དོལ་རྒྱལ་སྐོར་གསལ་བཤད།

༧གོང་ས་སྐྱབས་མགོན་ཆེན་པོས་སྤྱི་སྒོས་ཀྱི་གནད་དོན་གལ་ཆེར་དགོངས་བཞེས་ཀྱིས་བོད་མི་ནང་ཁུལ་ལ་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་དགོས་པའི་བཀའ་སློབ་གནང་བར་མི་འདོད་པའི་རྣམ་འགྱུར་སྟོན་ཆེད།དབྱིན་ཡུལ་དུ་སྡོད་པ་སྐལ་བཟང་རྒྱ་མཚོས་རྒྱུད་བསྐུལ་གྱིས་ཤུགས་ལྡན་རྒྱབ་གཉེར་ཚོགས་ཁག་ཟེར་བའི་ཕྱི་རྒྱལ་བ་ཚན་པ་གཅིག་ནས།ཕྱི་ལོ་༡༩༩༥ཟླ༦ཚེས༧ཉིན་དབྱིན་ཡུལ་བོད་གཞུང་དོན་གཅོད་ཁང་གི་ཉེ་འགྲམ་དུ་འདུ་ཚོགས་སྐད་འབོད་དང་འབྲེལ།མཚན་འཁོད་སྙན་ཞུ་ཕུལ་བ་དང་།དེ་རྗེས་བོད་མིའི་ཁྲོད་དུ་ཡི་གེ་མང་དག་ཅིག་སྤེལ་འགྲེམས་བྱས་འདུག       ཡི་གེ་དེ་དག་ནང་དོན་ནི།དོལ་རྒྱལ་སྐོར་རང་ཉིད་ཀྱི་འདོད་ཚུལ་རྟགས་སུ་བཀོད་པའི་སྒྲོ་སྐུར་འཁྱོག་བཤད་འབའ་ཞིག་ལས་མ་མཆིས་ཤིང་།ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་ཆོས་སྲིད་ཀྱི་མཛད་འཕྲིན་བཟང་པོ་འཛམ་གླིང་ཁྱོན་ཡོངས་སུ་གྲགས་པ་འདི་ལྟ་བུར་ཉི་ཤར་སྤར་མོས་འགེབས་རེའི་མཚན་སྨད་སྐུར་འདེབས་སྔར་མི་གྲགས་ཞུ་བབ་ལ་བརྟག་ན།

རང་རྒྱུད་གདོན་གྱིས་བརླམས་པའི་བྱ་སྤྱོད་ལས།ཤེས་པ་རྣལ་དུ་གནས་པའི་མངོན་རྟགས་གང་ཡང་མ་མཐོང་བས།དེ་རིགས་ལ་བླང་དོར་ཁ་ཏ་བྱ་རྒྱུར་སྙིང་བོ་ཅི་ཡང་མེད་མོད།འོན་ཀྱང་རང་རིགས་སེར་སྐྱ་མང་ཚོགས་ཁོངས་རྣམ་དཔྱོད་བློ་གྲོས་ཀྱིས་བདེན་རྫུན་རྣམ་པ་དབྱེ་མི་ཐུབ་པ་འགའ་ཞིག་ལམ་ལོག་ལམ་གོལ་དུ་མི་འཇུག་པའི་ཆེད།སྐབས་འདིར་ཕ་རོལ་པོའི་འཁྱོད་བཤད་རགས་རིམ་ཞིག་ལ་དངོས་ཡོད་གནས་ཚུལ་གྱི་གསལ་བཤད་བྱ་རྒྱུ་གཤམ་གསལ།

 

༡    དོལ་རྒྱལ་ལམ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དུས་རབས་འདིའི་ནང་གསར་དུ་དར་བ་མ་ཡིན་པར།ས་ཆེན་ཀུན་དགའ་བློ་གྲོས་དང་།རྨོར་ཆེན་ཀུན་དགའ་ལྷུན་གྲུབ།བདག་ཆེན་འཕྲིན་ལས་རིན་ཆེན་སོགས་ས་སྐྱའི་བླ་མ་མང་པོས་བསྟེན་གསོལ་གནང་ལུགས་སོགས་ཟེར་བའི་སྐོར།

སྤྱིར་བཏང་དོལ་རྒྱལ་འདི་བཞིན་ཕྱི་ལོ་༡༦༠༠ཡན་དུ་བྱུང་བ་ཞིག་ཡིན་པ་དང་ས་སྐྱའི་ཁྲོད་དུ་བསྟེན་གསོལ་ཙམ་གནང་མཁན་བྱུང་བ་དེ་ངོམས་འཕྱར་འོས་པའི་ངོ་མཚར་ཆེ་བའི་གནས་སྟངས་གང་ཡང་བྱུང་མེད།དེའི་བྱུང་རྐྱེན་དོལ་རྒྱལ་བསྟོད་པར།(དེ་ནས་གཙང་ཕྱོགས་ལྷུན་པོའི་གྲྭར་བྱོན་ཀྱང་།ཅུང་ཟད་རྟེན་འབྲེལ་འཆོལ་བས་དེ་མ་ཐག        ཁྲོས་པའི་ཚུལ་གྱིས་ས་སྐྱར་གཤེགས་པ་ན།   བསྟན་སྲུང་མཐུ་བོར་མངའ་གསོལ་མཛད་ལ་བསྟོད།།)ཅེས་པའི་བསྟོད་ཚིགས་ཀྱི་དོན་བསྡུས་ན།དོལ་རྒྱལ་བཀྲས་ལྷུན་དགོན་དུ་གཏོར་རྔན་ལ་རེ་ནས་བསྐྱོད་པ་ན།བཀྲིས་ལྷུན་པོའི་གླིང་བསྐོར་གྱི་ལམ་དུ་རྣམ་སྲས་རྟ་བདག་བརྒྱད་ཕྱག་སྦྲེལ་ཏེ་བགྲོལ་ལམ་བཀག་ཅིང་།དེ་མ་ཐག་ས་སྐྱར་བསྐྱོད།ས་སྐྱའི་བདག་ཆེན་བསོད་ནམས་རིན་ཆེན་དང་།དེའི་སྲས་ཀུན་དགའ་བློ་གྲོས་རྣམ་གཉིས་ཀྱིས་དམ་འདོགས་དང་འབྲེལ་ས་སྐྱའི་བྱང་ངོས་དགོན་གྱི་སྨུག་ཆུང་མགོན་ཁང་ནང་དོལ་རྒྱལ་བསྟེན་གསོལ་ཙམ་གནང་ཚུལ་ཟེར་སྤྲོས་འདི་ཡིན།དོལ་རྒྱལ་གྱིས་བདག་ཆེན་བསོད་ནམ་རིན་ཆེན་ཐོག་མར་མཇལ་སྐབས(ཁྱེད་སུ་ཡིན་གསུངས་པར།ང་དགེ་ལྡན་པའི་དམ་སྲི་(དགེ་ལྡན་པར་དམ་སེལ་འཇུག་མཁན་གདོན་འདྲེ)དེ་ཡིན།གཏོར་མ་འདོད་པ་ལགས།)ཞུས་ཏེ།དོལ་རྒྱལ་ནས་རང་ཉིད་དགེ་ལྡན་པའི་དམ་སྲི་ཡིན་པ་དེ་དུས་ནས་ཁས་འཆེས་འདུག་པ་དང་།འདོད་རྒྱུའང་གཏོར་མ་འདོད་ཅེས་ཞུས་པས་བསྟེན་གསོལ་གནང་བ་འདྲེ་ལ་གཏོར་རྔན་སྦྱིན་པ་ལྟར་ཡིན་པ་འདི་ནས་ར་འཕྲོད་མི་འདུག་གམ།

 

ས་སྐྱའི་བླ་འགའ་ཤས་ནས་ཀྱང་དམ་བསྒྲགས་གནང་བ་བྱུང་ཡོད་པ་དཔེར་ན།

ཁྱོད་ཚོས་བཀྲམས་པའི་ཡིག་ཆའི་ནང་འགྲོ་མགོན་ཀུན་སྡུད་སྙིང་པོས།མི་གནང་དགུ་གནང་ཡབ་ཆེན་ཀུན་བློས་གནང་།མི་བྱེད་དགུ་བྱེད་དམ་ཅན་པུ་ཏྲས་བྱས།ཞེས་དོལ་རྒྱལ་ལ་མི་འོས་པའི་བྱ་བ་མཛད་པའི་གཟིགས་ཚུལ་ཤུགས་ཆེ་བྱུང་བའི་ལོ་རྒྱུས་ཁྱེད་ཚོས་ལོས་མཐོང་།ཉེ་བའི་ཆར་ཡང་ངོར་མཁན་ཆེན་ངག་དབང་ཡོན་ཏན་རྒྱ་མཚོས་དམ་བསྒྲགས་ཤུགས་ཆེར་གནང་སྟེ།དོལ་རྒྱལ་གྱི་འབུར་བརྙན་མགོ་བོར་རྡོ་རྗེ་མནན་པ་མཛད་དེ་འབུར་བརྙན་ནས་རྔུལ་ཆུ་འཛགས་པའི་ལོ་རྒྱུས་ས་སྐྱའི་ཁྲོད་དུ་ཡོངས་གྲགས་དང་།རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ་ནང་ལའང་པད་མ་ཡེ་ཤེས་རྡོ་རྗེ་མཛད་པའི་དཀོར་བདག་དམ་སྲིའི་གླུད་བསྔོ་བྱ་བར།

ཀྱེེ།།  སྣང་ཞིང་སྲིད་པའི་འབྱུང་པོ་དང་།།

དཀོར་བདག་རྒྱལ་པོ་ཤུགས་ལྡན་དང་།།

གཅོད་པ་ཟླ་བ་སེང་གེ་བཟང་།།

རྒྱལ་འདྲེ་སྦ་དགུ་འཁོར་ཚོགས་དང་།།

སྟི་རྒྱལ་བླ་སྐྱབས་བྲག་འདྲེ་སོགས།།

རྒྱལ་འགོང་འབྱུང་པོ་དམ་སྲི་དང་།།

ཤི་འདྲེ་གསོན་པོ་འདྲེ་ཕོ་མོ་ལ།།

སྒལ་ཚིགས་གླུད་ཀྱི་གཏོར་མ་འདི།།

ཤ་ཁྲག་ལུས་སྲོག་ཚབ་ཏུ་འབུལ།།

བདེན་པའི་ཚིག་གིས་བསྔོ་ཞིང་སྦྱིན།།

བདག་འཁོར་སློབ་བུ་སྦྱིན་བདག་སོགས།།

སྐྱེ་འགྲོར་ནམ་ཡང་གནོད་པ་སྤོང་།།

ཁྲོས་འཁྲུགས་གདུག་རྩུབ་དབྱིངས་སུ་བསྟིམ།།

བྱང་ཆུབ་སེམས་དང་ལྡན་པར་མཛོད་ཅེས་དང་།

མཁྱེན་རྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རང་ཉིད་ཀྱིས་མཛད་པའི་རྒྱལ་པོའི་གླུད་བསྔོ་བསྡུས་པ་ནང་།

ཁྱད་པར་སྙིགས་དུས་ང་རྒྱལ་གྱིས།།

བསྐྱེད་པའི་ཤུ་འདྲེ་རཱ་ཛའི་གཟུགས།།

གཅོད་ལོག་སྔགས་པའི་ཚུལ་འཆང་དང་།།

རྒྱ་འདྲེ་འགོང་པོ་དམ་སྲི་རྣམས།།

གླུད་དང་དཀོར་ཆ་སྔགས་རྒྱ་དང་།།

ཏིང་ངེ་འཛིན་གྱིས་བྱིན་བརླབས་པ།།

མི་འཛད་ནམ་མཁའི་མཛོད་སྤྲུལ་ནས།།

སྦྱིན་གྱིས་དབང་པོ་དྲུག་ཚིམས་ནས།།

ལན་ཆགས་བུ་ལོན་བྱང་གྱུར་ཅིག།

གནོད་འཚེ་གདུག་པའི་སེམས་ཀུན་སྤོང་།།

བྱང་ཆུང་སེམས་དང་ལྡན་པར་ཤོག་ཅེས་དང་།

ཀྱེེ།།  ད་ནི་འདུག་པའི་གནས་མེད་ཀྱི།།

རྒྱལ་ཆེན་རང་གི་གནས་སུ་གཤེགས།།

འབྱུང་པོའི་ཚོགས་རྣམས་རྒྱ་མཚོའི་མཐར།།

སོང་ཞིག་ནམ་ཡང་མ་ལྡོག་ཅིག།

བཀའ་ལས་འདས་ན་རྡུལ་དུ་བརླག་ཅེས་གསལ་བ་ལྟར་ན།

ས་སྐྱ་པ་དང་དགེ་ལྡན་པའི་བསྟན་སྲུང་ལ་མ་གཟིགས་པར་དམ་སྲི་རྒྱལ་འགོང་གླུད་བསྔོ་གནང་བའི་ཡུལ་དུ་འཇོག་གནང་མཛད་འདུག       མ་ཟད་དོལ་རྒྱལ་ས་སྐྱའི་བཀའ་སྲུང་དུ་གཉེར་གཏད་གནང་ཡོད་ན་ཁྲི་འཛིན་རིམ་བྱོན་དང་།དགོན་མ་ལག་གི་ཚོགས་གཞུང་དུ་བསྟེན་གསོལ་གནང་དགོས་པ་ལ་དེ་ལྟར་བྱུང་རིམ་གང་ལའང་མེད།ལྷག་པར་ད་ལྟའི་ཁྲི་འཛིན་སྐྱབས་མཆོག་སྒྲོལ་མ་ཕོ་བྲང་རིན་པོ་ཆེ་རང་ཉིད་ཀྱི་ཞལ་སྔ་ནས་ཀྱང་སྐྱབས་རྗེ་རིན་པོ་ཆེའི་རྩ་བའི་ཡོངས་འཛིན་ངོར་ཁང་གསར་རྡོ་རྗེ་འཆང་དང་།མཁན་ཆེན་ངག་དབང་ཡོན་ཏན་རྒྱ་མཚོ་གཉིས་ནས་དོལ་རྒྱལ་བསྟེན་གསོལ་ལ་མི་དགྱེས་པ་ཆེ་བས་ད་ལྟའི་ཁྲི་འཛིན་ཉིད་ནས་ནམ་ཡང་བསྟེན་གསོལ་གནང་མེད་ལུགས་ཕེབས་གཤིས།

མ་ཟད་ས་སྐྱའི་བླ་མར་གོང་མ་རྣམ་ལྔ་དང་།ཡི་དམ་ཕུར་པ་ཀྱེ་རྡོར།བདེ་མཆོག     གསང་འདུས      འཇིགས་བྱེད།     རྣམ་འབྱོར་མ།     སྲུང་མ་མགོན་པོ་གུར་ཞལ།   ལྷ་མོ་འདོད་ཁམས་མ།     དུར་བདག      ལས་མགོན་པུ་ཏྲ་མིང་སྲིང་ལྔ།     དཀར་བདུད་ཕུར་སྲུང་བཅས་ལས།དོལ་རྒྱལ་བསྟེན་གསོལ་གྲས་སུ་མེད་པ་ཁྱེད་ཚོས་ག་ལ་ཤེས།ད་ལྟའང་ས་སྐྱའི་ནང་སྒེར་པ་རེ་གཉིས་ཡོད་ན་ལས།དེ་བྱིངས་ཀྱི་བསྟེན་གསོལ་བྱེད་མཁན་མེད།དོལ་རྒྱལ་ཁྱོད་ཚོས་བཤད་པ་ལྟར་འཇམ་དབྱངས་རྣམ་རོལ་རྒྱལ་བའི་གོ་འཕང་རྙེད་ཟིན་པ་དང་།པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཐུགས་སྲས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་རྣམ་འཕྲུལ།

རི་བོ་དགེ་ལུགས་ཀྱི་བཀའ་སྲུང་བཅས་ཡིན་ན་རྣམ་སྲས་རྟ་བདག་བརྒྱད་ཀྱིས་དགེ་ལུགས་པའི་གདན་ས་ཆེ་གྲས་བཀྲས་ལྷུན་དགོན་པར་དགའ་གུས་ཀྱིས་སྤྱན་དྲངས་དགོས་པ་ཞིག་ལ།དེ་ལྟར་མ་མཛད་པ་དགོན་ནང་དུ་གཏོང་མི་འོས་པ་བཀག་འགོག་གནང་བའི་རྒྱུ་མཚན་འདི་གང་ལ་ཐུག

སྐྱེས་ཆེན་དམ་པ་སོ་སོས་ལྷ་འདྲེར་མཆོད་གཏོར་རྔན་སྦྱིན་མཛད་སྐབས།དུས་སྐབས་དེ་དང་དེར་དགོས་དབང་གིས་གཞན་གྱི་བསམ་ངོ་དང་བསྟུན་པ་མང་པོ་བྱུང་ཡོད་པ་སྤྱི་མཚུངས་ཤིག་རེད།

 

༢   དུས་ཕྱིས་སྐྱབས་རྗེ་ཕ་བོང་ཁ་པ་དང་།༧གོང་ས་མཆོག་གི་རྩ་བའི་བླ་མ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙོས་དགེ་ལུགས་པའི་བླ་མ་མང་པོས་ཡི་དམ་འདི་ཉིད་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་སྐུ་རྒྱུད་ཡིན་པ་ཞལ་གྱིས་ཆེས་པ་དང་།འདུལ་འཛིན་ཉིད་རྗེ་ཙོང་ཁ་པའི་ཐུགས་སྲས་སློབ་མ་ཡིན་པ་དང་།ཡུ་དམ་འདི་དགེ་ལྡན་རིང་ལུགས་ཀྱི་བཀའ་སྲུང་མཛད་དེ།བསྟོད་པ་མང་པོ་ལྗགས་རྩོམ་མཛད་ཚུལ་སོགས་ཟེར་བའི་སྐོར།

