དགྲ་བོ་ལའང་མཛའ་ཞིང་བརྩེ་བ།

༄༅། །ཡེལ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་མཁས་དབང་ལཡི་ཌོན་དང༌། སྤུན་ཟླ་ཕོ་མོ་རྣམས་ནས་མཛའ་བརྩེའི་མགྲོན་འབོད་གནང་བར་ཤིན་ཏུ་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ངོས་རང་འདི་གར་བཅར་ཐུབ་པར་དགའ་སྤོབས་ཆེན་པོ་བྱུང༌།

 

ང་ཚོ་དངོས་འབྲེལ་དུས་ཚོད་དམིགས་བསལ་ཅན་ཞིག་ཏུ་གནས་ཡོད་ཅིང༌། འདས་པའི་ལོ་ཁ་ཤས་ནང་འཛམ་གླིང་ཐོག་ཤིན་ཏུ་ཧ་ལས་དགོས་པའི་འགྱུར་བ་བྱུང་ཡོད། མི་མང་དང༌། རྒྱལ་ཁབ་ཁག་གི་རང་དབང་དང༌། དམངས་གཙོ། རང་ཐག་རང་གཅོད་ཀྱི་བསམ་འདུན་ཁག་སླར་ཡང་བློ་ཡུལ་དུ་མི་ཤོང་བའི་ནུས་ཤུགས་སྲ་བརྟན་གྱི་མངོན་ཚུལ་གསལ་པོ་བྱུང་ཡོད་པ་རེད། ཤར་ཕྱོགས་ཡོ་རོབ་ཁུལ་དང༌། སོག་ཡུལ་དུ་བྱུང་བའི་གནས་ཚུལ་དང༌། སྦར་ལིན་གྱི་གྱང་རྩིག་འཐོར་ཞིག་ཏུ་སོང་བ། ཉེ་བའི་ཆར་ལོ་བདུན་ཅུ་ལྷག་ཙམ་རིང་དམར་པོས་དབང་བསྒྱུར་བྱས་རྗེས་ཨུ་རུ་སུའི་ནང་བྱུང་བའི་འགྱུར་བ་བཅས་ནི་གོང་གསལ་གྱི་དཔེ་མཚོན་ཡིན།

 

ངོས་ནས་ད་ལམ་སོག་ཡུལ་དང༌། སྦལ་ཌིག་རྒྱལ་ཁབ་ཁག སྦལ་གྷ་རི་ཡ་བཅས་ལ་བློ་ཡུལ་ནས་ནམ་ཡང་བརྗེད་དཀའ་བའི་བལྟ་སྐོར་འཚམས་འདྲི་བྱས་མ་ཐག་ཡིན་ཞིང༌། ལོ་བཅུ་ཕྲག་མང་པོའི་རིང་རང་དབང་བྲལ་བའི་མི་མང་ས་ཡ་མང་པོ་ད་ཆ་རང་དབང་བདེ་སྐྱིད་ལ་ལོངས་སུ་སྤྱོད་བཞིན་ཡོད་པ་མཐོང་བས་ངོས་རང་དགའ་ཚོར་ཆེན་པོ་བྱུང༌། ཁོང་ཚོའི་རྒྱལ་ཁ་དེས་འགྲོ་བ་མིའི་རང་དབང་གི་འདུན་པ་རྣམས་དུས་ཡུན་རིང་ཐུང་ཇི་འདྲ་ཞིག་དང༌། མནར་གཅོད་ཀྱི་དཀའ་སྡུག་ཚབས་ཆེ་ཇི་འདྲ་ཞིག་བྱུང་རུང་མཐར་རྒྱལ་ཁ་ཐོབ་རྒྱུ་ཡིན་པའི་ར་འཕྲོད་གསལ་པོ་བྱས་ཡོད། གལ་ཆེ་བ་ཞིག་ལ་དེ་ལྟ་བུའི་ཡོང་ངེས་ཀྱི་འགྱུར་བ་དེ་ནི་དྲག་རྩུབ་ཐབས་ལམ་མ་བརྒྱུད་པར་བསྒྲུབ་ཐུབ་པ་ཞིག་ཡིན།

 

ཉེ་ཆར་སྲིད་འཛིན་ཇོར་ཇི་སྦུ་ཤུ་དང༌། སྲིད་འཛིན་མི་ཁལ་གྷོར་པ་ཅོབ་རྣམ་གཉིས་ནས་གནང་བའི་ཁྱབ་བསྒྲགས་དེས་རིམ་པས་འཛམ་གླིང་འདི་གོ་མཚོན་མེད་པའི་ས་གཞི་ཞིག་ཏུ་འགྱུར་བ་བྱེད་ཐུབ། ངོས་ནས་ཁོང་རྣམ་པའི་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན། ལོ་མང་པོའི་གོང་གོ་མཚོན་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་ངོས་ཀྱི་བསམ་ཚུལ་འཆར་སྣང་རྣམས་བརྗོད་སྐབས་ངོས་ཀྱི་གྲོགས་པ་ཚོ་ཐེ་བས་མང་པོ་ཞིག་གིས་དེ་ནི་ཧ་ཅང་ལེགས་པའི་སྟོང་བསམ་ཙམ་ཞིག་རེད་སྙམ་གྱི་ཡོད་པ་རེད། འོན་ཀྱང་འགྱུར་བ་གསར་པ་དེ་དག་གིས་ངོས་ཀྱི་འཆར་སྣང་དེ་འགྲུབ་སྲིད་པ་བསྟན་ཡོད། དེ་ལྟ་ནའང་ལས་འགན་འདི་ནི་དཀའ་ངལ་ཅན་ཞིག་དང༌། འགལ་རྐྱེན་མང་པོ་ཡོད་པ་ཞིག་ཡིན། འབད་བརྩོན་དེར་ང་ཚོ་ཚང་མས་མུ་མཐུད་ཆེ་ཆུང་ལ་མ་ལྟོས་པར་རང་ནུས་ཞལ་འདེབས་སུ་འབུལ་དགོས།

 

