས་ཀ་དང་གཙུག་ལག་སློབ་གཉེར་ཁང་དུ་གཏམ་བཤད་བྱས། བཙན་བྱོལ་ནང་ཤེས་རིག་ལས་ཁུངས་དང་བོད་ཁྱིམ་སློབ་གྲྭ་སོགས་ཀྱི་གོ་སྒྲིག་འོག་གློག་ཀླད་སྐོར་གྱི་ཟབ་སྦྱོང་གང་མང་སྤྲད།
ཕྱི་ལོ་ ༢༠༡༣ ལོར་སོག་ཡུལ་དུ་འཚོགས་པའི་བོད་རིག་པའི་ཚོགས་འདུར་ཞུགས་ནས་རྩོམ་ཡིག་སྒྲོགས་སྦྱང་དང་། བོད་ཕྱི་ནང་དང་། ཕྱིའི་རྒྱལ་ཁབ་ཁག་ནས་ཕེབས་པའི་མཁས་དབང་ཞིབ་འཇུག་པ་གང་མང་མཉམ་དུ་འཕྲུལ་ལས་དང་འབྲེལ་བའི་གྲོས་བསྡུར་གང་མང་བྱས། དེ་བཞིན་ཨོ་ལན་པ་ཐིར་གཙུག་ལག་སློབ་གླིང་གི་འགན་འཛིན། སོག་པོའི་རྒྱལ་སར་རྟེན་གཞིར་བྱས་པའི་དཔེ་མཛོད་ཁང་སོགས་དང་འབྲེལ་མོལ་ཞུས།
ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡༢ པའི་ནང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ལོ་མང་རིང་གཞུང་ཆེན་རྣམས་ལ་སྦྱངས་པའི་འབྲས་རྟགས་སུ་གླིང་བསྲེས་དགེ་བཤེས་ཀྱི་དམ་བཅའ་དང་། གཏོང་སྒོ་མང་འགྱེད་དང་བཅས་པ་བྱས། ད་ཆར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དང། བོད་སྐད་ཡིག་དང་འབྲེལ་བའི་མཉེན་ཆས་སྣ་ཚོགས་སྐོར་ལ་ཞིབ་འཇུག་དང་གསར་བཟོའི་ལས་ཀར་བརྩོན་བཞིན་བཞུགས།
ཕྱི་ལོ་ ༢༠༡༥ ལོའི་སྐུའི་གྱ་སྟོན་སྐབས་མདོ་སྨད་མི་མང་ནས་ད་བར་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་མཉེན་ཆས་གསར་པ་གང་མང་བཟོས་པས་གསར་གཏོད་གཟེངས་རྟགས་གནང་།
ཕྱི་ལོ་ ༢༠༡༦ ལོར་ནོར་ཝེའི་བྷིར་གྷིན་གཙུག་ལག་སློབ་ཆེན་དུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བཞི་པར་མཉམ་ཞུགས་བྱས་ནས་བོད་ཀྱི་སྐད་ཡིག་དང་ཚིག་མཛོད་རིག་པའི་སྡེ་ཚན་གསར་འཛུགས་ཀྱིས་ཚིག་མཛོད་དང་འབྲེལ་བའི་རྩོམ་ཡིག་སྒྲོགས་སྦྱང་དང་བགྲོ་གླེང་བྱས།
དེ་བཞིན་ཐེ་ཝན་དུ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་མཉམ་འབྲེལ་གྱིས་རྒྱ་བོད་ཚིག་མཛོད་གསར་བཟོ་བྱས། སྨོན་ལམ་ཚིག་མཛོད་ཆེན་མོ་རྒྱ་ཡིག་ལ་བསྒྱུར་ཆེད་ཐེ་ཝན་ལ་ཐེངས་གཉིས་ཕེབས། ཕྱི་ཟླ་ ༡༡ པའི་ནང་ཡོ་རབ་དང་ཨ་རུ་བཅས་རྒྱལ་ཁབ་ཁག་བཞི་ལ་ཕེབས་ནས་Oxford University/London University(U.K)/INALCO/Columbia university(U.S)/Virginia University(U.S) བརྡ་འཕྲིན་བརྒྱུད་ལམ་གྱི་བོད་ཀྱི་སྐད་ཡིག་ཞེས་པའི་བརྗོད་གཞིའི་ཐོག་གཙུག་ལག་སློབ་ཆེན་བདུན་ལ་འབྲེལ་མོལ་གཏམ་བཤད་བྱས། དེ་བཞིན་ཨ་རིའི་ནང་དུ་ཡོད་པའི་མཉེན་ཆས་བཟོ་ཚོང་ཁང་ Apple/Google སོགས་གང་མང་ཞིག་དང་མཉམ་དུ་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་སྐོར་ནས་གྲོས་བསྡུར་བགྲོ་གླེང་བྱས།