༧གོང་ས་ལྔ་པ་ནས་ད་བར་དགེ་ལུགས་པའི་སྐྱེས་ཆེན་དམ་པ་གནམ་གྱི་ས་བཀབ་པ་ལྟར་སྐྱེས་རབས་ཀྱི་ཕྲེང་བ་འཛིན་པ་བར་མ་ཆད་པ་བྱུང་ཡོད་པ་ཚང་མས་ཤེས་གསལ་བཞིན།དེའི་ནང་ནས་དོལ་རྒྱལ་བསྟེན་གསོལ་གནང་མཁན་སྙན་གྲགས་ཅན་བླ་མ་མཛུབ་རྩེར་གྲངས་བཤེར་ཐེབ་པ་ཙམ་ལས་བྱུང་མེད་པ་འདི་གནད་དོན་གང་ལ་ཐུག་སོམས་དང་།

མ་ཟད་པཎ་ཆེན་བསྟན་པའི་དབང་ཕྱུག་མཆོག་ནས་ཀྱང་དོལ་རྒྱལ་ལ་དྲག་པོའི་སྲེག་སྦྱོར་གྱི་ལས་ཐབས་བརྩམས་པར་མཛད་པ་དང་།སྐབས་དེར་གྲྭ་བ་ཞིག་གིས་དོལ་རྒྱལ་གྱི་ཐང་ག་ཞིག་ཕུལ་བ་སྲེག་རྫས་དང་མཉམ་དུ་བསྲེགས་པར་མཛད་པ་མ་ཚིག་པ་སྲེག་ཐབ་ནས་བཞེས་ཏེ་རྫས་ངན་དུ་མ་དང་བཅས་བཀྲས་ལྷུན་གཟིམ་ཆུང་གི་སྒོ་ཐེམ་འོག་ཏུ་མནན་པར་མཛད་ཚུལ་དོལ་རྒྱལ་བསྟོད་འགྲེལ།ཕ་རྒོད་བླ་མའི་ཞལ་གྱི་བདུད་རྩི་ཞེས་པ་ལས་གསལ་ཞིང་།

འདི་སྐོར་ད་དུང་ནན་ཞིབ་ཀྱིས་བརྗོད་ན།མེ་བྱི་ཕྱི་ལོ་༡༩༣༥ལོར་སྐྱེ་རྒུ་མདོར་རྗེ་ཕ་བོང་ཁ་པ་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་ཉི་མ་མཇལ་འཕྲད་སྐབས།པཎ་ཆེན་རིན་པོ་ཆེ་ནས་རྗེ་ཕ་བོང་ཁ་པར་ཉིད་འདུལ་འཛིན་བློ་གྲོས་སྦས་པའི་སྐུ་སྐྱེ་ཡིན་པས་བཀྲིས་ལྷུན་པོར་ཁྱེད་ལ་དགའ་གུས་རང་ཤུགས་ཀྱིས་འབྱུང་བས་དེར་བྱོན་ནས་གསུང་ཆོས་རྒྱ་ཆེ་སྩལ་དགོས་པ་དང་།པཎ་ཆེན་གོང་མས་མནན་པ་མཛད་པའིི་ཆོས་སྐྱོང་གི་ཞལ་ཐང་དེའང་ཕྱིར་འདོན་གནང་དགོས་པའི་བཀའ་མངགས་སྩལ།

རྗེས་སུ་ལྕགས་འབྲུག་ཕྱི་ལོ་༡༩༤༠ལོར་རྗེ་ཕ་བོང་ཁ་པ་བཀྲས་ལྷུན་དུ་བྱོན་ནས་སེར་སྐྱ་འདུས་པ་ཆེན་པོར་ལམ་རིམ་སོགས་གསུང་ཆོས་མང་པོ་སྩལ་ཁར།རྫས་ངན་གྱི་སྦག་པའི་དོ་རྒྱལ་གྱི་ཐང་ག་དེའང་འདོན་གནང་མཛད་དེ་བསྟེན་གསོལ་གྱི་སྲོལ་སྐྱར་དུ་བཙུག       འོན་ཀྱང་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཡོངས་འཛིན་ཨང་ཉི་མ་ནས་སླར་ཡང་དམ་བསྒྲགས་ནན་ཆེ་གནང་བའི་ལོ་རྒྱུས་ཡོངས་གྲགས།

ཡང་༧རྒྱལ་དབང་སྐུ་ཕྲེང་བརྒྱུད་པ་འཇམ་དཔལ་རྒྱ་མཚོས་མཛད་པའི་ཡོངས་འཛིན་པཎཌི་ཏ་ཆེན་པོ་རྗེ་བཙུན་ཡིེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་སྐུ་གསུང་ཐུགས་ཀྱི་རྟོགས་པ་བརྗོད་པ་ཐུབ་བསྟན་པད་མི་འབྱེད་པའི་ཉིན་བྱེད་ཅེས་པའི་ནང་།(སྐབས་ཤིག་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ནས་ལྷ་ལྡན་རྨེ་རུའི་གཙུག་ལག་ཁང་དུ་སྤྲུལ་སྐུ་ཆེ་ཕྲ་མང་པོ་དང་།སེ་འབྲས་དགའ་གསུམ།རྒྱུད་གྲྭ་སྨད་སྟོད་ཀྱི་བླ་མ།ཁྲི་གདན་ཟུར་ཚང་མ།དགེ་བའི་བཤེས་གཉེན་བཀའ་རབ་འབྱམས་སྨྲ་བ་ཉིས་སྟོང་ལྷག་ཙམ་འདུས་པ་ལ་ཤེར་ཕྱིན་བརྒྱད་སྟོང་པའི་ཟབ་བཤད་ཤིན་ཏུ་རྒྱས་པ་ཞིག་སྩལ་བའི་མཇུག་ཏུ་བཀའ་སློབ་གནང་བར།

ཆོས་སྐྱོང་ཡང་ཆོས་སྐྱོང་གི་མིང་བཏགས་པ་ཙམ་གྱིས་མི་ཡོང་།རྗེ་ཐམས་ཅད་མཁྱེན་པའི་བཀའ་སྡོད་ཐུན་མོང་མ་ཡིན་པ་མགོན་ཆོས་རྣམ་སྲས་གསུམ་གྱིས་ཆོག

དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་རིགས་བསྡུས་ན་དེ་བཞིན་གཤེགས་པ་དང་།རྡོ་རྗེ་དང་པད་མའི་རིགས་གསུམ་དུ་འདུ།དེ་གསུམ་ཁྲོས་པ་ནི།ཆོས་རྒྱལ།རྣམ་སྲས།མགོན་པོ་རྣམས་ཡིན།དེ་ཡང་ལས་རྒྱུ་འབྲས་ཀྱི་སྤང་བླང་གཙོ་བོར་སྟོན་པ་སྐྱེས་བུ་ཆུང་ངུའི་ལམ་གྱི་ཆོས་སྐྱོང་ནི་དགེ་སྡིག་ཤན་འབྱེད་དམ་ཅན་ཆོས་ཀྱི་རྒྱལ་པོ་ཡིན།ལྷག་པའི་བསླབ་པ་གསུམ་གཙོ་བོར་སྟོན་པ་སྐྱེས་བུ་འབྲིང་གི་ལམ་གྱི་ཆསོ་སྐྱོང་ནི་རྒྱལ་ཆེན་རྣམ་ཐོས་སྲས་ཡིན།བྱང་ཆུབ་གྱི་སེམས་སྒོམ་པའི་མན་ངག་གཙོ་བོར་སྟོན་པའི་སྐྱེས་བུ་ཆེན་པོའི་ལམ་གྱི་ཆོས་སྐྱོང་ནི་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཡིན་པས་དེ་གསུམ་གྱི་མིག་ཆོག་པའི་ཆོས་སྐྱོང་གང་ཡང་མེད།)ཅེས་དང་།

ཡང་།     དེའི་འཕྲོས་ནས་བཀའ་སློབ་ནན་ཆེན་ཕེབས་དགོངས་ལ།(བཀྲ་ཤིན་ལྷུན་པོ་བ་ལ་ཆོས་སྐྱོང་གསར་བ་འདིས་ཕུང་ལ་འདེབས་ཀྱིན་ཡོད་པས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གང་བསྟེན་པའི་ཆོས་སྐྱོང་དེས་ཆོག       དེ་མིན་གྱི་འདྲེ་ངན་གསར་དུ་བསྟེན་ན་མི་ལེགས་པའི་གཞི་ཆེན་པོ་བྱས་འགྲོ་བས་ཁྱེད་ཅག་ཐམས་ཅད་ཀྱིས་དེ་ལ་ནན་ཏན་བྱེད་དགོས་སོ་ཞེས་ཐུགས་ཉེའི་བཀའ་སློབ་མང་དུ་གནང་)ཞེས་འཁོད་འདུག           དོལ་རྒྱལ་དགེ་ལྡན་པའི་བསྟན་སྲུང་དང་།འཇམ་དབྱངས་ཀྱི་རྣམ་རོལ་ཡིན་ནན་དགེ་ལྡན་པའི་སྐྱེས་ཆེན་ཚད་ལྡན་པཎ་ཆེན་བསྟན་པའི་དབང་ཕྱུག་ལྟ་བུས་དོལ་རྒྱལ་གྱི་ཐང་ག་སྒོམ་ཐེམ་འོག་མནན་མཛད་པ་ག་ལ་སྲིད།ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ནི་རི་བོ་དགེ་ལུགས་པའི་རིང་ལུགས་གཙང་མར་སྐྱོང་བའི་ཡོངས་འཛིན་གྲགས་ཚད་ལྡན་གྱི་ཞྭ་སེར་ཅོད་པན་འཆང་བའི་སྐྱེས་ཆེན་བསམ་གྱིས་མི་ཁྱབ་པ་ཞིག་ཡིན།འདིས་ཀྱང་དོལ་རྒྱལ་བསྟན་སྲིད་ཕུང་ལ་འདེབས་མཁན་དང་།འདྲེ་ངན་དུ་ངོས་འཛིན་མཛད་བབ་ལས།དཔལ་རྒྱལ་དགེ་ལུགས་པའི་བཀའ་སྲུང་ཡོངས་གྲགས་རྩོད་མེད་ཡིན་མིན་རྣམ་འབྱེད་ཀྱི་ཤེས་རབ་ཅན་སུས་ཀྱང་རྟོགས་ཐུབ་པ་འདི་ཡིན།

སྐྱེས་ཆེན་འདི་གཉིས་ཀྱིས་དོལ་རྒྱལ་ཡི་དམ་གྱི་ལྷར་སྐྱབས་སུ་འཛིན་མེད་པས་སྐྱབས་འགྲོ་སྟོང་ཞེས་འུད་སྒྲོག་བྱས་ན་སུ་ཞིག་གིས་ཡིད་ཆེས་བྱེད།

གཞན་ཡང་དགེ་ལྡན་ཁྲི་རབས་རིམ་བྱོན་རྣམས་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཀྱི་ངོ་བོར་ཁྲི་ཐོག་བརྒྱ་བར་བྱུང་ཡོད།དོལ་རྒྱལ་དགེ་ལུགས་པའི་བསྟན་སྲུང་ཡིན་ན་དགེ་ལུགས་པའི་སྐྱེས་ཆེན་སྤྱི་དང་།ལྷག་པར་དགེ་ལྡན་བསྟན་པའི་སྲོག་ཤིང་ཁྲི་ཐོག་རིམ་བྱོན་ནས་བསྟེན་གསོལ་གནང་དགོས་པ་ལ་བསྟེན་གསོལ་མཛད་མཁན་རེ་ཟུང་ལས་མ་བྱུང་བ་དེས་ན་དགེ་ལྡན་ཁྲི་ཐོག་རྣམས་ཀྱིས་རང་གི་རང་ལུགས་སྐྱོང་བའི་བསྟན་སྲུང་ངོ་མ་མ་མཁྱེན་པའི་སྐུར་འདེབས་འཁྱོག་བཤད་སུས་ནུས།

ལྷག་པར་ཐུའུ་བཀྭན་ཆོས་ཀྱི་ཉི་མས་ལྗགས་རྩོམ་མཛད་པའི་ལྕང་སྐྱ་རོལ་བའི་རྡོ་རྗེའི་མཛད་རྣམ་ནང་།དགེ་ལྡན་ཁྲི་ཐོག་འགས་དོལ་རྒྱལ་བསྟེན་གསོལ་མཛད་པས་མི་ཤིས་པའི་མཚན་མ་བྱུང་བ་དང་།དེ་དབང་གིས་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་དོལ་རྒྱལ་གྱི་རྟེན་མཁར་བཤིགས་ནས་དགོན་ནང་ནས་སྒྲོལ་བར་མཛད་པ་སོགས་དམ་བསྒྲགས་ཤུགས་ཆེར་གནང་ཚུལ་འཁོད་ཅིང་།ཐུའུ་བཀྭན་ཆོས་ཀྱི་ཉི་མ།ལྕང་སྐྱ་རོལ་བའི་རྡོ་རྗེ།ཁྲོ་ཆེན་ངག་དབང་མཆོག་ལྡན་བཅས་རྩོད་མེད་ཡོངས་གྲགས་ཀྱི་དགེ་ལྡན་རང་ལུགས་འཛིན་པའི་སྐྱེས་ཆེན་འདི་རྣམས་དགེ་ལྡན་སྐྱེས་ཆེན་གྲས་ནས་འབུད་རྒྱུ་དང་།ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་ཐུགས་རྒྱུད་ལ་སྐྱབས་འགྲོས་སྟོང་ཞེས་ནམ་ཡང་བརྗོད་མི་རུང་།

ང་ཚོས་ལོ་རྒྱུས་དང་དངོས་དོན་ཁྱོན་ཡོངས་ལ་ཕྱི་མིག་བལྟ་དགོས་པ་ལས་གྱ་ཚོམ་འུད་སྒྲོག་གི་རྗེས་སུ་འབྲངས་ན་མི་འགྲིག །

༧སྐྱབས་མཆོག་ཕ་བོང་ཁ་པ་ཡབ་སྲས་མ་བྱོན་བར་ལོ་བརྒྱ་ཕྲག་རིང་དཔལ་ལྡན་ས་སྐྱ་པའི་སྐྱེས་མཆོག་དམ་པ་རྣམས་དང་།རི་བོ་དགེ་ལྡན་པའི་སྐྱེས་མཆོག་དམ་པ་རིམ་བྱོན་ནས་དོལ་རྒྱལ་རྗེ་རིན་པོ་ཆེའི་ཐུགས་སྲས་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་སྐུ་སྐྱེ་ཡིན་པ་མ་གཟིགས་པར།ད་དུང་དོལ་རྒྱལ་ལ་འབྱུང་པོ་དང་།དམ་སྲི།འདྲེ་ངན་དུ་གཟིགས་པའི་གནས་འདིར་བློ་གྲོས་ཀྱིས་ཞིབ་ཏུ་དཔྱོད་དགོས།

 

༣  བོད་མིས་རྩ་ཆེའི་ཡི་དམ་འདི་ཉིད་བསྟེན་གསོལ་བྱེད་རྒྱུ་བྱུང་བ་སྐལ་བ་བཟང་ཞིང་།ཡིན་ནའང་༧གོང་ས་ལྔ་བ་མཆོག་དང་།བླ་མ་འགའ་ཤས་ནས་དགེ་ལྡན་རིང་ལུགས་ལ་དད་མོས་བྱེད་རྒྱུར་མཐོ་འཚམས་དང་འབྲེལ་ཡི་དམ་འདི་སྐོར་རྫུན་བསྒྲགས་བྱས་ནས་བོད་མི་རྣམས་མགོ་བོ་རྨོངས་སུ་བཅུག་ཚུལ་ཟེར་བའི་སྐོར།

 

༧གོང་ས་ལྔ་བ་ཆེན་པོ་མཆོག་གིས་བསྟན་པ་ཐམས་ཅད་འགལ་མེད་དུ་གཟིགས་ཏེ་རིས་མེད་ཆོས་བརྒྱུད་ཀུན་ལ་དག་སྣང་དད་མོས་ཉམས་བཞེས་གནང་ཞིང་།ལྷག་པར་རི་བོ་དགེ་ལུགས་པའི་བསྟན་པའི་སྙིང་བོ་འཛིན་པར་ཟླ་དང་བྲལ་བའི་ཚད་ལྡན་གྱི་སྐྱེས་ཆེན་བསམ་གྱིས་མི་ཁྱབ་པ་ཞིག་ང་ཅག་བོད་འབངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ།གང་གི་གསུང་རྩོམ་གསང་བ་རྒྱ་ཅན་ཕུད་པོད་གྲངས་༢༨ཡོད་པ་ནས་དགེ་ལྡན་རིང་ལུགས་ཀྱི་ལམ་གྱི་རིམ་པའི་གནད་སྟོན་པ་འཇམ་དཔལ་ཞལ་ལུང་བཅས་དེང་སྐལ་ལྡན་གདུལ་བྱས་ཐོས་བསམ་སྒོམ་སྒྲུབ་བྱེད་པའི་བསོད་ནམས་ཀྱི་དཔལ་དུ་འཐོབ་བཞིན་པ་དང་།འདི་ལྟ་བུའི་ཚད་ལྡན་བླ་མར་སྐུར་འདེབས་མཚན་སྨད་ཞུ་བློ་ཤར་བ་འདི་མི་དགེ་བའི་བཤེས་གཉེན་གྱི་དྲིན་དུ་འཚོར་རྒྱུ་ལས་གཞན་ཅི་ཞིག་ཡོད།གོང་ས་ལྔ་བ་ཆེན་པོས་དོལ་རྒྱལ་སྐོར་རྫུན་བསྒྲགས་གནང་སྟེ་བོད་མི་རྣམས་མགོ་བོ་རྨོངས་སུ་འཇུག་གནང་མ་དགོས་པ་དོལ་རྒྱལ་རང་ཉིད་གནས་པའི་རྟེན་གཞི་ཙམ་ཡང་མེད་པར་ས་སྐྱར་སྐྱབས་བཅོལ་བར་འགྲོ་དགོས་བྱུང་བའི་ལོ་རྒྱུས་གོང་དུ་བརྗོད་པ་ལྟར་ཡོངས་གྲགས་རེད།