ད་ལྟ་ང་ཚོས་འདི་ལྟ་བུའི་མྱུར་ཚད་མགྱོགས་པའི་ཆབ་སྲིད་འགྱུར་འགྲོས་ཀྱི་དུས་བབ་སྣང་ཚུལ་ནས་རྒྱ་ནག་གཞུང་གིས་ལོ་བཞི་བཅུའི་རིང་བཙན་གནོན་བྱས་རྗེས་ཐོན་པའི་བོད་མིའི་རང་དབང་སླར་གསོའི་འཐབ་རྩོད་ཀྱི་རང་བཞིན་ངེས་པར་དུ་མཐོང་ཐུབ་པ་དགོས། རྒྱ་ཕྱོགས་ནས་ཕྱི་ལོ་ ༡༩༤༩ ནས་ ༡༩༥༡ ཡས་མས་སུ་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་བོད་མི་ས་ཡ་གཅིག་དང༌། འབུམ་གཉིས་ཏེ་བོད་མིའི་མི་འབོར་གྱི་ལྔ་ཆ་གཅིག་གི་རང་སྲོག་ཤོར་ཡོད། ལོ་བཞི་བཅུ་ཞེ་གཉིས་ཀྱི་དུས་ཡུན་རིང་ང་ཚོས་རང་ཉིད་ཀྱི་རྩ་དོན་གསོན་གནས་དང༌། ནང་ཆོས་རིག་གཞུང་གི་འཚེ་མེད་ཞི་བ་དང༌། སྙིང་རྗེ་བཅས་སྲུང་སྐྱོབ་འབད་བརྩོན་དང༌། འཐབ་རྩོད་བྱས་ཡོད།

 

དུས་སྐབས་དེ་དག་ལ་རྒྱའི་དབང་འཛིན་པ་ཚོར་མཐའ་གཅིག་ཏུ་སྡང་སེམས་ཀྱིས་ཁོང་ཁྲོ་སྐྱེ་རྒྱུ་ནི་ལས་སླ་པོ་ཡིན་ལ། དེ་བཞིན་རང་ཉིད་ལ་བདེན་པ་ཡོད་པའི་དབང་གིས་ཁོང་ཚོར་དགྲ་ཟླར་བཟུང་ནས་ཁོ་པ་ཚོའི་རྩུབ་སྤྱོད་ཀྱི་བྱ་བར་སུན་འབྱིན་དང༌། མ་འོངས་པར་ཁོང་ཚོར་བསམ་ཤེས་ནམ་ཡང་བྱེད་མི་འོས་པའི་བསམ་ཚུལ་འཁོར་རྒྱུ་ལས་སླ་པོ་ཡིན་ན་ཡང༌། དེ་ནི་ནང་པའི་ལྟ་སྤྱོད་དང་མཐུན་པ་ཞིག་མིན་པ་མ་ཟད། ཞི་བདེ་དང༌། ཆིག་སྒྲིལ་ཡོང་བའི་ཐབས་ལམ་ཡང་མིན་པ་ནི་ཉེ་ཆར་བྱུང་བའི་གནས་ཚུལ་དེ་དག་གིས་གསལ་པོར་བསྟན་ཡོད།

 

ང་ཚོའི་དགེ་རྒན་ཡག་ཤོས་ནི་དགྲ་བོ་ཡིན། དེ་ནི་ནང་པའི་གཞི་རྩའི་བསླབ་བྱ་ཞིག་ཡིན་པ་མ་ཟད། མི་ཚེའི་ནང་དངོས་སུ་མཐོང་བའི་གནས་ཚུལ་ཡིན། ང་ཚོའི་གྲོགས་པོས་ཐབས་ལམ་མང་པོའི་ཐོག་ནས་རང་རེར་ཕན་ཐོགས་བྱེད་ཀྱི་ཡོད་རུང༌། འགལ་ཟླར་གདོང་ལེན་གྱིས་དཀའ་ཐུབ་དང༌། བཟོད་བསྲན། སྙིང་རྗེ་བཅས་ཀྱི་གོ་སྐབས་ནི་དགྲ་བོ་ཁོ་ན་ནས་ཡོང་གི་ཡོད། ཡོན་ཏན་དེ་གསུམ་ནི་སྤྱོད་ལམ་བཟང་པོ་དང༌། སེམས་ཀྱི་ཞེ་བདེ། བདེ་སྐྱིད་ངོ་མ་བཅས་ཡོང་བར་ངེས་པར་དགོས་པ་ཞིག་ཡིན། ཡེ་ཤུའི་ཆོས་ལུགས་ནང་དགྲ་བོས་རང་ལ་འགྲམ་ལྕག་གཅིག་བཞུས་ན་སླར་ཡང་འགྲམ་ངོས་གཞན་པ་དེ་བསྟན་དགོས་པའི་བསླབ་བྱ་སེམས་འགུལ་ཐེབས་ངེས་ཤིག་ཡོད། ནང་ཆོས་ཀྱི་ལྟ་སྤྱོད་ཀྱང་དེ་དང་ཕྱོགས་མཚུངས་པ་ཞིག་ཡོད་པ་ལྟར་ཉམས་ལེན་གྱི་བྱ་རིམ་བརྒྱུད་བཟོད་བསྲན་གྱི་གོམས་པ་ཤུགས་ཆེར་འཕེལ་ནས་དགྲ་བོས་རང་ཉིད་ལ་བརྡེག་པའི་བྱ་སྤྱོད་དེ་ཉམས་ལེན་འཕེལ་བའི་ཆ་རྐྱེན་དུ་གྱུར་གྱི་ཡོད་པར་བརྟེན་བཀྲིན་རྗེས་དྲན་བྱེད་ཀྱི་ཡོད། ཁོང་ཁྲོ་དང༌། སྡང་སེམས་མེད་པར་ཞི་ལྷོད་ངང་ཕ་རོལ་པོའི་བྱ་སྤྱོད་བྱུང་རྐྱེན་གྱི་གཞན་དབང་གནས་ཚུལ་རྣམས་གསལ་པོར་མཐོང་ཐུབ་པ་མ་ཟད། དེའི་བྱ་སྤྱོད་ཀྱི་འབྲས་བུ་ངན་པ་རང་སྟེང་དུ་སྨིན་ངེས་ཡིན་པར་བསམས་ནས་ཡང་དག་པའི་སྙིང་རྗེ་ཡང་སྐྱེ་གི་ཡོད།

 