ཕྱི་ལོ་ ༢༠༡༧ ལོར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་གཞི། དཔེ་མཛོད་འཛིན་སྐྱོང་མ་ལག་དང་། འབྱུང་རྩིས་མཉེན་ཆས། ཞིག་འཇུག་ཁང་གི་རྩོམ་སྒྲིག་གྲངས་མཛོད་བསྐྱར་བཅོས། ཡིག་བསྒྱུར་མ་ལག་གསར་བཟོ། རྒྱལ་བ་རིན་པོ་ཆེའི་བོད་ཡིག་དྲ་བ་བསྐྱར་བཟོ། ཞིབ་འཇུག་ཁང་གི་དྲ་བ་བསྐྱར་བཟོ། སྨོན་ལམ་ཚིག་མཛོད་ཆེན་མོ་ android ནང་གསར་བཟོ། སྒྲ་སྒྱུར་མ་ལག་གསར་བཟོ། བོད་རྒྱ་ཚིག་མཛོད་གསར་བཟོ། དེ་བཞིན་ཐེ་ཝན་དུ་ཕེབས་ནས་Dharma Drum Institute of Liberal Arts(TW) རུ་གཏམ་བཤད་དང་བགྲོ་གླེང་བྱས། དེ་བཞིན་ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློག་གཉེར་ཁང་དང་གྲོས་མོལ་གྱིས་ལས་གཞི་ཁག་གསུམ་ལ་གན་རྒྱ་བཞག་པ། དེ་མིན་ཚོགས་པ་གང་མང་ཞིག་ལ་གཏམ་བཤད་དང་བགྲོ་གླེང་གང་མང་བྱས།
༢༠༡༧ ལོའི་ཟླ་ ༡༡ ཚེས་ ༡ ནས་ ༥ བར་བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁྲིས་རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་ཁང་གིས་གོ་སྒྲིག་བྱས་ཏེ་ཉིན་ལྔའི་རིང་དཔེ་དེབ་ཞུ་སྒྲིག་དང་། གནའ་དེང་དཀར་ཆག་རིག་པའི་རྒྱལ་ཡོངས་ཟབ་སྦྱོང་ཞིག་འཚོགས་ཡོད། སྐབས་དེར་ཚོགས་སྡེ་དང་སློབ་གཉེར་ཁང་ ༣༦ ནས་ཕེབས་པའི་ཚོགས་བཅར་བ་ ༧༠ ལྷག་མཉམ་ཞུགས་གནང་ཡོད།
༢༠༡༨ ཟླ་ ༡ པོའི་ཚེས་ ༧ ཉིན་གནས་མཆོག་རྡོ་རྗེ་གདན་དུ་འབྱུང་རྩིས་ཨུཏྤལ་སྔོན་པོའི་མཉེན་ཆས་དབུ་འབྱེད་མཛད་སྒོ་བསྡུས་པ་དང་། ལོ་ཤས་རིང་དཀའ་བ་ཁྱད་བསད་ཀྱིས་ཞིབ་འཇུག་དང་གསར་གཏོད་བྱས་པའི་འབྱུང་རྩིས་ཨུཏྤལ་སྔོན་པོ་ཞེས་པའི་མཉེན་ཆས་འདི་ཉིད་བཟོ་སྐྲུན་བྱས།
ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡ ཚེས་ ༢༦ ཉིན། ཐའེ་པེ་གྲོང་ཁྱེར་དུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་འོག་དངོས་སུ་འགྲེམ་སྤེལ་གྱི་མཛད་སྒོ་བསྐོང་འཚོགས་བྱས། ཚོགས་ཐོག་ཏུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་འགན་འཛིན་གཙོའི་ལས་བྱེད་དང་ཚོགས་མི་རྣམ་པ། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ། ཐའེ་ཝན་དུ་གནས་བཞུགས་བླ་སྤྲུལ་མཁན་པོ་དང་དགེ་བཤེས་གྲྭ་བཙུན་བཅས་མཉམ་བཞུགས་གནང་ནས་གཏམ་བཤད་བྱས།
ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༣ ཚེས་ ༡༩ ནས་ཟླ་ ༤ ཚེས་ ༩ བར་འདི་ག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཨ་རིའི་(Emory University)ཨེ་མོ་རིའི་གཙུག་ལག་སློབ་གྲྭ་ཆེན་མོས་གདན་ཞུས་བྱས་པ་བརྒྱུད། (Emory University) ཨེ་མོ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་གཙོས་པའི་ཨ་རིའི་རིག་གཞུང་ལྟེ་གནས་ཁང་ཁག་འགར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གསར་དུ་བཟོས་པའི་སྒྲ་བསྒྱུར་སྐོར་གཙོར་འདོན་གྱིས་གཏམ་བཤད་གནང་།
༢༠༡༨ ལོའི་ཟླ་ ༣ ཚེས་ ༢༢ ཉིན། ཨ་རིའི་ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་དུ་ཨེ་མོ་རི་བོད་ཀྱི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་སྤྱིའི་བརྡ་ཆད་ཚོགས་འདུ་མགོ་འཛུགས་བྱས་ཤིང་། བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་འདི་ག་ལས་ཁུངས་ནས་གསར་དུ་བཟོས་པའི་སྒྲ་བསྒྱུར་མཉེན་ཆས་དང་དེའི་རྒྱབ་ལྗོངས་བཅས་ངོ་སྤྲོད་གཏམ་བཤད་རྒྱས་པ་གནང་བ་དང་།
༢༠༡༨ ལོའི་ཟླ་ ༣ ཚེས་ ༢༧ གྱི་དགོང་མོར་ཨ་རིའི་ཨེ་མོ་རིའི་(Tibet Week)བོད་ཀྱི་བདུན་ཕྲག་ཅེས་པའི་ལེ་ཚན་དུ་ཁོང་གིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་གཞི་སྤྱི་དང་ལྷག་པར་ཏུ་ཉེ་ཆར་གསར་བཟོ་བྱས་པའི་སྒྲ་བསྒྱུར་གྱི་ཐད་ནས་གཏམ་བཤད་དང་དྲི་བ་དྲིས་ལན། ཚོགས་ཞུགས་པ་ཕན་ཚུན་བསམ་བློ་བརྗེ་རེས་སོགས་བྱས།
༢༠༡༨ ལོའི་ ཟླ་ ༤ ཚེས་ ༣ དང་ ༤ བཅས་ཉིན་གཉིས་ཀྱི་རིང་བསྟུད་མར་ཁོང་གིས་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གཉིས་ཀྱི་ལས་བྱེད་རྣམས་དང་ལྷན་དུ་སྒྲ་བསྒྱུར་སྐོར་ངོ་སྤྲོད་དང་དྲི་བ་དྲིས་ལན། མ་འོངས་པར་སྒྲ་བསྒྱུར་གཅིག་གྱུར་ཡོང་ཐབས་བཅས་ཀྱི་སྐོར་ནས་གཏམ་བཤད་དང་གྲོས་མོལ་བྱས་ཤིང་། ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་།
༢༠༡༨ ལོའི་ཟླ་ ༤ ཚེས་ ༧ ཉིན། ཨ་རིའི་ལ་རྩེ་དཔེ་མཛོད་ཁང་དུ་ལ་རྩེ་དཔེ་མཛོད་ཁང་གི་ཡིག་བསྒྱུར་བྱེད་བཞིན་པའི་དབྱིན་ཡིག་དཔེ་དེབ་ ༡༠༨ དང་འབྲེལ་ནས་སྒྲ་བསྒྱུར་ཇི་ལྟར་དགོས་མིན། གཞན་ཡང་ལ་རྩེ་དཔེ་མཛོད་ཁང་གིས་བཟོས་པའི་སྒྲ་བསྒྱུར་དང་སྨོན་ལམ་བརྡ་འཕྲིན་ཁང་གིས་བཟོས་པའི་སྒྲ་བསྒྱུར་གཉིས་གཅིག་གྱུར་ཡོང་ཐབས་བཅས་ཀྱི་ཐད་ནས་གྲོས་མོལ་དང་ཕན་ཚུན་བསམ་བློ་བརྗེ་རེས་བྱས།