 

 

༤   ༧གོང་ས་ལྔ་པ་ཆེན་པོས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ལ་སྡང་ཟུག་གིས་ནོར་འཁྲུལ་ཚབས་ཆེ་བཟོས་པ་ཤེས་རྟོགས་བྱུང་ཚུལ།སྤྲུལ་སྐུ་གྲགས་པ་རྒྱལ་མཚན་བླ་མ་སྐྱེས་ཆེན་དང་།འཇམ་དབྱངས་རྣམ་རོལ་ཡིན་ཅིང་།ཁོང་༧གོང་ས་ལྔ་པའི་བཀའ་བློན་ཞིག་ནས་བཀྲོངས།དེ་རྗེས་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་གྱི་རྣམ་པར་རོལ།ཐོག་མར་ཁོང་གནོད་འཚེ་ཅན་ཞིག་ཏུ་ཡིད་ཆེས་བྱས་ཏེ།༧གོང་ས་ལྔ་པ་དེས་གནོད་འཚེ་འབྱུང་དོགས་ཀྱིས་འཇིགས་རྔམ་གྱིས་རྙིང་མའི་བླ་མ་འགའ་ཞིག་ལ་འདི་ཉིད་འདུལ་ཐབས་དགོས་པའི་འབྲེལ་བ་བྱས།རྙིང་མའི་བླ་མ་དེ་དག་ནས་ངན་སྔགས་ཀྱི་འདུལ་ཐབས་བྱས་ཀྱང་རྡོ་རྗེ་ཤུགས་ལྡན་སངས་རྒྱས་དངོས་ཡིན་སྟབས་གླགས་མ་རྙེད།རིམ་པས་༧གོང་ས་ལྔ་པས་སྐྱོན་ནོར་བྱུང་བ་མཁྱེན་ནས་བཤགས་པ་དང་འབྲེལ་ཡིད་ཆེས་བློས་འགེལ་དང་།དེའི་དམིགས་བསལ་བསྟོད་པའང་མཛད་དེ་བསྟོད་པ་འདི་ཉིད་དེང་སང་ང་ཚོའི་མཐོང་ཆོས་སུ་ཡོད་སོགས་ཟེར་བའི་སྐོར།

 

 

༧རྒྱལ་མཆོག་ལྔ་པ་ཆེན་པོས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ལ་སྡང་ཟུག་གནང་ལུགས་ཟེར་བ་གཏན་ནས་བདེན་པ་མིན།ཁོང་རྣམ་གཉིས་ཀྱི་འབྲེལ་བའི་སྐོར་གཞན་དག་གི་ཟེར་རྗེས་སུ་འབྲངས་མ་དགོས་པར་དོན་གྱི་བདག་པོ་ངོ་མ་རྣམ་གཉིས་སོ་སོས་མཛད་པའི་རང་རྣམ་ལ་རྩ་འཛིན་གྱིས་ཐག་གཅོད་བྱེད་ཐུབ།

༧རྒྱལ་མཆོག་ལྔ་པ་ཆེན་པོའི་རང་རྣམ་དུ་ཀུ་ལའི་གོས་བཟང་ནང་སྤྲུལ་སྐུ་གྲགས་རྒྱན་ལ་གཟིགས་པ་མི་དགེ་བའི་གནས་ཚུལ་གླེང་ཟུར་ཙམ་མེད་ཁར་སྤྲུལ་སྐུ་དགོངས་པ་མ་རྫོགས་པའི་ཉིན་ཉེར་བཞིའི་སྔོན་དུ་རྒྱལ་དབང་དགེ་འདུན་རྒྱ་མཚོའི་གསུང་འབུམ་གྱི་ལྗངས་ལུང་ཆ་ཚང་སྩལ་བ་གསལ་ཞིང་།སྤྲུལ་སྐུ་གྲགས་རྒྱན་གྱི་རང་རྣམ་ནང་།༧རྒྱལ་མཆོག་ལྔ་པ་ཆེན་པོ་རྩ་བའི་བླ་མར་བཟུང་སྟེ་དད་མོས་གུས་བཀུར་གསོལ་འདེབས་དུས་ཀུན་ཏུ་གནང་བ་དང་།བཀའ་ཆོས་རིགས་ལ་ཡང་ལྔ་པ་ཆེན་པོས་དམིགས་བསལ་གྱི་གསུང་འབོད་གཟིགས་བསྐྱངས་སྔ་ཕྱིར་གནང་བས་རབ་དགའི་ས་ཐོབ་ལྟ་བུའི་དགའ་བ་བྱུང་ཚུལ་འཁོད་པ་སོགས་གྲགས་རྒྱན་གྱི་རང་རྣམ་དང་།གསུང་རྩོམ་ཁག་ལ་གཞིགས་ན།༧རྒྱལ་མཆོག་ལྔ་པ་ཆེན་པོ་དང་།སྤྲུལ་སྐུ་གྲགས་རྒྱན་གཉིས་བླ་སློབ་དམ་གཙང་དུ་བཞུགས་པ་ལས་ཐུགས་མི་མཐུན་པ་བྱུང་བའི་ལོ་རྒྱུས་གཏན་ནས་འཁོད་མེད།དོལ་རྒྱལ་འཇམ་དབྱངས་ཀྱི་རྣམ་རོལ་ཡིན་པ་དོལ་རྒྱལ་ལ་མོས་པའི་བླ་མ་འགས་གསུངས་པ་ཙམ་ལས་འདི་ཉིད་དེ་ལྟར་ཡིན་པ་ས་དགེའི་སྐྱེས་ཆེན་གྱི་ཁྲོད་ན་རྩོད་མེད་ཡོངས་གྲགས་མ་བྱུང་བའི་རྐྱེན་གྱིས་དུས་ད་ལྟ་བར་གླེང་རྙོག་འདི་བྱུང་བ་ཡིན།

སྤྲུལ་སྐུ་གྲགས་རྒྱན་༧གོང་ས་ལྔ་པའི་བཀའ་བློན་གྱིས་བཀྲོངས་ཚུལ་གྱི་ཁུངས་སྐྱེལ་སྐབས་དེ་དང་དེའི་དུས་ཀྱི་ཡིག་ཆ་གང་དུའང་མེད།རང་རྣམ་དུ་ཀུ་ལའི་གོས་བཟང་ནང་།(ཚེས་༡༨ལ་གཟའ་འཛིན་འདུག་པ་དང་བསྟུན་མ་ཤའི་ལས་སྦྱོར་བྱ་རྩིས་ཀྱིས་ཚེས་༡༡ནས་བསྙེན་མཚམས་ཤིན་ཏུ་དམ་པར་བཅད་དེ་འཇམ་དཀར་གྱི་བཟླས་བརྗོད་བཙུགས་པ་ཚ་རྟིང་ཁར་རང་དབང་བྲལ་བའི་གཉིད་ཀྱིས་ནོན་པར་རེ་ཞིག་ཐུན་བཞག་སྟེ་ཁམས་གསེང་བའི་ཐབས་འདྲ་བྱས།ཇའི་སང་སྡེ་པར་ཕྱི་དྲོ་ད་ལྟའི་འདི་འདྲ་མིན་ཙམ་བྱུང་ན་མ་གཏོགས་དགེ་སྦྱོར་ཚད་ལྡན་མི་ཡོང་བ་སྣང་ཞེས་གླེང་བརྗོད་ཀྱང་བཏང་།

དེའང་སྤྲུལ་པའི་སྐུ་གཉན་ཚད་ཀྱིས་བཟུང་བར།མཚམས་ལས་ཧར་འདོན་བྱས་ཏེ་གཟིམ་ཁང་གོང་དུ་ཕྱིན།མགོན་པོའི་རྗེས་གནང་བར་ཆད་ཀུན་སེལ་ཕུལ་ཀྱང་འབྱུང་པོ་ཞིག་གིས་བརླམས་པས་ཐུགས་དྲན་མི་ཟིན་འདུག་པས་ཕན་ཐོགས་མེད་པའི་ཚེས་༡༣གྱི་རྟིང་ཁར་ཞིང་བརྗེས་སྣང་།སྔ་དྲོ་སྔར་མ་གྲགས་ཀྱི་གཉིད་ལ་འགྲོ་བའང་དེ་ནུབ་རྗེས་གནང་བྱེད་དགོས་པའི་གདོན་གྲིབ་ཀྱི་ལྷོངས་སུ་འདུག)ཅེས་གྲགས་རྒྱན་གཤེགས་ཚུལ་༧རྒྱལ་མཆོག་ལྔ་པ་ཆེན་པོའི་གསུང་ངོ་མའི་ནང་དེ་ལྟ་བུའི་ཞལ་གསལ་འཁོད་པ་རྩིས་མེད་དུ་དོར་ཏེ།

བཀའ་བློན་གྱིས་བསད་ཚུལ་སྨྲས་པར་བདེན་འཛིན་བྱ་ཐབས་ཡོད་མེད་གཟུར་གནས་སྐྱེ་བོ་ཀུན་གྱིས་དཔྱོད་པར་འོས།

དོལ་རྒྱལ་འཇམ་དབྱངས་ཀྱི་རྣམ་རོལ་དགེ་ལྡན་བསྟན་སྲུང་ཡིན་ན་དགེ་ལྡན་ཁྲི་ཐོག་རིམ་བྱོན་སོགས་བླ་མ་སྐྱེས་ཆེན་མང་པོས་བསྟེན་གསོལ་མཛད་དགོས་པ་ལ།དེ་ལྟར་མ་མཛད་པ་གོང་དུ་འཁོད་པ་ལྟར་དང་།ལར་ནས་དོལ་རྒྱལ་འཇམ་དབྱངས་ཀྱི་རྣམ་རོལ་དགེ་ལྡན་བསྟན་སྲུང་ཡིན་ན།

བསྟན་པ་སྤྱི་དང་།བྱེ་བྲག་དགེ་ལྡན་པའི་བསྟན་པ་ལ་སྡང་ཟུག་ཅན་རྣམས་ཚར་གཅོད་དགོས་པ་ལ་དེ་ལྟར་བྱས་པའི་ལོ་རྒྱུས་མེད།དེ་ལས་ལྡོག་སྟེ་དགེ་ལྡན་སྐྱེས་ཆེན་ཚད་ལྡན་བཅུ་བཀྲོངས་པའི་ལོ་རྒྱུས་ཕ་རྒོད་བླ་མའི་ཞལ་གྱི་བདུད་རྩིའི་ནང་འཁོད་འདུག           ཚང་གཅོད་ཐུབ་དང་མི་ཐུབ་ཀྱང་སྙིགས་མ་ལྔ་བདོའི་གནས་སྐབས་འདིར་ལྷ་དར་སར་བདུད་དར་ཟེར་བའི་དཔེ་ལྟར་སྤྱི་མཐུན་བསོད་ནམས་ལས་སྨོན་ལ་ལྟོས་ཚབས་ཆེ་ཞིང་།ཚར་གཅོད་མི་ཐུབ་པའམ།མ་འདུལ་བ་ཙམ་གྱིས་སངས་རྒྱས་ཡིན་པ་ག་ལ་སྒྲུབ་ནུས།ལར་ནས་དོལ་རྒྱལ་བསྐྲད་མ་ཐུབ་པའི་མཐུ་ནུས་ལྡན་པ་ཞིག་མིན་པ་ཁྱེད་ཚོ་རྗེས་འབྲངས་དང་བཅས་པ་ནས་ཁས་འཆེས་འདུག་པ་སྟེ།

ངོར་ཕན་བདེ་ལྷག་བསམ་བློ་གྲོས་རྒྱ་མཚོས་བྲིས་པའི་ཡིག་ཆ་འགྲེམས་བཀྲམས་བགྱིས་པའི་ནང་།འགྲོ་མགོན་དབང་སྡུད་སྙིང་པོས་དྲག་པོའི་ལས་སྦྱོར་གྱིས་སྒྲོལ་བར་མཛད་རྒྱུའི་སྐབས།དོལ་རྒྱལ་གྱིས་རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མའི་སྐུ་མདུན་དུ་བཅར་ནས་སྐྱོབ་རྒྱུའི་རོགས་མགོན་ཞུས་སྟབས།ཀུན་སྡུད་སྙིང་པོས་རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མའི་སྐུ་མདུན་དུ་བཅར་ནས་སྐྱོབ་རྒྱུའི་རོགས་མགོན་ཞུས་སྟབས།

ཀུན་སྡུད་སྙིང་པོས་རྗེ་བཙུན་མའི་ཞུ་ངོ་ལ་གཟིགས་ཏེ་སྔར་བཞིན་འཇོག་གནང་མཛད་པ་གསལ་ཡོད་ཅེས་འཁོད་འདུག་པས།རང་གི་རང་ལ་འགལ་འདུའི་ཕུང་པོ་བསྒྲིགས་ནས་གཞན་ལ་འུར་སྒྲོག་བྱེད་པའི་སྨྲ་བ་ཉུང་དུ་བྱས་ན་མི་མཛེས་སམ།

གཞན་ཡང་བསྟན་པ་ལ་གནོད་ཚབས་ཅན་གྱི་དམ་ཉམས་རྒྱལ་འགོང་རྒྱ་འདྲེ་མང་དག་དོལ་རྒྱལ་གྱིས་ཚར་བཅད་ཐུབ་མེད་པས་དེ་དག་ཚང་མ་སངས་རྒྱས་ཡིན་ཞེས་ཟེར་རྒྱུ་ཡིན་ནམ།

 

ལྷག་པར་༧རྒྱལ་མཆོག་ལྔ་པས་དོལ་རྒྱལ་བསྟོད་པ་ལྗགས་རྩོམ་མཛད་ཡོད་ན་གསུང་འབུམ་དཀར་ཆག་ནང་ཡོད་དགོས་པ་ལས་དེ་ལྟར་མིག་ལྡན་གཟུར་གནས་སུས་བཙལ་ཀྱང་རྙེད་དུ་མེད་པའི་བསྟོད་པ་འདི་འབྱུང་ཁུངས་གང་ཡིན་སྟོན་དགོས།

མ་ཟད་༧གོང་ས་ལྔ་པས་གླགས་མ་རྙེད་པར་མཐར་དོལ་རྒྱལ་བསྟེན་གསོལ་གནང་ཚུལ་རྟོག་བཟོའི་བབ་ཅོལ་ལས་ཁུངས་གང་ཡང་མེད།གོང་དུ་བརྗོད་པ་ལྟར་རན་འཚམས་གྱི་གཏོར་རྔན་སྐལ་རྫོང་མཛད་པ་དེ་ཡང་།ས་སྐྱས་དེ་ལྟར་མཛད་པའི་རྗེས་ལ་དོལ་རྒྱལ་ནས་གནོད་འཚེ་བྱས་རྐྱེན།༧གོང་ས་ལྔ་པས་སྐྱེ་འགྲོར་གནོད་འཚེ་འགོག་ཕྱིར་ཞི་བའི་འདུལ་ཐབས་གནང་ཞིང་།དེ་རྗེས་གནོན་སྲེག་འཕངས་གསུམ་གྱི་དྲག་ལས་གནང་བ་ཞིག་ཡིན།

 

ལར་ནས།དོལ་རྒྱལ་ནི།འཇམ་དབྱངས་ལྟ་ཅི།དགེ་ལྡན་བསྟན་སྲུང་ཙམ་ཡང་མིན་པ་ནི།ཆོས་རྒྱལ་གཏེར་བདག་གླིང་པས།དོལ་རྒྱལ་ཟེར་བ་ནི་གཟིམ་ཁང་གི་སྤྲུལ་སྐུ་རང་མིན་པ་འདྲ།ཡར་སྟོད་དུ་སྐྱེས་པའི་ཀརྨ་པའི་གྲྭ་པ་དམ་ལོག་གཞུང་རང་ལ་ཆེད་དུ་བསམ་ནས་སྨོན་ལམ་ལོག་པར་བཏབ་པ་ཞིག་ཡིན་པ་འདྲ་ཞེས་གསུངས་པའི་གནད་དོན་འདི་དག་དཔྱད་གཞི་ཤིན་ཏུ་ཆེ།

 

 

 