རང་ཉིད་ལ་ཕན་འདོགས་པའམ། གནོད་པ་སྐྱེལ་བ་ཇི་ལྟར་བྱས་རུང་མཐར་ཚང་མ་རང་ཉིད་ཀྱི་གྲོགས་པོ་ཡིན་པ་སེམས་ལ་བཅངས་ནས་དུས་ཚོད་བཟང་ངན་ཇི་འདྲ་ཞིག་ཡིན་རུང་ང་ཚོ་བོད་མི་ཚོས་ང་ཚོའི་ཆོས་ཀྱི་འཚོ་བ་དང༌། བློ་བག་ཡངས་པོ་དེ་དག་རྒྱུན་འཛིན་བྱེད་ཆེད་འབད་བརྩོན་བྱེད་ཀྱི་ཡོད། ཇི་སྲིད་བར་ང་ཚོས་གཞི་རྩའི་དོན་དངོས་དེ་དག་སེམས་བཅངས་བྱས་པ་ཡིན་ན། ང་ཚོ་ནམ་ཡང་གཞན་གྱི་གླགས་མི་རྙེད་པ་ཞིག་ཏུ་གནས་ཐུབ་ཅེས་ངས་བོད་མི་ཚོར་ཡང་ཡང་བརྗོད་ཀྱི་ཡོད། ང་ཚོའི་ཆོད་སེམས་འདི་ནམ་ཡང་འགྱུར་བ་མེད་པའི་ཐོག་ནས་རིམ་བཞིན་ང་ཚོའི་གྲོགས་པོ་རྒྱ་ནག་ལའང་རོགས་ཕན་བྱེད་ཐུབ།

 

ང་རང་ནི་མི་མང་དང༌། རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་བ་རྣམས་ཕན་ཚུན་ཤེས་རྟོགས་ལ་བརྟེན་དགོས་པར་རྒྱུན་དུ་ཡིད་ཆེས་བརྟན་པོ་བྱེད་མཁན་ཞིག་ཡིན། ཕན་ཚུན་ཟོལ་མེད་དྲང་པོའི་སྒོ་ནས་བསམ་ཚུལ་ཤོད་རེས་བྱེད་པ་དེ་ཁོ་ནའི་ལམ་ནས་ད་ལྟ་འཛམ་གླིང་མི་མང་ལ་འཕྲད་བཞིན་པའི་དཀའ་རྙོག་རྣམས་སེལ་རྒྱུའི་ཐབས་ལམ་ཞིག་རྙེད་ཐུབ། རྒྱ་ནག་གིས་རྒྱལ་སྤྱིའི་ཚོགས་སྡེ་དང་མཉམ་དུ་ཡར་རྒྱས་འཛུགས་སྐྲུན་བྱ་གཞག་ནང་དུས་གང་ཞིག་ཏུ་ཞུགས་འདོད་བྱས་པ་ཡིན་ན། རྒྱལ་སྤྱིའི་ཐོག་ནས་ཀྱང་ཁོང་ཚོར་དེ་མཚུངས་ཀྱི་གོ་སྐབས་སྤྲོད་རྒྱུ་ཡིན་པར་ཡིད་ཆེས་ཡོད། འོན་ཀྱང་རྒྱ་ནག་ནས་གཞི་རྩའི་ཡ་རབས་སྤྱོད་བཟང་ཁག་དང་མུ་མཐུད་རྒྱབ་འགལ་གཏོར་བཤིག་བྱས་ཚེ་དེ་དག་བྱིས་པ་ལང་ཤོར་གྱི་ཚུལ་དུ་ནམ་ཡང་འཇོག་མི་རུང་བར་ཁོང་ཚོ་རྒྱལ་སྤྱིའི་མང་ཚོགས་ཀྱི་ཁོངས་མི་འགན་ཁུར་ཡོད་མཁན་ཞིན་ཡིན་པར་བརྟེན་དེ་ཉིད་ཀྱི་བྱ་ངན་གྱི་འགན་འཁྲི་ཚང་མ་ཁོང་ཚོར་ཁུར་དུ་འཇུག་དགོས།

 

ཁྱེད་རྣམ་པས་མཁྱེན་གསལ་ལྟར། ངོས་རང་ཁ་སྔོན་ཨ་རིར་ལྟ་སྐོར་དུ་ཡོང་སྐབས་སྲིད་འཛིན་ཇོར་ཇི་སྦུ་ཤུ་དང་མཇལ་རྒྱུའི་དམིགས་བསལ་གྱི་གོ་སྐབས་བྱུང༌། ཁོང་གིས་ཉེ་སྔོན་དཔྱིད་ཀ་ཡེལ་གཙུག་ལག་སློབ་གྲ་ཆེ་མོ་འདིར་གནང་བའི་གསུང་བཤད་ཀྱིས་མཚོན་མང་ཚོགས་ཀྱི་གཏམ་བཤད་ཁག་ནས་འགྲོ་བ་མིའི་རིགས་ཀྱི་མི་འབོར་གྱི་བཞི་ཆ་གཅིག་ཟིན་པའི་རྒྱ་ནག་གི་དམངས་གཙོའི་བསྒྱུར་བཅོས་ཁྱབ་སྤེལ་གཏོང་བའི་བྱ་བར་ཁ་ཞེ་གཉིས་མེད་ཀྱི་སེམས་ཁུར་གནང་གི་ཡོད་པ་མཚོན་ཡོད། ང་ཚོ་བོད་མི་ཚོས་ཨ་རི་དང༌། རྒྱལ་ཁབ་གཞན་རྣམས་ནས་རྒྱ་ནག་གཞུང་གི་བཙན་གནོན་སྲིད་བྱུས་ལ་བཟོད་བསྲན་བྱེད་མི་ཐུབ་པའི་ཐ་ཚིག་གསལ་པོར་བསྒྲག་རྒྱུ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཆབ་སྲིད་དང༌། དཔལ་འབྱོར་གྱི་གནོན་ཤུགས་ནི་འགྱུར་བ་གཏོང་རྒྱུར་ངེས་པར་མཁོ་ཞིང་འཚམས་པའི་ཆ་རྐྱེན་ཞིག་ཡིན། ཐབས་ཚུལ་འདི་རྒྱལ་སྤྱིའི་ཚོགས་སྡེས་འཛམ་གླིང་གི་ས་ཁུལ་གཞན་དུ་མི་སེར་སྤེལ་བའི་རིང་ལུགས་སྤྱོད་མཁན་དང༌། འགྲོ་བ་མིའི་ཐོབ་ཐང་བདལ་བཤིག་གཏོང་མཁན་ཐོག་ཇི་ལྟར་ལག་ལེན་བསྟར་བ་བཞིན་རྒྱ་ནག་གི་ཐོག་ཏུའང་ལག་བསྟར་བྱེད་དགོས།

 