༢༠༡༨ ལོའི་ཟླ་༩ ཚེས་༤ ནས་༦ བར། ལ་དྭགས་ནང་པའི་མཚན་ཉིད་སློབ་གྲྭ་རུ་རྒྱ་གར་རྒྱལ་ཡོངས་བགྲོ་གླེང་ཞེས་པར་<< འཕྲུལ་ལས་ཀྱི་བརྒྱུད་ལམ་ནས་སྐད་ཡིག་ཡར་རྒྱས་གཏོང་ཐབས་>> ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་བགྲོ་གླེང་བྱས།
༢༠༡༨ ལོའི་ཟླ་ ༩ ཚེས་༡༣ ནས་༡༦ པར་རྡ་སར་ལྔ་དང་ལྔ་བཅུའི་ཚོགས་འདུ་རུ་<<རིག་གཞུང་སྡེ་ཚན་>>དུ་མཉམ་ཞུག་དང་བསམ་ཚུལ་གང་འཚམས་ཞུ་རྒྱུའི་གོ་སྐབས་ཐོབ། སྐབས་དེ་དག་དུ་མོན་ཡུལ། འབྲས་ལྗོངས། ཁུ་ནུ། ལ་དྭགས་བཅས་ནས་ཕེབས་པའི་ཧི་ལ་ཡའི་རི་རྒྱུད་ཀྱི་མཁས་དབང་དང་ཆེད་མཁས་པ་མང་པོ་མཇལ།
ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༢ ཚེས་ ༢༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་གཉིས་པའི་སྟེང་། གནས་མཆོག་རྡོ་རྗེ་གདན་གྱི་བྷོ་དྷི་གྷ་ཡ་རི་ཇན་སི་གསོལ་མགྲོན་ཁང་ (Bodhgaya Regency Hotel) གི་ཚོགས་ཁང་དུ། དཔལ་ས་སྐྱའི་བསྟན་པའི་མངའ་བདག་སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ༧འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ༧འཇམ་མགོན་བསྟན་པའི་གསལ་བྱེད་ཤར་པ་ཆོས་རྗེ་མཆོག དཔལ་རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་མཁན་སྤྲུལ་ཆོས་ཀྱི་སྣང་བ་མཆོག དེ་བཞིན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་བཅས་དབུ་བཞུགས་ཐོག ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་དང་མཁས་དབང་རྣམ་པ། སྨོན་ལམ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ་རྣམ་པ་དང་། འབྲེལ་ཡོད་སེར་སྐྱ་ཕོ་མོ་ཁྱོན་ ༣༠༠ ཡས་མས་འཛོམས་སར་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པ་དབུ་འབྱེད་དང་། འབྲེལ་དགེ་བཤེས་སྨོན་ལམ་ལགས་ནས་གཏམ་བཤད་དང་ཚོགས་འདུ་གཙོ་སྐྱོང་བྱས།
ཕྱི་ལོ་༢༠༡༩ ལོའི་ཟླ་ ༡ ཚེས་༡ ནས་ ༥ བར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྡེ་ཚན་ཁག་བཞི་ལ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཚོགས་འདུ་ཁག་རིམ་པ་ལྔ་དང་། དེ་བཞིན་གཙུག་ལག་སློབ་གཉེར་ཁང་གི་དགེ་སློབ་ཡོངས་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པ་དང་། བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ངོ་སྤྲོད་བཅས་ལེགས་པར་གྲུབ། གཙུག་ལག་སློབ་གཉེར་ཁང་གིས་ཆེ་བསྟོད་དང་རྒྱབ་སྐྱོར་བླ་མེད་གནང་། ཉེ་བའི་རིགས་བདག་མཁས་དབང་དགེ་བཤེས་ངག་དབང་བསམ་གཏན་མཆོག་དང་དགེ་བཤེས་བློ་བཟང་སྨོན་ལམ་བཅས་ནས་གཏམ་བཤད་གནང་།
ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༣ ཚེས་ ༢༢ ནས་ ༢༣ བར་དུ་བྷེང་ལོར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སློབ་གཉེར་ཁང་གི་སྤྱི་ཚོགས་ཚན་རིག་སྡེ་ཚན་དང་། གློག་ཀླད་སྡེ་ཚན་གཉིས་ཀྱིས་གོ་སྒྲིག་འོག རྒྱལ་ཡོངས་བགྲོ་གླེང་ལྷན་ཚོགས་ཐེངས་གསུམ་པར་མགྲོན་འབོད་བྱས་པ་ལྟར་ཞུགས་བྱས། ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་དམིགས་བསལ་བོད་དང་འབྲེལ་ཡོད་ཀྱི་སྤྱི་ཚོགས་ཚན་རིག་དང་འཕྲུལ་ལས་རིག་པའི་སྐོར་ཡིན་ལ། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱི་བོད་ཀྱི་སྐད་ཡིག་དང་བརྡ་བརྒྱུད་ལམ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱས།
ཕྱི་ལོ་ ༢༠༡༩ ཕྱི་ཟླ་༣ པའི་ཚེས་ ༡༩ ནས་ ༢༣ བར་ཏཱ་ལའི་བླ་མ་གཙུག་ལག་སློབ་གཉེར་ཁང་དུ། དགེ་སློབ་རྣམས་སྨོན་ལམ་ཚིག་མཛོད་ཆེན་མོ་ངོ་སྤྲོད། གློག་ཀླད་སྡེ་ཚན་དུ་འཕྲུལ་ལས་དང་འབྲེལ་བའི་བགྲོ་གླིང་བྱས།
ཕྱི་ལོ་ ༢༠༡༩ སྤྱི་ཟླ་ ༧ ཚེས་ ༩ ཉིན། ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་ཨེ་ནལ་ཁོ་ I n a l c o ཤར་ཕྱོགས་སྐད་ཡིག་དང་དཔལ་ཡོན་རྒྱལ་ཡོངས་སློབ་གླིང་དུ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་ ༡༥ པར་ཞུགས་པ་མ་ཟད། བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་གཉེན་ཆས་གསར་པ་དབུ་འབྱེད་བྱེད་མཛད་སྒོ་བསྐོངས་ཚོགས་བྱས་པ་དང་གཏམ་བཤད་བྱས།
ཕྱི་ལོ་ ༢༠༡༩ ཕྱི་ཟླ་༨ ཚེས་ ༡༥ ནས་ ༣༠ བར་ཏཱ་ལའི་བླ་མ་མཐོ་རིམ་སློབ་ཆེན་དུ། ཨོ་སི་ཋི་ལི་ཡའི་ཋ་སི་མ་ནིའི་ཡ་གཙུག་ལག་སློབ་ཆེན་(University of Tasmania)གྱི་ཤར་ཕྱོགས་ལྟ་གྲུབ་རིག་པའི་སློབ་དཔོན་ཆེན་མོ་འབུམ་རམས་པ་བསོད་ནམས་ཐག་གཅོད་མཆོག་གིས་ཞིབ་འཇུག་ཐབས་ལམ་(The Craft of Research)བདུན་ཕྲག་གཉིས་རིང་ཟབས་ཁྲིད་གནང་བར་མཉམ་ཞུགས་དང་། འབུམ་རམས་པའི་སྔོན་འགྲོས་སློབ་ཚན་སྦྱོང་བརྡར་བྱས།
ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༩ ཚེས་ ༡ ནས་ ༣ པར་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ལྔ་པར་མཉམ་ཞུགས་དང་གཏམ་བཤད་བྱས།

About ལས་འབྱེད།