༥    ༧གོང་ས་ལྔ་པས་ཐོག་མར་རྡོ་རྗེ་ཤུགས་ལྡན་ངོས་ལེན་མ་བྱས་ཀྱང་།དེ་རྗེས་བློ་གཏད་བཅོལ་ཡུལ་མཛད་པ་དང་།སྐུ་ཕྲེང་བཅུ་བཞི་པ་ཁྱེད་རང་རྒྱལ་དབང་ལྔ་པ་དང་འགལ་ཕྱོགས་འཛིན་པར་མ་ཟད།དང་པོ་བློ་གཏད་བཅོལ།ད་ཆ་ངོས་ལེན་མེད་སྐོར་སོགས་འཁོད་པ་དང་།

ཡང་།   ཁྱེད་རང་རྗེ་དགེ་འདུན་གྲུབ་དང་མི་འདྲ་བའི་ཁར།སྐུ་ཕྲེང་གཉིས་པ་གསུམ་པ།བཞི་པ་དང་ཡང་མི་འདྲ་ཞིང་།དེ་བཞིན་སྐུ་ཕྲེང་གཞན་དང་དྲུག་པ་ནས་བཅུ་གསུམ་བར་མི་འདྲ་བ་འགལ་ཕྱོགས་འཛིན་མཁན་རེད་ཅེས་ཟེར་བའི་སྐོར།

 

༧རྒྱལ་དབང་ལྔ་པས་དོལ་རྒྱལ་ལ་བློ་གཏད་བཅོལ་བར་མཛད་ཡོད་མེད་བློ་གྲོས་ཀྱི་མིག་ཡོད་ན།ཁུངས་ལྡན་ལོ་རྒྱུས་འདི་དག་ལ་བལྟས་ན་ཤེས།༧རྒྱལ་མཆོག་ལྔ་པའི་གསང་བ་རྒྱ་ཅན་ནང་།(ཨོ་རྒྱན་གཙོ་འཁོར་གསུམ་གྱི་འདི་སྐད་བསྟན་ས་ཚོ་ལག་ཏུ་ཁོལ།བར་གཅོད་བཟློག་པ་ལ་འཆར་ཀ་དང་གདུགས་དཀར་གྱི་མདོས་སྐོར་བྱེད།སྔགས་རྒོད་ལོག་ཏྲི་སྒྲུབ།འབྲས་སྤུངས་ཀྱི་གཟིམ་ཁང་གོང་གི་ཤུལ་དུ་སྦྱིན་སྲེག་ལྡུགས།)ཞེས་དང་།

གྲི་གུག་ཐོད་ཁྲག་ཟུང་འཇུག་ཁུངས་སུའང་(ས་མོ་བྱ་ལོའི་གནམ་ལོ་གསར་ཚེས་ལ་འབྲས་སྤུངས་བུ་བུད་མེད་ནག་མོ་རི་བོ་ཙམ་པ་བ་ཞིག་གིས་ཞབས་གཡས་གཟིམ་ཁང་གོང་གི་སྟེང་དང་།གཡོན་ཆོས་འཁོར་གླིང་གི་སྟེང་དུ་བཞག་ནས་ནན་བྱས་པས་ཐལ་བ་བུན་བུན་སོང་བ་ཞིག་བྱུང་།)ཞེས་གསལ་འདུག་པ་ལྟར་གོང་ས་ལྔ་པས་སྔ་རྗེས་གང་ལའང་དོལ་རྒྱལ་ལ་བློ་གཏད་སྙིང་བཅོལ་གནང་དང་གནང་མིན་ལོ་རྒྱུས་འདི་དག་ནས་གསལ་པོར་ཤེས་ནུས།

 

ལྷག་པར་སྐུ་ཕྲེང་བཅུ་བཞི་པ་ཁྱེད་རང་རྒྱལ་དབང་ལྔ་པ་དང་།འགལ་ཕྱོགས་འཛིན་པ་མ་ཟད།དང་པོ་བློ་གཏད་བཅོལ།ད་ཆ་ངོས་ལེན་མེད་སྐོར་ཟེར་བ་འདི་ཐད།སྔ་ཕྱིའི་བྱུང་རིམ་དང་།དགག་ཆ་དགོས་པའི་དོན་གནད་ལ་མ་བསམ་པའི་བབ་ཅོལ་ཏེ་༧གོང་ས་མཆོག་ནས་ཐོག་མར་རྒྱལ་ཆེན་བསྟེན་གསོལ་གནང་བའི་ལོ་རྒྱུས་དམ་པའི་རྣམ་ཐར་བསྐྱངས་ཏེ་སྦས་གསང་མཛད་པ་གསལ་རྗེན་བཀའ་སློབ་ཕྱག་དེབ་ནང་འཁོད་ཡོད་པ་ལྟར་དང་།དེ་རྗེས་རྒྱུ་རྐྱེན་གནད་དོན་ཇི་སྙེད་བྱུང་བར་བརྟེན་ལོ་བསྟུད་བརྟག་ཐབས་དུ་མ་མཛད་དེ།བརྟག་དོན་རྣམས་རྩེ་མཐུན་ནས་དོལ་རྒྱལ་བསྟེན་གསོལ་གནང་རྒྱུ་འདི་བོད་བསྟན་སྲིད་འཕྲལ་ཕུགས་ཀྱི་བདེ་རྩར་ཕན་མེད་གནོད་གཞི་ཅན་དུ་གཟིགས་ཏེ་མཐར་མཚམས་འཇོག་གནང་ཞིང་།འདི་སྐོར་སྔ་ཕྱིའི་བྱུང་རྐྱེན་དང་བཅས་པ་བཀའ་སློབ་ནང་གསལ་པོར་འཁོད་པ་ལྟར་ལ་འགལ་འདུ་ཅི་ཞིག་ཡོད།

 

ཡང་།   ཁྱེད་རང་དགེ་འདུན་གྲུབ་དང་མི་འདྲ་བའི་ཁར་སྐུ་ཕྲེང་གཞན་དག་དང་ཡང་མི་འདྲ་ཟེར་བའི་ཐད།༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་འདི་ཉིད་ང་ཚོ་བོད་ཀྱི་ལོ་རྒྱུས་གཉན་འཕྲང་ཅན་གྱི་སྐབས་འདིར་བསམ་བཞིན་དུས་ལས་མ་ཡོལ་བར་བྱོན་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས།བོད་གངས་ཅན་གྱི་བསྟན་འཛིན་མཐའ་དག་ལ།སེམས་ཁོང་ནས་དག་པའི་སྣང་བ་སྦྱངས།རྒྱུད་ཆོས་སྤོང་ལོག་ལྟས་མ་སྦགས་ཙམ།འདི་བསྟན་པ་འགལ་མེད་རྟོགས་པའི་དྲིན་གསུངས་པ་ལྟར།རིས་སུ་མ་ཆད་པའི་ཆོས་བརྒྱུད་ཀུན་ལ་དག་སྣང་མཉམ་བཞེས་སྒོ་ཀུན་ནས་མཛད་དེ་བསྟན་པ་ཐམས་ཅད་འགལ་མེད་དུ་ཐུགས་ཉམས་སུ་བསྟར།ཆོས་སྲིད་གང་ཐད་ནས་འཕྲིན་ལས་ཀྱི་འོད་དཀར་འཛམ་གླིང་ཁོར་མོ་ཡུག་ཏུ་ཁྱབ་སྟེ་བསྟན་འགྲོའི་མཛད་དོན་རྒྱ་ཆེན་པོས་དེང་སྐལ་ལྡན་གདུལ་བྱའི་རྒྱུད་མ་སྨིན་པ་རྣམས་སྨིན།སྨིན་པ་རྣམས་གྲོལ་བར་མཛད།ལྷག་པར་འཛམ་གླིང་འདི་ན་སྔོན་ཆད་དར་ཁྱབ་འདི་ལྟར་བྱུང་མ་མྱོང་བའི་རྒྱལ་བསྟན་ཉི་མོ་ལྟར་གསལ་བར་མཛད་དེ་འགྲོ་བ་རྣམས་ཞི་བདེ་བླ་ན་མེད་པའི་ས་ལ་ཁྲིད་པར་མཛད་པའི་ས་མཁན་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ།

 

བོད་དོན་བདེན་པའི་འབོད་སྒྲ་ཕྱོགས་ཀུན་ལ་ཁྱབ་སྟེ་ང་ཚོའི་རྩ་དོན་ཐོག་རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱབ་སྐྱོར་གྱིས་ད་ཆ་བདེན་པའི་འབྲས་བཟང་ཧཡུར་དུ་ཟ་བཞིན་པ་ཉི་ཤར་སྤར་མོས་མི་ཁེབ་པའི་གནས་སྟངས་འདི་བྱུང་བ་སྔོན་བྱོན་༧རྒྱལ་དབང་སྐུ་ཕྲེང་གཞན་ལས་བཀྲིན་དང་།མཛད་འཕྲིན་གང་གི་ཆ་ནས་མི་འདྲ་བ་བྱུང་བ་འདི་ལ་སྐུ་ཕྲེང་གཞན་དང་མི་འདྲ་ཚུལ་ཟེར་ན་དངོས་བདེན་གནས་སྟངས་ཤིག་ཆགས་ཡོད།

དོན་དེ་ལ་དགོངས་ནས་༧སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ནས་སློབ་ཚོགས་སྟོང་ཕྲག་དུ་མར་༧རྒྱལ་མཆོག་འདི་བོད་མིས་བསོད་ནམས་ཀྱིས་འཆུན་ན།༧རྒྱལ་དབང་གོང་མ་ཡོངས་རྫོགས་གཅིག་ཏུ་བསྡུས་པ་དང་མཉམ་པའི་སྐུ་ཡོན་དང་མཛད་འཕྲིན་ཡོང་རྒྱུ་ཡིན་ཚུལ་དང་།

ཡང་སྐབས་རེར་༧རྒྱལ་དབང་འདི་སྐུ་ཕྲེང་དང་པོ་དང་།ལྔ་པ།བདུན་པ་གསུམ་ཀ་བསྡོམས་པ་ལས་ལྷག་པ་ཞིག་ཕེབས་ངེས་ཚུལ་ཡང་ཡང་གསུངས་ཡོད།

དེ་མིན་མི་འདྲ་ཞེས་སྐུར་འདེབས་མཚན་སྨད་ཞུ་བ་འདི་བསོད་དམན་བླང་དོར་འབྱེད་པའི་མིག་ལྡོང་པའི་རང་མཚང་འདོན་རྒྱུ་ལས་གཞན་ག་ལ་མཆིས།དགེ་ལྡན་ཐུན་མོང་མ་ཡིན་པའི་ལྟ་སྤྱོད་ཁོ་ན་ཉམས་བཞེས་མཛད་མཁན་རྒྱལ་མཆོག་བདུན་པ་ཆེན་པོས་གཙོས་རྒྱལ་མཆོག་ན་རིམ་གྱིས་དོལ་རྒྱལ་བསྟེན་པ་ནམ་ཡང་བྱུང་མེད།

 

 

༦  ཁྱེད་རང་གི་བསམ་ཚུལ་བྱས་ན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་གནང་ཞེས་པ་དེ་དངོས་བདེན་མ་རེད།ང་ཚོར་བླ་མ་མང་པོས་གསུང་གསལ་བྱས་ན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ཡི་དམ་རྡོ་རྗེ་ཤུགས་ལྡན་རྩ་བ་ནས་དམ་བསྒྲགས་གནང་མེད་པ་མ་ཟད།ཁོང་དང་རྗེ་ཕ་བོང་ཁ་པ་གཉིས་འབྲེལ་ལམ་བཟང་པོའི་སྒོ་ནས་སྐུ་ཚེ་མཐའ་སྐྱོང་གནང་སྐོར་ང་ཚོས་ཤེས་རྟོགས་བྱུང་ཞེ་ཟེར་བའི་སྐོར།

སྐུ་ཕྲེང་བཅུ་གསུམ་པས་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་གནང་ཡོད་པ་མ་ཟད།འབྲས་སྤུངས་སྔགས་ཁང་ནས་དོལ་རྒྱལ་གྱི་རྟེན་བརྙན་ཕྱིར་དབྱུངས་དང་།འབྲས་སྤུངས་སྔགས་པའི་སྤྲོ་བདེ་ཁང་གསར་གྱི་དུང་རྒྱ་བ་ཚོ་མཚམས་འཇོག་མཛད་པ་སོགས་ཡོངས་གྲགས་ཡིན།

ལྷག་པར་རྗེ་ཕ་བོང་ཁ་པར་དམ་བསྒྲགས་གནང་བ་ནི།རིན་པོ་ཆེ་གཟིམ་ཤག་བཤད་གྲྭའི་ནང་མ་ཎིའི་ལུང་དང་བྱབས་ཁྲུས་གནང་རྒྱུ་ཙམ་ལས་རྒྱ་ཆེ་བའི་མདོ་སྔགས་ཀྱི་དབང་ལུང་ཁྲིད་གསུམ་སོགས་གནང་སྟབས་མ་གྱུར་པར་ལོ་གསུམ་ཙམ་འདི་མུར་བཞུགས་དགོས་བྱུང་ཡོད་པ་སྐྱབས་རྗེ་བདེ་ཆེན་སྙིང་པོའི་རྣམ་ཐར།བོད་པར་ཟུར་འདེབས་ཤོག་གྲངས་༤༦༨་་༧༢བར་ཞིབ་གསལ་འཁོད་པ་དང་།

ཡང་ཟུར་འདེབས་དེ་གའི་ཤོག་གྲངས་༤༧༡ལ་སྐྱབས་རྗེ་རིན་པོ་ཆེ་ནས་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོར་དགོངས་སེལ་སྙན་ཞུ་ངོ་མ་འདི་ལྟར)གུས་འབངས་པའི་མ་རྒན་དེ་ཉིད་ནས་ཤུགས་ལྡན་སྐྱེས་མའི་བརྒྱུད་ཀྱི་ལྷ་ཡིན་ཚུལ་གྱིས་ད་བར་བསྟེན་གསོལ་བྱ་དགོས་བྱུང་ཡང་།ཕྱིན་ཆད་རང་ནོངས་ལ་འགྱོད་སྡོམ་དྲག་པོས་བསྟེན་གསོལ་སྐང་འཕྲིན་ནམ་ཡང་མི་ཞུ་བ་ཞེ་དམ་ཤུགས་དྲག་སྙིང་དབུས་སུ་གུས་བཅངས་ཞུ་ཆོག་པ།གནས་ཆུང་ཆོས་རྒྱལ་ཆེན་པོ་དགོངས་འཁྲུགས་ཀྱི་གཞི་རྩར་གྱུར་པ་དང་།སྐྱབས་འགྲོའི་བསླབ་བྱ་དང་ནང་འགལ་བྱུང་བ་སོགས་དེང་ཕན་ཞུ་འཛོལ་ཅི་མཆིས་དམན་ལ་ལྷག་པར་བརྩེ་བའི་མགོན་པོ་མཆོག་ནས་བརྩེ་ཆེན་བྱམས་གཟིགས་ཀྱིས་ལྷ་དགོངས་གསལ་དྭངས་བརྩེ་བའི་གཟིམས་པ་མཁྱེེན།

ཞེས་གསོལ་བ་འདེབས་རྟེན་ལྷ་རེག་ཨ་ཤེ་དང་རྟེན་དོད་དངུལ་སྲང་༥བཅས་གུས་པ་ཆེན་པོས་ཕུལ།)ཞེས་འཁོད་འདུག་པ་འདི་དག་ལས་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་རྗེ་ཕ་བོང་ཁ་པར་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་གནང་མིན་དང་།ཁྱེད་ཚོས་བཤད་པར་ལྟར་རྗེ་འདི་གཉིས་ཐུགས་གཤིན་དགེ་བའི་ངང་སྐུ་ཚེ་མཐའ་སྐྱོང་མཛད་ཡོད་མེད་འགྲེལ་བརྗོད་མ་དགོས་པར་ཤེས་ནུས་པ་འདི་རེད།

 

 

༧   འཛམ་གླིང་འདིར་འགའ་ཤས་ནས་ཁྱེད་རང་ཏཱ་ལའི་བླ་མ་སྐུ་ཕྲེང་རྣམས་ཀྱི་ཡང་སྲིད་ཡིན་པར་ཡིད་ཆེས་བྱེད་པ་དང་།འགའ་ཤས་ནས་ཡང་སྲིད་མིན་པར་ཡིད་ཆེས་བྱེད་ཀྱི་ཡོད།དོན་དུ་གང་ཡིན་མ་ཤེས་པའི་གནས་ཁོ་ན་ཞིག་རེད།ཁྱེད་རང་ཏཱ་ལའི་བླ་མ་སྐུ་ཕྲེང་རྣམས་ཀྱི་ཡང་སྲིད་དུ་ཡིད་ཆེས་བྱེད་ཅིང་།ཏཱ་ལའི་བླ་མའི་དབང་ཆར་བརྩི་བཀུར་ཞུ་མི་དེ་ཚོས་ཁེད་རང་གི་འདོད་བསྟུན་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བཀག་འགོག་བྱེད་པ་དང་།འོན་ཀྱང་ཁྱེད་རང་གི་བགྱི་བ་ཏཱ་ལའི་བླ་མ་སྐུ་ཕྲེང་གོང་མ་རྣམས་དང་རྩ་འགལ།ནང་པའི་ཆོས་ཀྱི་འགོ་ཁྲིད་ཀྱི་ཆ་ནས་རྩ་བ་ནས་མ་འོས་པ།དེརང་བརྟེན་ང་ཚོའི་ཚོར་སྣང་ལ་ཁྱེད་རང་ལ་ཏཱ་ལའི་བླ་མསྐུ་ཕྲེང་གོང་མ་ཚོའི་ཡང་སྲིད་ཡིན་པའི་ཁུངས་སྐྱེལ་གསལ་བཤད་དགོས་པའི་དྲི་བ་བྱེད་རྒྱུ་ཡིན་ཞེས་ཟེར་བའི་སྐོར།