ཤར་ཡོ་རོབ་དང༌། སྦལ་ཌིག་རྒྱལ་ཁབ་ཁག ཨུ་རུ་སུ། ལྷོ་ཨ་ཕི་རི་ཀ་བཅས་ལ་གནས་ཚུལ་འགྱུར་བ་བྱུང་བ་དེ་དག་ཆབ་སྲིད་ཀྱི་འབྲེལ་བ་དང༌། དཔལ་འབྱོར་བཀག་སྡོམ་གྱིས་མཚོན་པའི་རྒྱལ་སྤྱིའི་གནོན་ཤུགས་དེ་རིགས་མེད་ན་འགྲུབ་མི་ཐུབ་པ་ཞིག་ཡིན།འགའ་ཞིག་གིས་གལ་ཏེ་རྒྱ་ནག་གི་སྤྱོད་ཚུལ་འགྱུར་ལྡོག་ཡོང་སླད་རྒྱལ་སྤྱིའི་ཚོགས་སྡེས་གནོན་ཤུགས་སྤྱད་ན་ཁོང་ཚོས་མའོའི་དུས་སྐབས་ཀྱི་ཁེར་རྐྱང་ཟུར་སྡོད་ཀྱི་ལམ་དུ་སྐྱར་ལོག་བྱེད་ཀྱི་རེད་སྙམ་གྱི་ཡོད་ལ། རྒྱ་ནག་གི་འགོ་འཁྲིད་ཚོའི་ནང་ནས་ཀྱང་དེ་ལྟར་བྱེད་རྒྱུའི་འཇིགས་སྐུལ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་འགོ་འཁྲིད་ཉུང་ཤས་ལ་དེ་ལྟར་བྱེད་སེམས་ཡོད་རུང༌། རྒྱ་ནག་ལམ་དེའི་ཐོག་བསྐྱོད་མི་ཐུབ་པ་ཉམས་མྱོང་གི་ཐོག་ནས་བསྟན་ཡོད་ཅིང༌། རྒྱ་ནག་གི་མི་མང་ཚོས་རང་དབང་དང༌། དམངས་གཙོ་ལ་བཀྲེས་པ་ཟས་འདོད་ལྟར་རེ་སྒུག་བྱེད་ཀྱི་ཡོད་པའང་བསྟན་ཟིན་པ་རེད། ཁོང་ཚོས་དམར་པོའི་རྒྱལ་ཁབ་གཙོ་ཆེ་ཤོས་ཀྱི་ནང་དུ་ལམ་ལྷོངས་མ་བྱུང་བའི་སྲིད་དབང་བཙན་འཕྲོག་བྱེད་པོ་རྣམས་ལ་མྱོང་ཚོར་ཇི་ལྟར་བྱུང་བ་དང༌། དམངས་གཙོའི་རྒྱལ་ཁ་ཐོབ་པ་མཐོང་ཡོད་པ་ལྟར། རང་དབང་དང་དམངས་གཙོའི་སེམས་ཤུགས་ལ་གོ་སྐབས་གཅིག་བྱུང་ཕྱིན་དེ་ནི་འགོག་གནོན་བྱེད་མི་ཐུབ་པ་ཞིག་ཡིན།

 

དེ་བཞིན་འགྲོ་བ་མིའི་རང་དབང་སྐོར་ཨེ་ཤེ་ཡའི་བལྟ་ཚུལ་ནི་ནུབ་ཕྱོགས་པའི་བལྟ་ཚུལ་དང་རྩ་བ་ནས་མི་འདྲ་བ་དང༌། ཨེ་ཤི་ཡའི་མི་རིགས་ཚོས་མིའི་ཚེ་སྲོག་གལ་གནད་ཆུང་ངུར་བརྩི་གི་ཡོད་པ་ལྟ་བུར་བརྗོད་མཁན་ཡོད། དེ་ནི་རྩ་བ་ནས་བདེན་པ་མིན། ནང་པ་ཡིན་པའི་ཆ་ནས་ང་ཚོས་མིའི་ཚེ་སྲོག་ནི་ལྷན་སྐྱེས་ཀྱི་བདག་དབང་རྩ་བ་ཆེ་ཤོས་ལ་བརྩི་གི་ཡོད། ངོས་ཀྱི་འགྲོ་བ་མིའི་རང་དབང་སྐོར་གྱི་བལྟ་ཚུལ་ནི་ཁྱེད་རྣམ་པའི་ལྟ་ཚུལ་དང་ཁྱད་པར་མེད། སྡུག་བསྔལ་དང་མྱ་ངན་ནི་འགྲོ་བ་མིའི་རིགས་ཀུན་ལ་གཅིག་གྱུར་ཡིན། ཁྱེད་ཚོ་ཨ་མི་རི་ཀ་དང༌། ཡོ་རོབ། ཨཕི་རི་ཀ  ལྷོ་ཨ་མེ་རི་ཀ་ལ་སོགས་པའི་གཞན་རྣམས་ཀྱི་མྱོང་ཚོར་ལྟར་བོད་དང༌། ཨེ་ཤེ་ཡའི་མི་རིགས་གཞན་རྣམས་ལའང་མྱོང་ཚོར་དེ་དག་འདྲ་མཚུངས་ཡོད། ཨུ་རུ་སུ་དང༌། ཨཕི་རི་ཀ་བཅས་ནང་འགྲོ་བ་མིའི་ཐོབ་ཐང་བདལ་བཤིག་བཏང་བར་རྒྱལ་སྤྱིས་སེམས་འཁུར་བྱས་པ་ལྟར་བོད་དང༌། རྒྱ་ནག་ནང་ལག་ལེན་ལོག་པར་བསྟར་བ་ལས་བྱུང་བའི་སྡུག་བསྔལ་རྣམས་སེལ་རྒྱུར་ཡང་དེ་བཞིན་སེམས་ཁུར་བྱེད་དགོས་པའི་ཐོབ་ཐང་གཅིག་མཚུངས་ཡོད། གནས་ཚུལ་འདི་ནི་རྒྱལ་ཁབ་གང་ཡང་རུང་བ་ཞིག་ནང་གི་གནས་ཚུལ་མ་ཡིན་པར། ས་ཕྱོགས་གང་སར་ཡོད་པའི་འགྲོ་བ་མིའི་རིགས་སྤུན་ཟླ་ཕོ་མོ་ཐམས་ཅད་ཀྱི་སྡུག་བསྔལ་ལ་སེམས་ཁུར་བྱེད་དགོས་པའི་གཞི་རྩའི་གནད་དོན་ཞིག་ཡིན།ད་ཆ་བཙན་དབང་ལྡན་པའི་དམར་པོའི་རྒྱལ་ཁབ་མཐའ་མ་རྒྱ་ནག་དེ་གྲོགས་མེད་ཁེར་རྐྱང་དུ་ལུས་ཡོད། འོན་ཀྱང་ཉེ་ཆར་ཨུ་རུ་སུའི་ནང་གི་འཕོ་འགྱུར་གྱིས་གསལ་པོ་བསྟན་པ་ལྟར་དེ་དག་ཡུན་རིང་གནས་མི་ཐུབ་པར་རྒྱ་ནག་ནང་དམངས་གཙོ་དང་རང་དབང་ཡོང་རྒྱུ་རེད། འཛམ་གླིང་ཞི་བདེ་སྲ་བརྟན་ཡོང་སླད་རྒྱ་ནག་ནང་གི་འཕོ་འགྱུར་དེ་མགྱོགས་མྱུར་ཞི་གང་འཇམ་དང༌། འཚེ་བ་མེད་པ་ལག་ལེན་བསྟར་གང་ཐུབ་ཀྱི་ཐོག་ནས་ཡོང་ཐབས་སུ་རྒྱལ་སྤྱིའི་ཚོགས་སྡེས་རྒྱ་ནག་ལ་སྐུལ་མ་ཤུགས་ཆེ་གཏོང་རྒྱུའི་ཡིད་ཆེས་ཡོད། ཤར་ཡོ་རོབ་ཀྱི་ས་ཁུལ་ཁག་དང༌། ཨུ་རུ་སུའི་ནང་བྱུང་བའི་ཞི་བའི་གསར་བརྗེ་དེ་དག་ནེ་དཔེ་མཚོན་ཞིག་ཡིན། ཡོ་ཀོ་ས་ལ་ཝི་ཡའི་ནང་ཚབས་ཆེའི་དཀའ་རྙོག་བྱུང་བར་དུས་ཐོག་ཏུ་རྒྱལ་སྤྱིའི་ཚོགས་སྡེས་ལྟ་རྟོག་མ་བྱས་པའི་རྐྱེན་གྱིས་ད་ཆ་ས་ཁུལ་དེ་དག་ཐོར་ཞིག་དང༌། ཡུལ་དེའི་མང་ཚོགས་ལ་སྡུག་བསྔལ་ཚད་མེད་འབྱུང་བཞིན་པའི་གནས་ཚུལ་དེ་རིགས་སླར་ཡང་ཡོང་དུ་བཅུག་ན་མི་འགྲིགས།