 

ཅི་སྐད་དུ།     གང་གི་བ་སྤུའི་བུ་ག་གཅིག་ཙམ་ཡང་།།

བདག་ཅག་བསོད་ནམ་ཞིང་དུ་ལེགས་བསྔགས་པའི།།   ཞེས་གསུངས་པ་ལྟར།བདག་ཅག་བོད་འབངས་རྣམས་ལ་བཀྲིན་ལྷག་པར་དུ་ཆེ་བ་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་ཉིད་བདག་སོགས་སྐལ་ལྡན་གདུལ་བྱའི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་ཅིང་།མགོན་པོ་ཉིད་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་འཁྲུལ་བྲལ་དྲི་མ་མེད་པ་ཡིན་ལུགས་དག་འབུལ་བྱེད་མི་དགོས་པ་ལྷ་དང་བཅས་པའི་འགྲོ་བ་སྤྱི་དང་།ལྷག་པར་འཛམ་གླིང་ཁྱོན་ལ་བཀྲིན་བླ་ལྷག་ཏུ་ཆེ་བའི་གསང་གསུམ་འཕྲིན་ལས་ཀྱི་འོད་ཟེར་འབུམ་དུ་འཕྲོས་པ་འདི་ནས་འཕྲོད་གསལ་རྗེན་བྱུང་དང་འབྱུང་བཞིན་པ་ལ།བསྐལ་བ་དུ་མར་ལས་ངན་བསགས་པའི་མཐུ་ལས་ལོག་པའི་ལམ་དུ་འཕྱན་པ་འབྱུང་བྱ་བློ་མིག་ལྡོངས་པ་འདི་རིགས་ལ་གསལ་བཤད་དགོས་དོན་མེད་ལ།ཕན་ཆའང་གང་ཡང་མེད་པས་སྙིང་བརྩེ་བའི་ཡུལ་དུ་འཇོག་རྒྱུ་ལས་གཞན་ཅི་ཡོད།

 

གཞན་ཡང་།    ཁྱེད་རང་ཏཱ་ལའི་བླ་མའི་སྐུ་ཕྲེང་རྣམས་ཀྱི་ཡང་སྲིད་དུ་ཡིད་ཆེས་བྱེད་ཅིང་།ཏཱ་ལའི་བླ་མའི་དབང་ཆར་བརྩི་བཀུར་ཞུ་མི་དེ་ཚོས་ཁྱེད་རང་གི་འདོད་བསྟུན་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བཀག་འགོག་བྱེད་ལུགས་འཁོད་སྐོར།

བོད་གཞིས་བྱེས་གཉིས་སུ་འཁོད་པའི་བོད་མི་ཡོངས་ནས་གོང་ས་མཆོག་རྒྱལ་མཆོག་སྐུ་ཕྲེང་ན་རིམ་གྱི་ཡང་སྲིད་དུ་ཡིད་ཆེས་དད་འདུན་ཞུས་ཏེ་གང་གི་བླང་དོར་བཀའ་སློབ་ལམ་སྟོན་གནང་བ་རྣམས་བོད་བསྟན་སྲིད་སྤྱིའི་འཕྲལ་ཕུགས་ཀྱི་བདེ་རྩར་སྨན་པར་ཡིད་ཆེས་ར་འཕྲོད་ནས་སྤྱི་བཀུར་དང་ལེན་ཞུ་བཞིན་པ་འདི་དངོས་ཡོད་གནས་ཚུལ་ལས་གཡོལ་ཐབས་མེད་པ་ཞིག་རེད།བླུན་རྨོངས་བསམ་མེད་ཉུང་ཤས་ནས་འུད་སྒྲོག་སྐད་ཅོར་གྱིས་༧རྒྱལ་བའི་བཀའ་ལ་བརྩི་བཀུར་མི་ཞུ་བའི་རྣམ་འགྱུར་བསྟན་ཐོག་བོད་མི་མང་དེའི་རྗེས་སུ་འབྲངས་རྒྱུའི་རེ་བ་སྟོང་པ་ཇི་ལྟར་བྱས་ཀྱང་བོད་མི་མང་ཚོགས་ཀྱི་གནས་སྟངས་ཇེ་བརྟན་དང་།ཇེ་ཟབ་ཏུ་འགྲོ་བ་ལས་ལམ་དཀར་ནག་ཕྱིན་ཅི་ལོག་ཏུ་མི་འཛིན་པ་ཐག་གཅོད་ཐུབ་པ་ཞིག་རེད།

 

ཡང་།     ཁྱེད་རང་གྱི་བགྱི་བ་ཏཱ་ལའི་བླ་མ་སྐུ་ཕྲེང་གོང་མ་རྣམས་དང་རྩ་འགལ་ནང་པའི་ཆོས་ཀྱི་འགོ་ཁྲིད་ཀྱི་ཆ་ནས་རྩ་བ་ནས་མ་འོས་པ་ཞེས་འཁོད་པ་འདི་ཐད།

༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་མདོ་སྔགས་རྒྱལ་བསྟན་ཡོངས་རྫོགས་ལ་གསན་བསམ་ཉམས་བཞེས་དང་།བོད་བསྟན་པ་ཆབ་སྲིད་ཀྱི་མཛད་ཁུར་བཞེས་རྒྱུ་མཐའ་དང་རིས་སུ་མ་ཕྱེ་བའི་འགྲོ་བ་སྤྱིའི་བདེ་ཐབས་ལྷུར་བཞེས་མཛད་ཚུལ་བཅས་ཏཱ་ལའི་བླ་མ་སྐུ་ཕྲེང་གོང་མ་རྣམས་ཀྱི་བསྟན་སྲིད་ཀྱི་མཛད་འཕྲིན་གཅིག་ཏུ་སྤུངས་པ་ལས་ཀྱང་ལྷག་པ་ཞིག་ཡོད་པ་དེང་རྒྱལ་སྤྱིའི་ཁྱོན་ཡོངས་ནས་ངོས་འཛིན་གུས་བཀུར་ཞུ་བཞིན་པ་དང་།གང་གི་གསང་གསུམ་མཛད་པ་བསྟན་འགྲོ་སྤྱི་དང་།བྱེ་བྲག་བོད་དང་བོད་མིའི་བསོད་ནམས་ཀྱི་དཔྱིད་དཔལ་དམ་པར་འགྱུར་བཞིན་པ་འདི་ཆོས་ཀྱི་དབུ་ཁྲིད་ཀྱི་མཛད་པ་སྔོན་ཆད་བྱུང་མ་མྱོང་བ་འདི་ལྷག་ཅི་ཞིག་ཡོད།

 

༨  ནང་པའི་ཆོས་ཀྱི་རྗེས་འཇུག་པ་ཡོངས་ནས་རྗེ་ཕ་བོང་ཁ་པ་དང་།སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་གཉིས་དུས་རབས་འདིར་དགེ་ལུགས་པའི་གལ་ཆེ་ཤོས་ཀྱི་བླ་མ་དང་།དགེ་ལུགས་པའི་མདོ་སྔགས་ཆོས་ཚུལ་ཡོངས་ཀྱི་མན་ངག་གི་མངའ་བདག      དགེ་ལུགས་པ་ཡིན་ནོ་ཅོག་གོ་དངོས་སམ་བརྒྱུད་པའི་བླ་མ་ཡིན་པར་ཤེས་རྟོགས་ཡོད།ཉམས་ལེན་པ་ཚོས་རང་གི་བརྒྱུད་པའི་མན་ངག་རྣམས་ཉམས་ལེན་བྱེད་རྒྱུའི་ཁས་ལེན་དང་།བསླབ་བྱ་ཡོད།ཁྱེད་རང་གིས་རྗེ་ཕ་བོང་ཁ་པ་དང་།སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ཀྱི་རང་ལུགས་ལ་དགག་བྱ་བྱས་སྟབས།ད་ཆ་ང་ཚོས་གོ་ཐོས་ལ་དགེ་ལུགས་པའི་མཁན་པོ་ཚོས་གཙོས་དགེ་ལྡན་པ་མང་ཆེ་བས་བླ་མའི་དམ་ཚིག་ལས་འགལ་ཚབས་གྱུར་པ་དང་།ཐེག་པ་ཆེན་པོའི་ནང་པ་ཡོད་དོ་ཅོག་ནས་ཆོས་ཀྱི་སློབ་དཔོན་ལ་ཡིད་རྟོན་བྱེད་པ་དེ་ལམ་ཉམས་ལེན་གྱི་རྩ་བ་ཡིན་པ་ཤེས་ཀྱི་ཡོད་ཅིང་།རང་ཉིད་ཀྱི་ཆོས་ཀྱི་སློབ་དཔོན་ལ་ཁས་ལེན་བྱས་པའི་དམ་ཚིག་ཉམས་ཆག་བྱས་པ་དེས་དཀར་མིན་གྱི་ལས་ཚབས་པོ་ཆེ་བསགས་པ་དང་།ཁྱེད་རང་ཆོས་ཕྱོགས་ཀྱི་སློབ་དཔོན་ལ་ཁས་ལེན་བྱས་པའི་དམ་ཚིག་ཉམས་ཆག་བྱས་པ་དེས་དཀར་མིན་གྱི་ལས་ཚབས་པོ་ཆེ་བསགས་པ་དང་།ཁྱེད་རང་ཆོས་ཕྱོགས་ཀྱི་སློབ་དཔོན་ཆེན་པོ་ཞིག་ཡིན་པར་ཆ་འཇོག་བྱས་ནའང་།མི་སྟོང་སྤྲག་མང་པོར་བླ་མའི་དམ་ཚིག་ཉམས་སུ་བཅུག་པ་དང་།

ལྟ་ངན་སྤེལ་བས་དེ་དག་གི་ཆོས་ཕྱོགས་ཀྱི་མི་ཚེ་གཏོར་སྐྱོན་བཏང་ཞིང་།དེའི་བྱས་འབྲས་ངན་པ་ཁྱེད་རང་ལ་འཁོར་རྒྱུར་འདོད་འདུན་ངོས་ལེན་ཆོག་ཀྱང་།ཡིན་ནའང་གཞན་ལ་བྱས་འབྲས་ངན་པ་མྱོངས་སུ་འཇུག་པའི་ཐོབ་ཐང་ཡོད་པ་མ་རེད་ཟེར་བའི་སྐོར།

 

བརྗོད་བབ་འདི་དག་གིས་ལམ་ཉམས་ལེན་གྱི་གནད་སྤྱི་དང་།ལྷག་པར་བཤེས་གཉེན་བསྟེན་ཚུལ་མ་ཤེས་པའི་དན་རྟགས་གསལ་པོ་བསྟན་འདུག     ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱི་གནད་ཤེས་པ་ཞིག་ཡིན་ན།བཤེས་གཉེན་ལ་དད་འདུན་དང་བཅས་པའི་སྒོ་ནས་དེིའི་གསུང་པ་དཔྱད་བརྡར་བྱས་ཏེ་ཡང་དག་པ་རྣམས་ཚུལ་བཞིན་ཉམས་སུ་ལེན་ཞིང་།གལ་ཏེ་མི་རིགས་པའི་གནས་མཆིས་ན་སྤང་ཆོག་པ་ཐེག་ཆེན་གྱི་གཞུང་ལུགས་ནས་གསལ་པོར་བསྟན་ཡོད།

ལར་ནས་རྗེ་ཕ་བོང་ཁ་པ་དང་།༧རྒྱལ་བའི་ཡོངས་འཛིན་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ཀྱི་རིང་ལུགས་སུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བ་ཉམས་བཞེས་མཛད་མཁན་ཞིག་ལས་གྲོང་པའི་ཕ་རྒན་ལྟ་བུ་འཇིག་རྟེན་པའི་ལྷ་ཐུགས་དམ་གྱི་མཐིལ་དུ་བཅངས་པའི་རང་ལུགས་སྐྱོང་མཁན་ཞིག་ག་ལ་ཡིན།

གལ་ཏེ་དོལ་རྒྱལ་འཇིག་རྟེན་ལས་འདས་པའི་ལྷ་དང་།དེའང་སྐྱབས་རྗེ་འདི་གཉིས་ཀྱི་ཐུགས་དམ་གྱི་མཐིལ་དུ་མཛད་པའི་ལྷ་ཞིག་ཡིན་ན།རྗེ་ཕ་བོང་ཁ་པས་ཚོགས་ཞིང་གི་ཚོམ་བུ་སྐྱར་བཀོད་མཛད་སྐབས་འདི་ཉིད་ཚོགས་ཞིང་གི་ནང་འགོད་གནང་མཛད་རྒྱུ་གདོན་མི་ཟའང་།དེ་ལྟར་མ་བཀོད་པ་དེས་ཐུགས་དམ་གྱི་མཐིལ་དུ་མཛད་པ་ཡིན་མིན་དེ་ནས་ར་འཕྲོད་གསལ་པོ་ཡོད།

༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་ནས་༧སྐྱབས་རྗེ་ཕ་བོང་ཁ་པར་ལམ་རིམ་གྱི་བསྟན་པའི་བདག་པོ་ཞེས་དང་།༧སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ལ་ཧེ་རུ་ཀའི་རྣམ་འབྱོར་པ་ཆེན་པོ་ཞེས་ཆེ་བསྟོད་གུས་བཀུར་ཇི་མཛད་ཀུན་གྱིས་ཤེས་རྟོགས་ཀྱི་གནས་ཤིག་ཡིན།

 

 

༩   ཆོས་ཉམས་སུ་ལེན་རྒྱུ་དེ་གཞི་རྕའི་འགྲོ་བ་མིའི་ཐོབ་ཐང་ཞིག་དང་།མང་གཙོའི་ཡུལ་ལུང་གང་དུའང་ཁྱེད་རང་གི་ཆོས་ཀྱི་འགོག་སྡོམ་གྱི་བྱ་བྱེད་དེ་རྩ་བ་ནས་ངོས་ལེན་མི་ཐུབ་པ་ཞིག་རེད།ཁྱེད་རང་གི་ཤེས་གསལ་ལྟར་ཁྱེད་རང་གི་ཆོས་ཕྱོགས་ཀ་དབྱེ་འབྱེད་བྱས་པའི་རྐྱེན་གྱིས་ཁྱེད་རང་གི་མི་མང་རྣམས་སྡུག་བསྔལ་དང་།འཇིགས་སྣང་བྱུང་བ་མ་ཟད།ཕན་ཚུན་མི་མཐུན་ཞིང་འཁྲུགས་འཛིངས་ཀྱི་འགོ་ཚུགས་པ་འདིས་ཁྱེད་རང་ལ་ཁྱེད་རང་གི་མི་མང་ལ་བརྩ་བ་མེད་པ་དང་།ཁྱེད་རང་གོ་གནས་དང་དབང་ཆར་དགའ་མགུར་སྤྱོད་པ་བསྟན་པ་རེད།ཁྱེད་རང་ཏཱ་ལའི་བླ་མ་ཡིན་པའི་ཆ་ནས་བོད་ཀྱི་ནང་པའི་ཆོས་སྤྱི་ཚོགས་ནང་གོ་གནས་མཐོ་ཤོས་དེ་བཟུང་ཡོད།ཡིན་ནའང་ཁྱེད་རང་གི་བྱ་སྤྱོད་ནང་པའི་ལོ་རྒྱུས་ནང་སྡུག་ཤོས་ཤིག་ཆགས་ཡོད།ཁྱེད་རང་ཐད་ཀར་ཁྱེད་རང་གི་རྩ་བའི་བླ་མ་ཁྲི་བྱང་རིན་པོ་དང་འགལ་ཕྱོགས་འཛིན་པ།ཁོང་གི་ཆོས་རྒྱུད་ཀྱི་རྩ་བ་ནས་གཅོད་ཐབས་བྱེད་བཞིན་པ་དང་།ཁོང་གི་ཆོས་རྒྱུད་་ལ་ཞུགས་མཁན་ཚོ་ལ་དངོས་སུ་འགོག་སྡོམ་བྱས་པས་འཛམ་གླིང་ནང་པ་རྣམས་མི་མཐུན་པའི་རྒྱུ་བྱས་པ།དེར་བརྟེན་འཛམ་གླིང་འདིར་ནང་པའི་ཆོས་དར་བའི་འགལ་རྐྱེན་ཚབས་ཆེ་ཆགས་ཡོད་ཅེས་ཟེར་བའི་སྐོར།

 

ཆོས་དད་རང་མོས་ཀྱི་གཞི་རིམ་གྱི་ཐོབ་ཐང་ལག་ལེན་བསྟར་ཏེ་བོད་མིའི་ཁྲོད་དུ་ཆོས་བྱེད་དང་།མི་བྱེད་ཀྱང་རང་རང་འདོད་མོས་ལས་ཆོས་བྱེད་དགོས་པའི་བཙན་བཀའ་སུས་ཀྱང་གཏོང་མཁན་མེད་པ་དང་།ཆོས་བྱ་བློའི་འདུན་པ་བརྟས་རིགས་རྣམས་ཀྱང་ཆོས་དད་གང་ལ་བྱས་རང་མོས་ཡིན་པས་བོད་མིའི་ཁྲོད་ལ་མང་ཉུང་ལ་མ་ལྟོས་པར་ཁ་ཆེ་དང་།ཡེ་ཤུ་སོགས་ཡོད་པ་ཀུན་གྱིས་ཤེས་གསལ་ཁར།

བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་།གཡུང་དྲུང་བོན་བཅས་སོ་སོའི་ཆོས་བརྒྱུད་དུ་སུ་ཞིག་ཞུགས་ཀྱང་རང་དབང་འདོད་བསྟུན་གྱི་ལམ་ནས་ཅི་དགར་སྤྱོད་བཞིན་པ་ཡོངས་གྲགས་ཀུན་ཤེས་ལ་འགྲེལ་བརྗོད་གསལ་བཀྲོལ་བྱེད་དགོས་དོན་ག་ལ་ཡོད།གཞན་ཡང་སྐྱེ་བོ་གང་ཞིག་ཆོས་ལུགས་གང་ལ་དད་མོས་བྱེད་པ་ལ་ཆོས་ལུགས་དེ་དང་བསྟུན་པའི་བླང་བྱ་དང་དོར་བྱའི་ལམ་མ་ནོར་བར་འཇུག་རྒྱུ་ཆོས་ལུགས་དེའི་གྲུབ་མཐའི་རྣམ་བཞག་ལ་བླང་དོར་བྱེད་པའི་གཞི་རྩ་དེ་ཡིན།ས་དགེ་བཀའ་རྙིང་གི་དགོན་སྡེ་གང་ཡིན་ཀྱང་།དགོན་སྡེ་སོ་སོར་འཇིག་རྟེན་དྲེགས་པ་གང་ཞིག་བསྟེན་གསོལ་འོས་དང་།མི་འོས་དེ་དགོན་པ་དེ་ལ་འགན་དབང་ཡོད་པའི་བླ་མ་ཚད་ལྡན་ནས་ཐད་གཅོད་གནང་སྲོལ་ཡོད་པ་དེ་ཁྲིམས་དང་།

ལམ་ལུགས་ཀྱི་ཆ་གང་ནས་ཀྱང་མཐུན་པ་ཞིག་ཡིན་པ་དང་།དྲེགས་པ་གང་ཞིག་བསྟེན་པས་ཕན་ལས་གནོད་ཚབས་ཆེ་བ་ཆོས་ཕྱོགས་ཀྱི་བརྟག་ཐབས་སྒོ་གང་ས་ནས་རྩེ་མཐུན་ཞིང་།ལོ་རྒྱུས་དང་གཏན་ཚིགས་ཡང་དག་ནས་གྲུབ་པ་ཞིག་འགོག་སྡོམ་གནང་རྒྱུ་འོས་པ་ཞིག་ཡིན་པ་ལས་ཆོས་དད་རང་དབང་དང་འགལ་ཚུལ་བརྗོད་པ་ནི་གཞི་རྩ་བྲལ་བའི་བརྗོད་བབ་ཁུངས་ལུང་མེད་པ་ཞིག་རེད།

༧གོང་ས་མཆོག་ནས་དོལ་རྒྱལ་བསྟེན་གསོལ་མི་འོས་པའི་རྒྱུ་མཚན་འགྲེལ་བརྗོད་གནང་བ་དེ།འཛམ་གླིང་མང་གཙོའི་ཡུལ་ལུང་གང་ལའང་ངོས་ལེན་མི་ཐུབ་པ་ཞིག་རེད་ཟེར་བ་ནི་ཧམ་བཤད་ཀྱི་དུག་རླངས་ཁོ་ན་ལས་དེ་ལ་རྒྱུ་མཚན་ཁུངས་ལུང་ལྡན་པའི་དན་རྟགས་གང་ཡང་མེད།ལྷག་པར་གོང་ས་སྐྱབས་མགོན་ཆེན་པོ་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པ་དང་།བོད་ཀྱི་རྩ་དོན་དང་།བོད་རྒྱལ་ཁབ་ལ་གནོད་ཚབས་ཅན་གྱི་བྱ་བ་ཆོས་སྲིད་གང་ཐད་ལ་ཡོད་ཀྱང་།དེ་དག་འགོག་སྡོམ་གནང་རྒྱུ་༧གོང་ས་མཆོག་གི་ཐུགས་འགན་དང་ཐོབ་ཐང་།འོས་བབས་བཅས་ཡིན་པ་ལས།དེ་ལ་སྐུ་སྒེར་གྱི་གནད་དོན་གང་ཡང་མེད།

 

ཡང་།       ༧གོང་ས་མཆོག་གི་ཆོས་ཕྱོགས་ལ་དབྱེ་འབྱེད་མཛད་པའི་རྐྱེན་གྱིས།མི་མང་ནང་འཇིགས་སྣང་དང་།ཕན་ཚུན་འཁྲུག་ལོང་བྱུང་ཚུལ་སོགས་ཧ་ལས་པའི་སྒྲོ་སྐུར་མཚན་སྨད་ཞུས་འདུག་པར།ལན་འདེབས་བྱེད་རྒྱུ་ལྕེ་བརྒྱར་སྤྲུལ་ཡང་ཟད་མཐའ་མེད་མོད།མཚན་སྨད་ཞུས་པའི་དོན་གནས་འདི་དག་ལ་ལན་འདེབས་མ་དགོས་པར་༧གོང་ས་༧སྐྱབས་མགོན་ཆེན་པོའི་གསང་གསུམ་མཛད་འཕྲིན་རྒྱལ་སྤྱིའི་ཁྱོན་ཡོངས་ལ་མངོན་པར་གསལ་བའི་འོད་ཟེར་བྱེ་བ་འབུམ་དུ་འཕྲོས་པའི་སྣང་བ་ཀུན་ཏུ་རྒྱས་པའི་ངང་ཚུལ་འདི་ལས་གཞན་ཅི་དགོས།འོན་ཀྱང་བརྡ་སྤྲོད་ཟུར་ཙམ་གླེང་ན།

ཇི་སྐད་དུ།

རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི།

གང་འདུལ་ཅིར་ཡང་འཆར་བའི་ཐབས་མཁས་མཆོག།

ངུར་སྨྲིག་འཛིན་པ་གར་གྱི་རྣམ་རོལ་བ།།

སྐྱབས་མགོན་དམ་པའི་ཞབས་ལ་ཕྱག་འཚལ་ལོ།།ཞེས་གསུངས་པ་ལྟར།རྒྱལ་བ་ཐམས་ཅད་ཀྱི་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་གང་འདུལ་གྱི་བཀོད་པ་སོ་སྐྱེ།ཕོ་མོ།བློ་རྣོ་རྟུལ།གཟིངས་དང་།ཟམ་པ་སོགས་རྣམ་པ་གང་དང་གང་ཡང་སྟོན་པར་མཛད་པ་དེ་བཞིན་དུ།ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་དེད་དཔོན་འཕགས་མཆོག་ཕྱག་ན་པད་མོ་མི་ཡི་རྣམ་པར་རོལ་པའི་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཉིད།

དེང་འཛམ་གླིང་འདིར་སྙིགས་དུས་ཀྱི་རྒུད་ཚོགས་ཆེས་ཆེར་དར་ཞིང་།ལྟ་ལོག་ཀླ་ཀློའི་དུག་གི་ཁ་རླངས་རླུང་ལྟར་ལྡང་བའི་སྐབས་འདིར།ངུར་སྨྲིག་རྒྱལ་མཚན་འཛིན་པ་ཀུན་གྱི་ཏོག་ལྟར་མངོན་པར་བརྗིད་པའི་མཚན་དཔེའི་སྣང་བརྙན་རྒྱལ་སྤྱིའི་ཁྱོན་ཡོངས་ལ་རབ་ཏུ་བཞད་པ་ནི།

ཇི་སྐད་དུ།

སྙིང་རྗེ་བརྟན་པའི་རྩ་བ་ཅན།།

བྱང་སེམས་མྱུ་གུ་ལས་བྱུང་བ།།

གཞན་དོན་གཅིག་འབྲས་བྱང་ཆུབ་ནི།།

རྒྱལ་སྲས་རྣམས་ཀྱིས་སྒོམ་པར་བྱ།།

གང་ཞིག་སྒོམ་པ་བརྟན་པ་ན།།

གཞན་གྱི་སྡུག་བསྔལ་གྱིས་བྲེད་རྣམས།།

བསམ་གཏན་བདེ་བ་བཏང་ནས་ཀྱང་།།

མནར་མེད་པར་ཡང་འཇུག་པར་བྱེད།།

འདི་ནི་ངོ་མཚར་འདི་བསྔགས་འོས།།

འདི་ནི་དམ་པའི་ཚུལ་ལུགས་མཆོག།ཅེས་གསུངས་པ་ལྟར།

སེམས་ཅན་སྡུག་བསྔལ་གྱིས་མནར་ཞིང་།ཉམ་ཐག་པ་ཇི་ཙམ་གཟིགས་པ་དེ་ཙམ་གྱིས་ཐུགས་སྟོབས་བསྐྱེད་ནས་འགྲོ་བའི་དོན་སྤྱི་དང་།བྱེ་བྲག་བོད་མི་རྣམས་སྤྱི་མཐུནམབསོད་ནམས་དམན་པའི་འབྲས་བུ་དུས་སུ་སྨིན་ཏེ་སྡུག་བསྔལ་གྱི་ཁུང་བུར་ཆུད་ནས་སྐྱབས་དང་མགོན།རེ་ས་དང་ལྟོས་ས་མེད་པ་བྱིས་ཕྲུག་ཐང་ལུས་ལྟ་བུར་གྱུར་པའི་སྐབས་འདིར།ཕེབས་ཞབས་སུ་བསྙེགས་པའི་བོད་མི་ཁྲི་ཕྲག་བཅུ་ལྷག་ལ་གང་ལ་གང་འོས་ཀྱི་འཚོ་བའི་ལམ་སྟོན།ན་གཞོན་རྣམས་ལ་ཕྱི་ནང་གི་ཤེས་ཡོན་སློབ་སྦྱོང་།རིས་མེད་ཆོས་སྒར་ཁག་ལ་བསྟན་པའི་རྨང་གཞི་གསར་འཛུགས།འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་མཚོན་རྒྱལ་སྤྱིའི་ནང་བོད་མི་ས་ཡ་དྲུག་གི་བདེན་དོན་ཞུ་འབོད།མ་འོངས་པའི་དོན་དུ་བོད་མང་གཙོའི་ལམ་སྲོལ་གསར་གཏོད།ཆོས་དང་གཞུང་འབྲེལ་ཡིན་མིན་སྣ་ཚོགས་པའི་མི་རིགས་མཆོག་དམན་བར་པ་མཐའ་ཡས་ལ་བོད་དོན་བདེན་པའི་གནས་ལུགས་གསལ་བཤད་སོགས་ཆབ་སྲིད་ཀྱི་མཛད་བྲེལ་ཆུ་གཏེར་ལྟ་བུ་ཉིན་རེ་བཞིན་སེལ་བར་མཛད་དེ།

དེང་སྐབ་སགཞིས་བྱེས་བོད་མི་མང་ཚོགས་རྣམས་བཀྲེས་སྐོམ་ངལ་འཇིགས་ཀྱི་དབུགས་ངལ་གསོ་བའི་གོ་སྐབས་ཐོབ་པ་དང་།འཛམ་གླིང་སྤྱི་དང་།བོད་རྒྱའི་རྙོག་སེལ་ཐབས་འཚེ་མེད་ཞི་བའི་ལམ་ཕྱོགས་བརྟན་བཟུང་མཛད་པ་ལས་འཛམ་གླིང་ཁྱོན་ནས་བསྔགས་བརྗོད་གུས་བཀུར་གྱི་འབོད་སྒྲ་ཆེས་ཆེར་བསྒྲགས།

སྙན་གྲགས་ཅན་གྱི་ནོ་བེལ་ཞི་བདེའི་གཟེངས་བསྟོད་ཕུལ་ཏེ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོར་མང་བཀུར་ཞུ་དགོས་པ་དང་།བོད་མིར་རང་དབང་སྤྲོད་དགོས་པའི་འབོད་སྒྲ་བར་མཚམས་མེད་པར་བསྒྲགས།སྔར་ཕན་སངས་རྒྱས་ཀྱི་བསྟན་པའི་སྒྲ་མི་གྲགས་པའི་འཛམ་གླིང་ཁྱོན་གྱི་ས་ཁུལ་ཕལ་མོ་ཆེར་ཞབས་ཀྱིས་བཅགས་ཏེ་རིགས་དང་མོས་པ།

ལྟ་བ་དང་སྤྱོད་པ་ཤིན་ཏུ་ཐ་དད་པའི་མི་རིགས་འབུམ་ཕྲག་མང་པོར་ཉིན་རེའི་བྱ་སྤྱོད་ནས་བརྩམས་ཏེ་མཐར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་བར་གྱི་བླང་དོར་བྱ་བའི་གནད་རྣམས་གདམས་པ་དང་རྗེས་སུ་བསྟན་པའི་བསྟན་པའི་ལམ་སྟོན་མཐའ་ཡས་པ་སྩལ་བ་དང་།ཀུན་ཕན་བྱམས་བརྩེའི་དཔུང་སྟོབས་ཆེན་པོས་བདེན་པའི་བ་དན་མངོན་མཐོར་སྒྲེང་བཞིན་པའི་མཛད་པ་ངོ་མཚར་ཙན་བསྐྱངས་པ་ན།འཛམ་གླིང་སྐྱེ་བོ་སྤྱི་དང་།བྱེ་བྲག་རང་དབང་ཅན་གྱི་རྒྱལ་ཁབ།གྲོས་ཚོགས་ཁག་མང་།སྤྱི་སྒེར་མི་ཚོགས་ས་ཡ་མང་པོ་བདེན་པའི་ཕྱོགས་སུ་ལངས་ཏེ་བོད་དོན་བདེན་པའི་མངོན་དགའ་གསར་བའི་འབྲས་བཟང་མྱུར་དུ་འཆར་བའི་དཔལ་ལ་སྤྱོད་པའི་མཛད་འཕྲིན་ལ་བོད་གཞིས་བྱེས་གཉིས་ཀྱི་སྙིང་ནས་གུས་པའི་དགའསྤྲོ་དང་།བོད་སྤྱི་དོན་སྒྲུབ་པའི་ལྷག་བསམ་འགྲན་པ་བཞིན་དུ་འཕེལ།འདི་ལྟ་བུའི་མཛད་པ་དང་།འཕྲིན་ལས་ཉི་མ་བྱེ་བའི་འོད་རླབས་འཕྲོ་བཞིན་པ་འདི་འཛམ་གླིང་སྤྱི་དང་།བྱེ་བྲག་བོད་ཀྱི་ཆོས་བརྒྱུད་དུ་གཏོགས་པའི་སྐྱེས་ཆེན།ལྷག་པར་༧རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་མཛད་པ་ལས་ཆེ་ཆེར་འཕགས་པའི་མངོན་པར་བཀུར་ཞིང་།

གཟེངས་མཐའི་བའི་ལོ་རྒྱུས་འཛམ་གླིང་ནང་པའི་རྒྱལ་རབས་ནང་།སྔོན་ཡང་མ་བྱུང་ལ་ཕྱིས་ཀྱང་འབྱུང་དཀའ་བའི་གནས་ཡིན།འོན་ཀྱང་ཕུག་པ་ཁ་བྱང་ལྟ་ལ་ཉི་འོད་མི་ཕོག་པ་དངོས་པོའི་གཞིས་ལུགས་ལྟར།ལོག་སྨོན་གྱིས་བསྐྱེད་བསྲིངས་རྒྱ་འདྲེས་རྒྱུད་བརླམས་པ་དག་གིས་༧རྒྱལ་བའི་མཛད་སྤྱོད་ཐམས་ཅད་ལོག་པར་མཐོང་བ་ནི་སྙིང་བརྩེ་བའི་གནས་ལས་ཅི་བྱར་ཡོད།

༧སྐྱབས་རྗེ་རྣམ་གཉིས་ད་ལྟ་འཚོ་བཞུགས་མེད་པ་མ་གཏོགས།ཡོད་ན་བྱེད་བབ་འདིར་རྒྱབ་སྐྱོར་གནང་རྒྱུ་ལྟ་བཞག       ཐུགས་ཕམ་དང་ཐུགས་ཁྲེལ་གྱིས་བཀའ་བཀྱོན་དྲག་པོ་གནང་རྒྱུ་གདོན་མི་ཟ།ཕྱི་མར་སྡིག་ཏོ་ཅན་འདི་ལྟ་བུའི་སྐྱེ་རྒྱུན་ཆོད་པའི་སྨོན་པའི་མཚམས་སྦྱོར་བྱ་རྒྱུ་དང་འབྲེལ།འཛམ་གླིང་ནང་པ་ཡོངས་རྫོགས་འཁོན་དཀྲུགས་དང་།འཛམ་གླིང་ནང་ཆོས་དར་རྒྱུར་བར་ཆད་བྱེད་ཀྱི་ཡོད་ཚུལ་བརྗོད་པའི་སྨྲ་བ་དྲུང་ནས་གཅོད་པའི་བདེན་པའི་རལ་གྲི་དངོས་ནི་༧རྒྱལ་བའི་མཛད་འཕྲིན་འདི་ལས་ལྷག་པ་ཅི་ཞིག་དགོས།

བོད་མི་ནང་ཁུལ་འཁྲུག་གཞི་བཟོ་རྒྱུ་དང་།༧གོང་ས་༧སྐྱབས་མགོན་ཆེན་པོར་མཚན་སྨད་ཞུ་རྒྱུ་ནི་རྒྱ་དམར་གྱིས་བསྒྲུབ་རྒྱའི་བྱ་བ་ཡིན་ཞིང་།བྱ་བ་དེ་དག་དོལ་རྒྱལ་གྱི་རྗེས་འབྲངས་པ་ཚོས་དངོས་སུ་བྱེད་བཞིན་དུ།༧གོང་ས་ཆེན་པོར་ཁ་འཕངས་ལག་ཕྱིས་བྱེད་པ་ནི་ཧ་ལས་པའི་བདེན་རྫུན་ཕྱིན་ཅི་ལོག་གི་བྱ་བ་ཡིན་པས།བྱ་ངན་འཆལ་གཏམ་འདི་རིགས་ལ་རྒྱ་ཆེའི་བོད་མི་མང་ཚོགས་ནས་བརྟག་ཞིབ་ཡིང་གཟབ་བྱེད་གལ་ཆེ།

 

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ཟབ་པ་དང་རྒྱ་ཆེ་བའི་རྒྱལ་བའི་བཀའ་དགོངས་འགྲེལ་དང་བཅས་པའི་གསུང་རབ་རྒྱ་མཚོ་ལྟ་བུ་ལ་གསན་བསམ་དཔྱིས་ཕྱིན་པ་མཛད་དེ་མཁས་གྲུབ་རྒྱུ་སྐར་ཕྲེང་བའི་དབུས་སུ་ཉི་ཟླ་ལྟར་བརྗིད་ཅིང་།རིགས་ཀྱི་ཅོད་པན་ཡོངས་འཛིན་རྣམ་གཉིས་དབུས་རིས་མེད་མཁས་གྲུབ་དུ་མའི་དྲུང་ནས་མདོ་རྒྱུད་རྒྱ་མཚོའི་བཀའ་ལུང་མན་ངག་ཡོངས་སུ་རྫོགས་པ་གསན་བཞེས་མཛད།

དེ་དག་ཀྱང་ཐོབ་གྲངས་གསོག་པ་ལྷུར་ལེན་མི་མཛད་པར་ཐུགས་ཉམས་སུ་རྒྱུན་ཆགས་སུ་བཞེས་ཏེ་མངོན་པར་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་ཐུགས་ལ་འཁྲུངས།བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་དམ་གྱི་མཐིལ་དུ་མཛད།ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་སྤྱི་དང་།བྱེ་བྲག་ས་དགེ་བཀའ་རྙིང་གི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་ཐམས་ཅད་ལ་མཁས་པའི་རྩེར་སོན་ཏེ་དེ་དག་

ཐམས་ཅད་ཆུ་བོ་རྣམ་བཞི་རྒྱ་མཚོར་འདུས་པ་ལྟར་ཐམས་ཅད་མཁྱེན་པ་སྒྲུབ་པའི་ཐནས་མཆོག་ཁོ་ན་ཡིན་པའི་གནད་གཟིགས།ཇི་བཞིན་གཟིགས་པའི་གནད་རྣམས་རང་གིས་ཉམས་བཞེས་མཐར་ཕྱིན་པ་མཛད་དེ་གཞན་ལ་འདོམས་ཤིང་།ཆོས་བརྒྱུད་ནང་ཁུལ་ཆགས་སྡང་འཐེན་འཁྱེར་མི་འོས་པའི་བཀའ་སློབ་ནན་ཟབ་རྒྱུན་དུ་སྩལ་ཏེ་དགོངས་པ་རྒྱ་ཆེ་གཏིང་ཟབ་ཀྱི་མཛད་ཕྱོགས་ཀུན་དགེའི་སྨན་ཡོན་དམ་པར་གྱུར་ནས་ཆོས་བརྒྱུད་ནང་ཁུལ་དག་སྣང་མཛའ་གཅུགས་ཀྱི་གནས་ལ་བཀོད།འདི་ལྟ་བུའི་རྒྱ་ཆེ་གུ་ཡངས་ཀྱི་དགོངས་བཞེད་རྟག་ཏུ་བཅངས་པའི་ཕན་བདེའི་འོས་སྣང་འཛམ་གླིང་མི་རིགས་སྤྱི་དང་།བྱེ་བྲག་གང་ལྗོངས་པ་རྣམས་ལ་འགོག་པ་མེད་པ་འཕྲོ་བཞིན་པ་ལ་ད་དུང་མགོན་པོ་

གང་གིས་ཆོས་དད་རང་མོས་ལ་བརྩི་མེད་དང་།ཆོས་ཀྱི་དབྱེ་འབྱེད་མཛད་ཚུལ་བརྗོད་པ་འདི་དག་རང་མཚང་གཞན་འགེབས་བྱེད་པའི་ཐབས་ལས་གཞན་ཅི་ཞིག་ཡིན།

གཞན་ཡང་ཇི་སྐད་དུ།

གང་དུ་སུ་དང་འགྲོགས་པའི་ཚེ།།

བདག་ཉིད་ཀུན་ལས་དམན་ལྟ་ཞིང་།།

ཞེས་གསུངས་པ་ལྟར་འབྲོམ་རིན་པོ་ཆེ་བཞིན་དམན་ས་འབའ་ཞིག་ལྷུར་མཛད་པ།སྡོམ་པ་གསུམ་གྱི་བཅས་མཚམས་ལས་ནམ་ཡང་མི་འདའ་བ་བཙུན་པའི་མཆོག་ཏུ་གྱུར་པ་སོགས་མདོར་ན་ལྟ་སྒོམ་སྤྱོད་པ་སྒོ་གང་ས་ནས་ཀྱང་ཐུགས་ཉམས་བསྟར་བའི་ཚུལ་ནི་ཐོབ་དང་།གོ་ས་སོགས་ལ་ཞེན་པའི་འཇིག་རྟེན་ཕལ་བའི་གནས་ལས་ཆེས་འགོངས་པ་མངོན་སུམ་ཚད་གྲུབ་ཀྱིས་ཤེས་ནས་དད་པ་ཐོབ་པ་ཕྱི་ནང་གི་སྐྱེ་བོ་འབུམ་ཕྲག་མང་པོའི་རྒྱུད་ལ་ཐར་པའི་ས་བོན་བསྐྲུན་པར་མཛད་པའི་འཕྲིན་ལས་ལ་སུས་བསྙོན་དུ་ཡོད།

འོན་ཀྱང་ལོག་སྨོན་སྡིག་ཏོ་ཅན་འགའ་ཞིག་ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་ཀྱི་མིག་ཆགས་སྡང་རབ་རིབ་ཀྱིས་ལྡོངས་ནས་ཆོས་བརྒྱུད་ཀྱི་དབྱེ་འབྱེད་དང་།ཆོས་སྤོང་གི་ལས་ངན་ཚབས་པོ་ཆེ་གསོག་པའི་བྱེད་བབ་འདི་ལས་སྡུག་པ་གཞན་ཅི་ཡོད།ང་ཚོ་རི་བོ་དགེ་ལུགས་པ། དེའི་ནང་ནས་དོལ་རྒྱལ་བསྟེན་མཁན་ཞེས་

ཕྱོགས་འཛིན་གྱིས་དམ་དུ་བཅིངས། བསྟན་པའི་གནད་ཤེས་ནས་ས་དགེ་བཀའ་རྙིང་ཐམས་ཅད་མཐར་སངས་རྒྱས་ཀྱི་སར་བགྲོད་པའི་ལམ་གྱི་གནད་གཅིག་ཏུ་བབས་པར་གཟིགས་པའི་རི་བོ་དགེ་ལྡན་པའི་ཚད་ལྡན་གྱི་བླ་མ་མང་པོ་དམ་ལོག་དང༌། དད་ལོག་གི་ཁོངས་སུ་བཅུག མདོར་ན་སྐུ་ཚེའི་འདུ་བྱེད་གཏོང་བའང་དོལ་རྒྱལ་གྱི་བྱས་རྗེས་སུ་ངོམས་ཏེ་ཆོས་ཀྱི་ཆགས་སྡང་ཕྱོགས་འཛིན་ངན་པའི་བྱ་བྱེད་འདི་ལྟ་བུར་ཞུགས་ཏེ་༧གོང་ས་མཆོག་ལ་ཆོས་ཀྱི་དབྱེ་འབྱེད་མཛད་ཚུལ་བརྗོད་ནུས་པ་འདི་བདུད་དང་སྡིག་གྲོགས་ཀྱིས་བསླུས་པ་མི་ན་གཞན་ཅི་ཡིན།

ལར་ནས་རང་གི་རྩ་བའི་བླ་མ་དང་རྒྱབ་འགལ་ཞེས་པ་སྙིང་དུག་ཆུས་མྱོས་པའི་གཏམ་འབའ་ཞིག་ལས་ཡང་དག་པའི་ལུང་རིགས་ཀྱི་དན་རྟགས་གང་དུ་མཆིས། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནས་དོལ་རྒྱལ་བསྟེན་གསོལ་གནང་བ་དང༌།

༧གོང་ས་མཆོག་ནས་དེ་དམ་བསྒྲགས་གནང་བ་ཙམ་རྒྱུ་མཚན་དུ་བྱས་ནས་རྩ་བའི་བླ་མ་དང་རྒྱབ་འགལ་གནང་ཚུལ་ཟེར་བ་ནི། རྟོག་གེའི་རིགས་འགྲོས་ཀྱི་ཚུལ་དང༌། ལམ་ཉམས་ལེན་གྱི་གནད་གང་ཡང་མ་རྟོགས་པའི་ཕ་རྒན་མ་རྒན་གྱི་རང་མཚང་རྗེན་པར་བསྟན་པ་ཡིན། གདོན་འདྲེ་ཞིག་བསྟེན་རྒྱུ་དམ་བསྒྲགས་གནང་མི་གནང་ལས་ལྷག་པ་ནང་པའི་རྩ་བའི་གྲུབ་མཐའ་སྨྲ་བའི་བཞེད་སྲོལ་གྱི་ཆ་ནས་ཀྱང་མདོ་སེམས་གཉིས་དབུ་མའི་ལྟ་བ་ཐལ་འགྱུར་དུ་བཀྲལ་བར་དགག་པ་མཛད་པས་སངས་རྒྱས་དང་རྒྱབ་འགལ་ཞེས་མདོ་སེམས་སོགས་ཀྱི་སློབ་དཔོན་བསམ་གྱིས་མི་ཁྱབ་པ་དེ་ཚོར་སྐུར་འདེབས་དང༌། སློབ་དཔོན་དབྱིག་གཉེན་གྱིས། ཐེག་ཆེན་ནམ་མཁའི་མེ་ཏོག་ལ། །ཨ་ཇོ་བདུད་ཀྱི་རྗེས་འབྲངས་འདྲ། ཞེས་ཐེག་ཆེན་ལ་སྐུར་པ་བཏབ་པས་དབྱིག་གཉེན་སངས་རྒྱས་དང༌། སློབ་དཔོན་ཐོགས་མེད་གཉིས་དང་རྒྱབ་འགལ་དུ་བསྒྲུབས་ཏེ་དད་ལོག་བྱེད་རྒྱུ་ཡིན་ནམ། མ་ཟད་ཇོ་བོ་རྗེའི་ལྟ་བུ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་དེ་ཁོ་ཉིད་ཡིན་པ་དང༌། རང་གི་བླ་

མ་སིང་གླིང་པ་ཆོས་ཐམས་ཅད་སེམས་ཙམ་དུ་བཀྲལ་བའི་ལྟ་བའི་རྗེས་སུ་འཇུག་པས་ཇོ་བོ་རྗེ་རང་གི་རྩ་བའི་བླ་མ་དང་རྒྱབ་འགལ་མཛད་དོ་ཞེས་བརྗོད་དེ། རི་བོ་དགེ་ལུགས་པའི་བསྟན་པའི་ཕྱི་མོ་བཀའ་གདམས་པའི་ཆུ་མགོ་གང་ལ་ཐུག་པའི་ཡུལ་རྡོག་རོལ་དུ་བཏང༌། གདོན་འདྲེ་ཞིག་ཡི་དམ་གྱི་གཙོ་བོར་བྱེད་པའི་དགེ་ལུགས་པ་ཞིག་དོན་གྱིས་བསྒྲུབས་ནས་ང་ཚོ་དགེ་ལྡན་པ་ཞེས་ཞེན་ཁོག་བྱེད་པ་འདི་དགེ་ལུགས་པའི་བསྟན་པ་དེ་འཛིན་དང་བཅས་པའི་མཚན་ལར་ཕན་པ་འདུག་གམ།གནོད་པ་འདུག་ལེགས་པར་སོམས་ཤིག ཡང༌། སངས་རྒྱས་ཀྱིས། ལེགས་པར་བརྟག་ལ་ང་ཡི་བཀའ། ཞེས་གསུངས་པས་སངས་རྒྱས་ཀྱི་གསུང་ལ་དྲང་ངེས་ཡོད་པས་རྒྱབ་འགལ་བྱས་པའི་གནོད་པ་མེད་དོ་སྙམ་ན། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནས་དོལ་རྒྱལ་བསྟེན་གསོལ་གནང་བའང་། གདུལ་བྱ་འགའ་ཞིག་ངོར་དགོས་པ་དམིགས་བསལ་དང་འབྲེལ་བར་བསྟེན་གསོལ་གནང་བ་ལས་ཐམས་ཅད་ཀྱིས་བསྟེན་གསོལ་དགོས་པའི་དགོངས་པ་མེད་ཅེས་བཤད་ན་འགལ་བ་ཅི་ཡོད།

༧གོང་ས་མཆོག་གི་དོལ་རྒྱལ་བཀག་སྡོམ་མཛད་པ་ཡང༌། བླ་མ་ལྔ་བཅུ་པ་ལས།རིགས་པ་ཡིས་ནི་མི་ནུས་ན། །མི་ནུས་དེ་ལ་ཚིག་གིས་སྦྱང༌། ཞེས་གསུངས་པ་ལྟར། ༧གོང་ས་མཆོག་ནས་སྐྱབས་རྗེ་རིན་པོ་ཆེར་སྙན་སེང་གིས་བཀའ་འཁྲོལ་ཐོབ་པ་བཀའ་སློབ་ནང་གསལ་བར་ཡོད་པ་དང༌། དེའི་དབང་གིས་སྐྱབས་རྗེ་རིན་པོ་ཆེ་ཉིད་ཕྱི་ལོ་ ༡༩༧༤ དགུན་ཐོག་མོན་གྷོར་ཞབས་སོར་འཁོད་དེ། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་སྐབས་དེའི་དོལ་རྒྱལ་བསྟེན་གསོལ་བྱེད་པའི་ཚོགས་པར།

དོལ་རྒྱལ་བསྟེན་གསོལ་མངོན་ཆུང་དགོས་པ་དང༌། ཅི་སྟེ་༧གོང་ས་མཆོག་ནས་བསྟེན་གསོལ་མཚམས་འཇོག་དགོས་སྐོར་བཀའ་སློབ་ཕེབས་ཚེ་དང་ལེན་ཞུ་དགོས་པའི་བཀའ་སློབ་གནང་བ་དང༌། བཀའ་སློབ་གནང་ཡུལ་གྱི་མི་ད་ལྟའང་གསོན་པོར་འཚོ་གནས་ཡོད།

སྐྱབས་རྗེ་བདེ་བར་གཤེགས་པས་བོད་བསྟན་སྲིད་སྤྱིའི་བདེ་ཐབས་དང་། མ་འོངས་སྔོན་གཟིགས་ཀྱི་ཞལ་གདམས་སྩལ་བའི་དམ་པའི་གསང་གསུམ་གྱི་མཛད་པ་རྨད་དུ་བྱུང་བ་དག་ཕོང་ཕྱིས་ལྟར་དོར། ད་དུང་ཞེན་

ཁོག་ཡིན་ཚུལ་གྱིས་སྐྱབས་རྗེ་རིན་པོ་ཆེའི་དགོངས་པར་ཡེ་མེད་པའི་གླེན་རྨོངས་ཀྱི་ངང་ཚུལ་རླུང་ལྟར་འཚུབ་ནས་བླ་སློབ་དབར་དང་སེར་སྐྱ་མང་ཚོགས་དབར་དཀྲུགས། དེས་མ་ཚད་༧གོང་ས་ཆེན་པོའི་མཚན་སྙན་སྲིད་པའི་རྒྱལ་མཚན་གྱི་རྩེ་མོར་བསྟོད་ཅིང༌། ས་གསུམ་འགྲོ་བ་ཀུན་གྱིས་རྩེ་གཅིག་ཏུ་བཀུར་བཞིན་པ་ལ།སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནས་༧གོང་ས་མཆོག་དང་འགལ་ཟླ་མཛད་ཚུལ་ཕྱོགས་བཞི་མཚམས་བརྒྱད་ལ་སྒྲོག་པ་འདི་ལྟ་བུའི་རྗེས་སུ་ནམ་ཡང་འབྲངས་རྒྱུ་ལྟ་ཅི།འདི་འདྲའི་གླེང་ཙམ་ཡང་སྨྲ་བརྗོད་འོས་པ་མིན། གཞན་ཡང་གནད་དོན་འདིར་འགོ་མཚུངས་ཀྱི་རིགས་པ་འདི་ལྟར་བརྗོད་པར་བྱ་སྟེ། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་༧གོང་ས་མཆོག་གི་བླ་མ་ཡིན་པས་དོལ་རྒྱལ་བསྟེན་གསོལ་གཅིག་གྱུར་མ་གནང་བས་༧གོང་ས་མཆོག་བླ་མ་དང་རྒྱབ་འགལ་ཡིན་ན། ༧གོང་ས་མཆོག་ཀྱང་སྐྱབས་རྗེ་རིན་པོ་ཆེའི་བླ་མ་ཡིན་པས་སྐྱབས་རྗེ་རིན་པོ་ཆེ་བླ་མ་དང་རྒྱབ་འགལ་དོན་གྱིས་བསྒྲུབས་པ་དང༌། སྐྱབས་རྗེ་ཕ་བོང་ཁ་པས་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་