 

རྒྱལ་སྤྱིའི་གནོན་ཤུགས་མེད་ན་ཨུ་རུ་སུའི་ནང་བྱུང་བའི་གནས་ཚུལ་དེ་རིགས་ཡོང་སྐབས་རྒྱ་མིས་རང་ཉིད་ཀྱི་འཆི་ཁའི་སྲིད་དབང་གནས་ཐུབས་སུ་ཤུགས་ཆེའི་བཙན་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་སྲིད། དེ་ནི་ཉེ་ཆར་བོད་ནས་འབྱོར་བའི་གནས་ཚུལ་ཁག་ནས་གསལ་པོ་བསྟན་ཡོད། དེར་བརྟེན་བཟློག་ཏུ་མེད་པའི་འགྱུར་བ་ཡོང་སྐབས་དྲག་རྩུབ་དང༌། འགྲོ་བ་མིར་སྡུག་བསྔལ་ཅི་ཆེ་བཟོ་རྒྱུ་རེད། གནས་ཚུལ་དེ་འདྲ་ཡོང་རྒྱུ་བཀག་འགོག་བྱེད་པའི་འགན་འཛམ་གླིང་སྤྱི་ལ་ཡོད། སྦལ་ཌིག་རྒྱལ་ཁབ་ཁག་ནང་བྱུང་བའི་འགྱུར་བ་དེ་དག་ནི་དམིགས་བསལ་དགའ་སྤོབས་སྐྱེ་གཞི་ཞིག་ཡིན། མ་གཞི་གནས་ཚུལ་དེར་དུས་ཡུན་རིང་པོ་འགོར་ཡོད་རུང༌། མཐར་སྔོན་མའི་དབང་འཛིན་པ་ཨུ་རུ་སུའི་གཞུང་ནས་བཟློག་ཏུ་མེད་པའི་མི་མང་གི་བསམ་འདུན་ནུས་པ་ཁས་ལེན་བྱས་པ་རེད།

 

སྦལ་ཌིག་རྒྱལ་ཁབ་ཁག་གི་མི་མང་ནས་རང་ཉིད་ཀྱི་རང་བཙན་རྩོད་ལེན་ལམ་ལྷོངས་བྱུང་བ་ལྟར། ང་ཚོ་བོད་མི་ནས་ཀྱང་རང་ཉིད་ཀྱི་རང་དབང་མགྱོགས་མྱུར་ལེན་ཐུབ་རྒྱུར་ངོས་རང་ཡིད་ཆེས་ཡོད། དམིགས་ཡུལ་དེ་འགྲུབ་སླད་རྒྱ་མིས་བཙན་འཛུལ་བྱས་ནས་ད་བར་ལོ་བཞི་བཅུ་ཞེ་གཉིས་སོང་རིང་ང་ཚོས་ཆོད་སེམས་འགྱུར་མེད་བརྟན་པོར་རྒྱུན་འཛིན་བྱས་ཡོད།

 

འདས་པའི་ནང་ང་ཚོའི་བར་གྱི་མི་མཐུན་པ་སེལ་ཐབས་དང༌། བོད་ཀྱི་གནད་དོན་ཐག་གཅོད་གསལ་པོ་ཡོང་ཆེད་ངོས་ནས་རྒྱ་ནག་གི་འགོ་ཁྲིད་ཚོར་བསམ་ཤེས་ཀྱི་ཆ་རྐྱེན་ཡོང་རེས་གྲོས་འཆར་མང་པོ་ཞིག་བཏོན་ཡོད། གྲོས་འཆར་དེ་དག་ནི་ངོས་ནས་བོད་མི་ས་ཡ་དྲུག་གི་རང་དབང་གི་མགྲིན་ཚབ་པ་ཞིག་བྱས་ཏེ་བཏོན་པ་ཡིན།

 

ཕྱི་ལོ་ ༡༩༨༧ ལོར་རྒྱ་ནག་དང་འགྲིགས་མཐུན་ཡོང་བའི་འགོ་འཛུགས་ལྟ་བུར་ཞི་བའི་གྲོས་གཞི་དོན་ཚན་ལྔ་བཏོན་པ་དང༌། དེའི་ཕྱི་ལོ་སི་ཏྲས་སི་སྦག་ཏུ་ཡོ་རོབ་གྲོས་ཚོགས་ལ་གཏམ་བཤད་བྱེད་སྐབས་གོང་གསལ་གྲོས་གཞིའི་ཐད་རྒྱས་བཤད་ཀྱིས་བོད་རྒྱའི་དབར་མཉམ་གནས་ལྟ་བུ་ཞིག་ཡོང་བའི་བསམ་འཆར་བཏོན་ཡོད། འོན་ཀྱང་རྒྱ་ནག་གི་འགོ་ཁྲིད་ཚོས་གྲོས་འཆར་དེ་དག་ངོས་ལེན་འགྲིགས་མཐུན་ཡོང་རྒྱུ་ཁས་ལེན་མ་བྱས་པ་རེད། བོད་དང༌། བཙན་བྱོལ་དུ་ཡོད་པའི་བོད་མི་མང་པོ་ཞིག་ནས་གྲོས་འཆར་དེ་དག་ནང་རྒྱ་ནག་ལ་དགོས་མེད་ཀྱི་གུ་བཤངས་བྱས་དྲགས་པའི་བསམ་ཚུལ་ཤུགས་ཆེ་བྱུང་ཡོད། ད་ཆ་སེ་ཏྲས་སི་སྦག་གི་གྲོས་འཆར་དེ་ཕན་ནུས་གང་ཡང་མེད་པར་གྱུར་ཟིན་པར་བརྟེན་ང་ཚོར་གྲོས་འཆར་དེའི་དོན་གནད་ལ་བརྩི་སྲུང་བྱེད་དགོས་པའི་འགན་འཁྲི་གང་ཡང་མེད་པ་ཉེ་ཆར་གསལ་བསྒྲགས་བྱས་པ་ཡིན།

 

ངོས་ནས་རྟག་ཏུ་བརྗོད་པ་ལྟར་གལ་ཆེ་ཤོས་བོད་མི་ཚོའི་རང་གི་མ་འོངས་པའི་མཐའ་མའི་མདུན་ལམ་ཐག་གཅོད་བོད་མི་མང་རང་ཉིད་ནས་ངེས་པར་དུ་བདམས་དགོས། དེ་ནི་རྒྱ་མི་ལྟ་ཅི། ཏཱ་ལའི་བླ་མས་ཀྱང་ཐག་གཅོད་བྱེད་རྒྱུ་ཞིག་མིན། རྩ་དོན་དེ་ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༡༢ ཚེས་ ༧ ཉིན་རྒྱ་གར་གྲོས་ཚོགས་ནང་སྐུ་གཤེགས་སྲིད་བློན་ནེ་ཧེ་རུ་ནས། བོད་དེ་རྒྱ་ནག་དང་གཅིག་པ་མིན་པར་བརྟེན་མཐའ་མའི་རྒྱལ་ཁ་བོད་མི་མང་གི་བསམ་བློར་ཐོབ་དགོས་པ་ཞིག་རེད། ཅེས་གསལ་པོ་གསུངས་ཡོད།

 

ངོས་རང་གནས་ཚུལ་འགྱུར་ལྡོག་མེད་པར་རང་གནས་སུ་སྡོད་རྒྱུར་འདོད་པ་མེད། འཛམ་གླིང་ཡོངས་ཁྱབ་ཀྱི་འགྱུར་བའི་མྱུར་ཚད་གཞི་ལ་བཞག་སྟེ་ད་ཆ་བོད་ལྟ་བུའི་རྒྱུན་རིང་ལྷག་པའི་གནད་དོན་ཁག་ཐག་གཅོད་བྱེད་རྒྱུའི་གོ་སྐབས་གསར་པ་ཞིག་ཡོད་པ་ང་ལ་ཡིད་ཆེས་ཡོད། དེར་བརྟེན་ངོས་ནས་བོད་ཀྱི་གནད་དོན་ཞི་བའི་ངང་ཐག་གཅོད་ཡོང་སླད་བཙན་བྱོལ་བོད་ཀྱི་གྲོས་ཚོགས་དང༌། དེ་མིན་གཞན་བཅས་ལ་གྲོས་འཆར་གསར་པ་འདོན་དགོས་པའི་འབོད་སྐུལ་བྱས་ཡོད། ཡིན་ནའང་གལ་ཆེ་ཤོས་དང༌། ངོས་ནས་སྐྱར་དུ་བརྗོད་དགོས་པ་ཞིག་ལ། ང་ཚོའི་རྒྱལ་ཁབ་ཀྱི་མ་འོངས་པའི་མཐའ་མའི་ཐག་གཅོད་ཀྱི་སྐད་ཆ་ཤོད་དབང་བོད་ནང་ཡོད་པའི་བོད་མི་ས་ཡ་དྲུག་ལ་ངེས་པར་དུ་ཡོད་དགོས།

 

རྒྱ་ནག་གཞུང་གིས་བོད་མི་རྣམས་རྒྱ་མིའི་དབང་སྒྱུར་འོག་སྐྱིད་པོ་ཡོད་པ་དང༌། ཁ་བྲལ་བ་སྦར་མོ་གང་གིས་དེ་ལས་ལྡོག་པའི་བསམ་ཚུལ་འཁྱེར་གྱི་ཡོད་ལུགས་ཧམ་བཤད་བྱེད་ཀྱི་ཡོད། ངོས་ནས་གོང་དུ་ཞུས་པ་ལྟར་བོད་མི་མང་གི་བསམ་ཚུལ་ཤེས་པའི་ཐབས་ཤེས་ཡག་ཤོས་ནི་རང་དབང་གི་སྒོ་ནས་མང་ཚོགས་ཀྱི་བསམ་ཚུལ་གསལ་རྟོགས་ཐུབ་པ་བྱེད་རྒྱུ་དེ་ཡིན། འོན་ཀྱང་རྒྱ་ནག་གི་དབང་འཛིན་པ་ཚོའི་བསམ་བློའི་འཁྱེར་སོ་ལ་ངོས་རང་སེམས་འཚབ་ཡོད། གང་ལགས་ཤེ་ན། པེ་ཅིང་ནས་དངོས་ཡོད་གནས་ཚུལ་ཁས་ལེན་བྱེད་ཀྱི་མེད་པ་རེད། ཇི་སྲིད་བོད་མི་མང་གི་འདོད་འདུན་ངོ་མ་ཇི་ཡིན་མ་ཤེས་བར་དཀའ་རྙོག་དེ་གཙང་སེལ་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན།

 

མཐུན་འགྲིགས་འགོ་འཛུགས་སླད་ངོས་ནས་འབད་པ་བྱས་པ་དེ་ལ་རྒྱ་ནག་གཞུང་ནས་ཁས་ལེན་ལན་འདེབས་མ་བྱས་པར་བརྟེན་བོད་མི་མང་པོ་ཞིག་དང༌། ལྷག་པར་བོད་ནང་ཡོད་པའི་བོད་ཀྱི་གཞོན་ནུ་མང་པོ་ཞིག་གིས་ད་ལྟ་ང་ཚོ་བསྐྱོད་མུས་ཀྱི་ཞི་བའི་ལམ་འདིར་ངང་ཐུང་འཚབ་འཚུབ་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད། རྒྱ་ནག་གིས་མུ་མཐུད་བོད་ནང་མི་འབོར་བཙན་འཇུག་བྱས་ཏེ་བོད་མི་རྣམས་རང་ཉིད་ཀྱི་ལུང་པར་ཡང་མི་རིགས་གྲངས་ཉུང་ཅན་ཞིག་དང༌། རིམ་གྲས་གཉིས་པ་ཞིག་བཟོས་པར་བརྟེན་ངོས་ཀྱི་ལུང་པའི་ནང་ཛ་དྲག་ཇེ་ཆེར་འགྲོ་བཞིན་པ་རེད། བོད་མི་ཚོར་འཇིགས་སྐུལ་དང༌། བཙན་གནོན་ཚབས་ཆེ་བྱས་པར་བརྟེན་གནས་ཚུལ་འགལ་ཟླའི་ཕྱོགས་སུ་འཕེལ་ཤུགས་ཆེ་རུ་སོང་སྟེ། འབར་ལ་ཁད་པའི་གནས་ཚུལ་དེའི་ནང་དྲག་སྤྱོད་ཀྱི་ཐལ་ཟིང་ཡོང་རྒྱུར་ངོས་ལ་སེམས་འཚབ་ཆེན་པོ་ཡོད། དེ་དག་འགོག་སླད་ངོས་ནས་ཐབས་ཤེས་ཇི་ཡོད་ལག་བསྟར་བྱེད་རྒྱུ་ཡིན།

 

གནས་ཚུལ་དེ་དག་ལ་བསམ་ཞིབ་ཀྱིས་གང་མགྱོགས་བོད་ནང་ལྟ་སྐོར་ཞིག་ལ་འགྲོ་ཐུབ་པའི་བསམ་བློ་གཏོང་གི་ཡོད། དེ་ལྟ་བུའི་ལྟ་སྐོར་བྱེད་པར་ངོས་ལ་རྒྱུ་མཚན་གཉིས་ཡོད། དང་པོ་ནི། རང་ཉིད་ས་གནས་ས་ཐོག་ཏུ་བོད་མི་དང་ཐད་ཀར་འབྲེལ་གཏུགས་ཀྱིས་བོད་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཐབས་བྱ་རྒྱུ་དེ་ཡིན། ངོས་ནས་དེ་ལྟར་བྱས་པར་བརྟེན་ནས་རྒྱ་མིའི་འགོ་ཁྲིད་ཚོས་བོད་མིའི་བསམ་འདུན་ངོ་མ་ཤེས་རྟོགས་ཐུབ་རྒྱུར་ཡང་ཕན་ཐོགས་ཡོང་རེ་ཡོད། དེར་བརྟེན་ལྟ་སྐོར་དེའི་སྐབས་གནས་ཚུལ་མཐོང་བ་དང༌། སོ་སོའི་གོ་རྟོགས་རྣམས་གསལ་བསྒྲགས་བྱེད་ཐུབ་པའི་ཆེད་རྒྱ་ནག་གི་འགོ་ཁྲིད་བགྲེས་པ་རྣམ་པ་དང༌། གསར་འགོད་པ་ཐེ་བས་ཕྱི་རྒྱལ་གྱི་རྟོག་ཞིབ་པ་ཚོ་བཅས་ངོས་དང་མཉམ་དུ་ཡོང་རྒྱུ་གལ་ཆེན་པོ་ཡིན།

 

གཉིས་པ་ནི། ངོས་ནས་ངོས་ཀྱི་མི་མང་ཚོར་འཐབ་རྩོད་ཀྱི་འགྲོ་ལམ་ཡང་དག་པ་འཚེ་མེད་ཞི་བའི་ལམ་འདི་མི་འདོར་རྒྱུའི་འབོད་སྐུལ་བསླབ་བྱ་རྒྱག་རྒྱུ་དེ་ཡིན། ངོས་ནས་རང་གི་མི་མང་ཚོར་སྐད་ཆ་ཤོད་ཐུབ་ན་ཞི་བའི་ལམ་བརྒྱུད་ནས་དཀའ་རྙོག་སེལ་ཐབས་ལ་གལ་ཆེའི་ནུས་པ་ཐོན་སྲིད་ལ། མཐུན་འགྲིགས་གོ་རྟོགས་སྤེལ་བའི་གོ་སྐབས་གསར་པ་ཞིག་ཀྱང་འབྱུང་སྲིད།

 

ལྟ་སྐོར་དེ་བྱེད་པར་བོད་མི་ཚོ་ངོས་དང་ཐུག་འཕྲད་བྱེད་ཆོག་པ་ཞིག་དང༌། ཁོང་ཚོས་རང་དབང་གི་སྒོ་ནས་སྐད་ཅ་བཤད་པར་རྗེས་སུ་ཁོང་ཚོར་འཁོན་ལན་གྱི་འཇིགས་སྣང་མེད་པའི་ཆ་རྐྱེན་ངེས་པར་ཡོད་དགོས། ངོས་ལ་ཆ་མཚོན་ནའང་རང་ཉིད་ས་གནས་གང་དུ་བསྐྱོད་འདོད་ཡོད་པ་དང༌། བོད་མི་སུ་འདྲ་ཞིག་དང་ཐུག་འཕྲད་བྱེད་འདོད་ཡོད་པ་དེར་འགྲུལ་བཞུད་བྱེད་པའི་རང་དབང་ངེས་པར་དགོས་པ་ཡིན། དེའི་སྐབས་ངོས་དང་མཉམ་དུ་ཡོང་འདོད་ཡོད་པའི་ངོས་ཀྱི་གྲོགས་པོ་མང་པོ་དེ་ཚོར་ཡང་བཀག་འགོག་མེད་པར་དེ་ལྟར་བྱེད་ཆོག་པའི་རང་དབང་དགོས་པ་དང༌། གུ་ཡངས་བསམ་ཤེས་ཀྱི་སྒོ་ནས་རྒྱལ་སྤྱིའི་གསར་འགོད་པ་ཚོར་ཡང་དེ་ལྟ་བུའི་སྤྱོད་བཟང་གི་རྣམ་འགྱུར་འཛིན་དགོས།

 

ལོ་བཅུ་ཕྲག་མང་པོའི་རིང་གནས་པའི་བོད་དང་རྒྱ་ནག་དབར་གྱི་འཁྲུག་རྩོད་ཐག་གཅོད་ཡོང་བའི་ཐབས་ལམ་འཚོལ་བའི་ཛ་དྲག་གི་གནས་ཚུལ་སེམས་ལ་བཞག་སྟེ་ད་ཆ་རྒྱ་ནག་གི་འགོ་ཁྲིད་ཚོས་ངོས་ཀྱི་འབད་བརྩོན་གསར་པ་འདི་ལ་བཟང་ཕྱོགས་ཀྱི་ལན་འདེབས་བྱ་རྒྱུའི་རེ་བ་ཡོད། ཁོང་ཚོས་མི་མང་གི་དཔྱད་ཞིབ་བཟོད་ཐུབ་པ་དང༌། འཕོ་འགྱུར་རེ་འཚོལ་བྱེད་བཞིན་པའི་སྐྱེ་བོ་རྣམས་འདོད་བློ་ཁེངས་པ། བོད་ནང་ཞི་བདེ་ཡོང་བ་བཅས་ཀྱི་ཆེད་དུ་འབད་བརྩོན་དངོས་འབྲེལ་བྱེད་རྒྱུར་ངོས་ལ་རེ་བ་ཡོད།

 

ངོས་ནས་སྔོན་འགོག་གི་ཐབས་ལམ་འདི་དག་ལག་བསྟར་བྱ་རྒྱུའི་འབོད་སྐུལ་བྱེད་དགོས་དོན་ནི། ང་ཚོས་གོམ་པ་མདུན་སྤོ་བྱེད་པ་ལས། ཕྱོགས་གཉིས་པོ་གང་རུང་ཞིག་གིས་རང་དགར་ཕྱིར་ཤིག་མི་བྱེད་པའི་ཆེད་དུ་ཡིན། འདས་པའི་ནང་རྒྱ་ནག་གི་འགོ་ཁྲིད་ཚོས་ངོས་ལ་ཁས་ལེན་དམ་བཅའ་མང་པོ་བྱས་ཡོད་ཀྱང་སྣེ་གཅིག་ལ་བརྩི་འཇོག་བྱས་མེད། ཕྱི་ལོ་ ༡༩༥༡ ལོར་ལྷ་ས་དང༌། ཕྱི་ལོ་ ༡༩༥༤ ལོར་པེ་ཅིང༌། ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་བཅས་སུ་མའོ་ཙེ་ཏུང་དང༌། ཀྲའུ་ཨེན་ལེ་གཉིས་ཀྱིས་གཙོས་པའི་དཔོན་རིགས་མང་པོས་ངོས་ཀྱི་མི་མང་ཐོག་རྒྱ་མིའི་བྱ་སྤྱོད་ཀྱི་འབྲེལ་བ་བྱེད་སྟངས་སྐོར་ངོས་ལ་ཁ་གསལ་གྱི་ཁས་ལེན་མང་པོ་བྱས་ཡོད། དེ་ནས་བཟུང་རྒྱ་ནག་གི་དབང་འཛིན་པ་ཚོས་བོད་མི་རིགས་དང༌། བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་བརྩི་སྲུང་བྱ་རྒྱུ་རང་ཉིད་ནས་གསལ་བསྒྲགས་བྱས་པའི་སྲིད་བྱུས་མང་པོ་ཞིག་མུ་མཐུད་དེ་ལག་ལེན་བསྟར་མེད།

 

ཉེ་བའི་ལོ་ཤས་ནང་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང༌། གྲོས་ཚོགས་ཀྱི་འཐུས་མི། གྲོགས་པོ་སྒེར་མང་པོ་ཞིག་བཅས་ནས་འབད་བརྩོན་ཆེན་པོས་ངོས་ཀྱི་གྲོས་འཆར་དེ་དག་ལ་བཟང་ཕྱོགས་ཀྱི་ལན་འདེབས་བྱེད་དགོས་པའི་རྒྱ་ནག་གཞུང་ལ་འབོད་སྐུལ་བྱས་ཡོད། ངོས་ནས་གོ་སྐབས་འདི་བཟུང་སྟེ་ཁོང་རྣམ་པར་ཁ་ཞེ་གཉིས་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ངོས་ཀྱི་འབད་བརྩོན་ཁག་ལ་མུ་མཐུད་རྒྱབ་གཉེར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

 

ཞི་བདེ་དང༌། མཐུན་འགྲིགས་ངང་གནས་ཐུབ་པའི་སླད་རྒྱ་ནག་གི་འགོ་ཁྲིད་ཚོས་རང་ཉིད་ཀྱི་མི་མང་དང༌། ཁྱིམ་མཚེས་ཁག ཨ་རི། འཛམ་གླིང་གི་རྒྱལ་ཁབ་གཞན་དག་བཅས་དང་མཉམ་ལས་བྱེད་པའི་རེ་བ་ཡོད། དེ་ལྟར་བྱས་ན་གཞི་ནས་འགྲོ་བ་མིའི་གྲངས་འབོར་གྱི་བཞི་ཆ་གཅིག་ཟིན་པའི་རྒྱལ་ཁབ་རྙིང་ཁུངས་འདིས་འཛམ་གླིང་གི་ཁྱིམ་ཚང་ཆེན་པོའི་ནང་འོས་ཤིང་འཚམས་པའི་རང་ཉིད་ཀྱི་གོ་གནས་འཛིན་ཐུབ། འདི་ནི་སྙིང་རྗེ་གཞི་རྩར་བཟུང་སྟེ་ཞི་བདེར་གནས་ཤིང༌། དགྲ་བོ་མེད་པ་དང༌། བདེ་སྐྱིད་ཀྱིས་ཁྱབ་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་ནང་པའི་བལྟ་ཚུལ་དང་ཡང་མཐུན་པ་ཡིན།།

About རྩོམ་སྒྲིག་པ།