ཆེན་པོར་གོང་དུ་སྤྲོས་པ་ལྟར་དོལ་རྒྱལ་བསྟེན་གསོལ་གནང་རྒྱུ་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་སོགས་ཞུ་འཛོལ་ཅི་མཆིས་བྱམས་གཟིགས་ཡོང་བའི་སྙན་ཞུ་ཕུལ་ཟིན་པའི་རྗེས་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་ཉི་མ་སྐྱེ་རྒུ་མདོར་མཇལ་འཕྲད་སྐབས་ཀྱི་ཞུ་དོན་ལྟར་བཀྲས་ལྷུན་དུ་དོལ་རྒྱལ་བསྟེན་གསོལ་སྐྱར་འཛུགས་གནང་འདུག་པས་རྗེ་ཕ་བོང་ཁ་པ་བླ་མ་དང་རྒྱབ་འགལ་དུ་དོན་གྱིས་སོང་བ་ཡིན།ལར་ནས་༧གོང་ས་མཆོག་གིས་སྐྱབས་རྗེ་རིན་པོ་ཆེའི་ཆོས་རྒྱུད་རྩ་བ་ནས་གཅོད་ཐབས་མཛད་ཚུལ་སོགས་སྨྲས་པ་ནི་གླེན་རྨོངས་ཀྱི་རང་མཚང་རྗེན་པར་བསྟན་པར་མ་ཟད། འདིས་ཀྱང་སྐྱབས་རྗེ་རིན་པོ་ཆེའི་མཚན་དང་མཛད་པ་ལ་གནོད་དམ།

ཕན་ལེགས་པར་སོམས། འདིར་ད་དུང་བརྗོད་པར་བྱ་བ་འདི་ཡོད་དེ། དེ་ཡང་ཇི་སྐད་དུ།

ཐུབ་པའི་ཉི་མ་དུས་ཀྱིས་ནུབ་གྱུར་ཏེ། །

མགོན་སྐྱབས་མེད་པའི་འགྲོ་བ་མང་པོ་ལ། །

རྒྱལ་བའི་མཛད་པ་ཉེ་བར་སྒྲུབ་མཛད་པའི། །

སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། ཞེས་གསུངས་པ་ལྟར། སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོའི་ཆོས་བརྒྱུད་ནས་སྤྱིར་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས། སྒོས་རི་བོ་དགེ་ལྡན་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཚང་ལ་མ་ནོར་བ་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས། ཕྱི་སོ་ཐར་གྱི་སྡོམ་ལྡན་ནང་བྱང་སེམས་ཀྱི་སྤྱོད་པ། གསང་བ་རིམ་གཉིས་ཀྱི་རྣལ་འབྱོར། ཉམས་བཞེས་མཛད་པའི་བཤད་སྒྲུབ་གཉིས་ལྡན་གྱི་ཆོས་རྒྱུད་ཅིག་ཡིན་པ་དང༌། འདི་ལྟ་བུའི་ཆོས་བརྒྱུད་ཡོངས་རྫོགས་༧གོང་ས་༧སྐྱབས་མགོན་ཆེན་པོས་འཛིན་སྐྱོང་སྤེལ་གསུམ་མཛད་པའི་ཐོང་དང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པས་རིས་མེད་འགྲོ་བ་མངོན་མཐོ་ངེས་ལེགས་ཀྱི་ལམ་དུ་བཀྲི་བའི་

མཛད་པའི་ཚུལ་ཆ་ཙམ་ཡང་མ་རྟོགས་པར་གདོན་འདྲེ་དོལ་རྒྱལ་གསོལ་མཆོད་འགོག་སྡོམ་གནང་བ་འདི་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་ཆོས་རྒྱུད་རྩ་བ་ནས་གཅོད་པར་མཛད་ཚུལ་ཟེར་བ་ནི་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་ཆོས་བརྒྱུད་དོལ་རྒྱལ་བསྟེན་གསོལ་བྱེད་པར་ལྟ་བའི་ལོག་རྟོག་ཤིན་ཏུ་ཐ་ཆད་པ་ཡིན་ནོ།

 

 

༡༠    ༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས།སེ་ར།འབྲས་སྤུངས།དགའ་ལྡན་གྱི་མཚོན་བོད་ཀྱི་སྤྱི་ཚོགས་ནང་དུ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཁྱབ་གདལ་ཆེན་པོ་རེད།ཁྱེད་རང་གི་བོད་པའི་སྤྱི་ཚོགས་ནང་༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་ཆོས་རྒྱུད་འཛིན་མ་ཆོག་པ་བཟོ་གི་ཡོད་ཙང་ད་ཆ་བསྟེན་གསོལ་བྱེད་མཁན་དེ་ཚོ་ཕལ་ཆེ་བ་འཇའ་ཡལ་ཚར་པ་རེད།

བསྟན་དོན་རླབས་པོ་ཆེའི་དགོངས་བཞེས་དང་།བསྟན་སྲིད་ནམ་མཁའ་དང་མཉམ་པའི་རྟེན་འབྲེལ་གྱི་སླད་དུ་༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་ནས་དགའ་ལྡན་ཚོགས་ཆེན་ནང་དུ་རྡོ་རྗེ་ཤུགས་ལྡན་གྱི་འདྲ་སྐུ་བྱིན་ཅན་ཞིག་འཇོག་གནང་མཛད་ཡོད།དགེ་འདུན་པ་ཚོས་དེའི་སྤྱན་སྔར་ཉིན་རེ་དགེ་སྦྱོར་སྒྲུབ་ཀྱི་ཡོད།དགེ་འདུན་པའི་འདོད་མོས་མེད་བཞིན་དུ་ཁྱེད་ནས་མགོ་བདེ་དང་བཙན་པོ་དབང་བཤད་ཀྱིས་སྐུ་དེ་ཉིད་ཚོགས་ཆེན་ནས་བཏོན་བཅུག་པ་མརེད་པས་ཞེས་ཟེར་བའི་སྐོར།

 

 

སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་སེ་ར་འབྲས་སྤུངས་དགའ་ལྡན་གསུམ་ལ་དོལ་རྒྱལ་བསྟེན་གསོལ་ཇི་ཙམ་ཡོད་མེད་ཀུན་གྱི་ཤེས་གསལ་ཡིན།སྔོན་རབས་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཁྱབ་གདལ་ཆེན་པོ་ཡོད་པ་ལྟར་བཞག        ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་སོགས་རྩོད་མེད་ཡོངས་གྲགས་ཀྱི་དགེ་ལྡན་སྐྱེས་ཆེན་ཁྲོད་ནས་དགག་པ་ཇི་མཛད་གོང་དུ་བཀོད་ཟིན།

ཉེ་བའི་མི་ཐོག་གི་ཆ་ནས་ཀྱང་དགའ་ལྡན་ཁྲི་པ་མི་ཉག་ཡེ་ཤེས་དབང་ལྡན་གྱིས་༧གོང་ས་སྐུ་ཕྲེང་བཅུ་གསུམ་པས་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་གནང་བདེའི་མཇུག་གནོན་གནང་ནས་དགའ་ལྡན་གླིང་ནང་བསྟེན་གསོལ་མངོན་ཆུང་བྱེད་དགོས་པ་བྱུང་།ལར་ནས་དབུས་གཙང་གི་གདན་ས་ཆེན་པོ་བཞི་དང་།གསང་ཆེན་རྒྱུད་གྲྭ་སྨད་སྟོད་བཅས་པར་བླ་མའི་གཙོ་བོར་འཇམ་མགོན་ཙོང་ཁ་པ་ཡབ་སྲས།ཡི་དམ་གྱི་གཙོ་བོར་བདེ་གསང་འཇིག་གསུམ།ཆོས་སྐྱོང་གི་གཙོ་བོར་མགོན་ཆོས་རྣམ་སྲས་གསུམ་ལས་ཆོས་སྐྱོང་གཞན་བསྟེན་གསོལ་ཐོག་མ་ནས་མེད་པ་ཀུན་གསལ་ཡོངས་གྲགས།དུས་ཕྱིས་བྱེས་འཁོད་དགེ་ལུགས་པའི་ཁྲོད་དུའང་རྩོད་པ་ཅན་གྱི་དྲེགས་པ་འདི་བསྟེན་པས་ད་ལྟའི་རྙོག་དྲ་འདི་ལྷགས་པ་རེད།དགེ་ལྡན་ཐུན་མོང་མ་ཡིན་པའི་བཀའ་སྲུང་ལ་དམ་ཅན་ཆོས་ཀྱི་རྒྱལ་པོས་མི་ཆོག་པའི་སྲུང་མ་གསར་པ་གཞན་དགོས་དོན་མེད་ཁར།དོལ་རྒྱལ་བསྟེན་གསོལ་བྱས་ན་བཀའ་སྲུང་འདི་དང་མི་འགྲིགས་པའི་གནད་ཅིག་ཐུགས་དམ་བརྟག་དཔྱད་ལན་གཅིག་མ་ཡིན་པ་ལན་གྲངས་དུ་མ་མཛད་དེ་ཐམས་ཅད་རྩེ་མཐུན་གཟིགས་ཏེ་དམ་བསྒྲགས་གནང་བ་ཡིན།

 

སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་ནས་དགའ་ལྡན་ཚོགས་ཆེན་ནང་རྡོ་རྗེ་ཤུགས་ལྡན་གྱི་སྐུ་འདྲ་བྱིན་ཅན་ཞིག་འཇོག་གནང་མཛད་ཡོད་ཅེས་པའི་སྐོར།ཧམ་བཤད་རི་ཙམ་གྱིས་བདེན་པ་གཡག་རོ་ཙམ་ཐོབ་ཐབས་སུ་དངོས་བདེན་གནས་ཚུལ་རྣམས་སྦས་བསྐུང་བྱས་འདུག

འདི་སྐོར།སྐབས་དེར་དམ་ལོག་སྤེལ་ཟུར་བས།དོལ་རྒྱལ་གྱི་སྐུ་བརྙན་བཞེངས་ཏེ་དགའ་ལྡན་ཚོགས་ཆེན་ནང་སྒྲིག་འཇོག་བྱས།ཁོ་པ་འཁྱེར་འཁོས་དམན་པས་འབུར་བརྙན་འདི་ཕུལ་བའི་སྐྱབས་བསྙེན་ཞུ་རྒྱུ་མ་བྱུང་བར་ལུས་པ་ལས།སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་སྐུ་ཚོགས་ཆེན་དུ་འཇོག་རྒྱུ་དང་འབྲེལ་བ་གཏན་ནས་མེད་ངེས་ཀྱི་ལོ་རྒྱུས་ཡོངས་གྲགས་ཁར།སྐབས་དེའི་དགའ་ལྡན་བླ་སྦྱིའི་ཕྱག་མཛོད་ད་ལྟ་ཞལ་བཞུགས་བྱང་རྩེ་མཁན་ཟུར་ཐུབ་བསྟན་སོགས་མི་གསོན་པོ་མང་པོ་འཚོ་བཞུགས་ཡོད།དོལ་རྒྱལ་གྱི་འབུར་བརྙན་དེ་ཚོགས་ཆེན་ནས་ཕྱིར་འདོན་དགོས་པ་ནི་དམ་ཅན་ཆོས་རྒྱལ་གྱིས་ཟན་བརྟག་ཐོག་ཐག་བཅད་ལུགས་༧རྒྱལ་བའི་བཀའ་སློབ་ནང་ཞིབ་གསལ་འཁོད་དོན་བཞིན་གྲ་མང་གོ་འདོད་བསྟུན་གྱི་སྒོ་ནས་སྤོ་བཤུག་གནང་བ་ཡིན།སྤེལ་ཟུར་གྱིས་བཞེངས་པའི་སྐུར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་བཞེངས་ཞེས་འདི་འདྲ་རྫུན་གཏམ་ལསུས་ཀྱང་ཡིད་ཆེས་བྱེད་མི་རུང་།

 

 

༡༡     ༧གོང་ས་མཆོག་ཉིད་ནས་རྡོ་རྗེ་ཤུགས་ལྡན་འདི་སྨོན་ལམ་ལོག་པ་ཅན་ཞིག་ཡིན་ཚུལ་བཀའ་སྩལ་འདུག      ད་ཆ་ཤུགས་ལྡན་རྒྱ་འདྲེ་ཡིན་ཁུལ་ཞིག་ཡང་གསུང་གི་འདུག    གོ་རྒྱུ་མེད་པའི་སྐྱོན་བརྗོད་འདི་ལ་སྒྲུབ་བྱེད་ཡང་དག་ག་རེ་ཡོད་པ་རེད།ཚིག་འདིའི་རིགས་མིའི་སེམས་ལ་ཕོག་ཐུག་ཤིན་ཏུ་ཆེན་པོ་ཡོད་པ་ཁྱེད་རང་གི་མཁྱེན་གྱི་ཨེ་ཡོད།དཔེར་ན་མི་ཞིག་གིས།༧གོང་ས་མཆོག་བོད་ཀྱི་རྒྱལ་རབས་ནང་རྒྱལ་པོ་ཐབས་སྡུག་ཤོས་དེ་རེད།གང་ཡིན་ཟེར་ན་ཁོང་བོད་ཀྱི་རྒྱལ་པོ་གནང་བ་དང་བོད་ལུང་པ་སྣོད་བཅུད་ཆབ་སྲིད་དང་བཅས་པ་དགྲའི་ལག་ཏུ་ཤོར་པ་རེད།ཅེས་བཤད་ན།ཉིད་ཀྱི་ཐུགས་ལའང་ཕོག་ཐུག་ཆེན་པོ་ཡོང་གི་མ་རེད་པས་ཞེས་ཟེར་བའི་སྐོར།

༧གོང་ས་ལྔ་པ་ཆེན་པོ་ནི་བོད་ཀྱི་ཆོས་བརྒྱུད་བླ་མ་གོང་མའི་ཕྱག་སྲོལ་དང་།བརྒྱུད་པ་མི་འདྲ་བ་ཙམ་ལས་དོན་དུ་བསྟན་པ་ཐམས་ཅད་འགལ་མེད་གནད་གཅིག་ཏུ་གཟིགས་ནས་རིས་མེད་ཆོས་བརྒྱུད་ཀུན་ལ་ཉམས་བཞེས་མཛད་མཁན་ཞིག་ཡིན།འདི་ལྟ་བུ་བསམ་གྱིས་མི་ཁྱབ་པའི་དམ་པའི་མཛད་པར་རྗེས་སུ་ཡི་རངས་ཞུས་ཏེ་ལྷ་མི་འབྲེལ་ཡོད་ཀུན་ནས་གུས་བཀུར་བརྩི་མཐོང་ཞུ་དགོས་རྒྱུ་སྨོས་མེད་ཀྱང་།དེ་ལས་བཟློག་སྟེ་དོལ་རྒྱལ་མི་བཟོད་པའི་ཕྲག་དོག་གི་ཟུག་རྔུ་དྲག་པོ་ལྡང་སྟེ་གནོད་ཅིང་འཚེ་བའི་བར་ཆད་བརྩམས་པས་ལས་སྦྱོར་མཛད་ཚུལ་ཀུན་གསལ་ཡོངས་གྲགས།ལོག་སྨོན་ཅན་ཞིག་མིན་པ་དང་།དེའང་རི་བོ་དགེ་ལུགས་པའི་བཀའ་སྲུང་།དེའི་ནང་ནས་འཇམ་དབྱངས་ཀྱི་རྣམ་རོལ་ཞིག་ཡིན་ན།༧གོང་ས་ལྔ་པ་མཆོག་སྤྱིར་བསྟན་འཛིན་གྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ།སྒོས་རི་བོ་དགེ་ལུགས་པའི་གདན་ས་ཆེན་པོ་གཙོ་བོར་གྱུར་པའི་བསྟན་པ་མཆོད་སྦྱིན་གྱི་མངའ་བདག་གཞུང་ས་དགའ་ལྡན་ཕོ་བྲང་ཞེས་ཆོས་སྲིད་གཉིས་ལྡན་བོད་གཞུང་གི་བླ་ན་མེད་པའི་དབུ་ཁྲིད་གང་དེར་གནོད་ཅིང་འཚེ་བའི་བགེགས་བར་བརྩམས་རྒྱུ་ལྟར་བཞག་གྲོགས་དང་འཔླིན་ལས་སྒྲུབ་དགོས་པ་ཞིག་ཡིན་ཡང་།

དོལ་རྒྱལ་ནས་དེ་ལས་ལྡོག་སྟེ་བོད་རྒྱལ་བསྟན་ཆབ་སྲིད་མཛད་གཙོ་དང་བཅས་པར་ཉེ་བར་བསྡོ་བ་སྔོན་གྱི་སྨོན་ལམ་ལོག་པའི་མཐུས་གྲུབ་པ་ཡིན་པ་རྒྱུ་མཚན་འདི་བས་ལྷག་པ་ཅི་ཞིག་དགོས།དོལ་རྒྱལ་རྒྱ་འདྲེ་ཡིན་མིན་སྐོར་༧གོང་ས་ལྔ་པ་ཆེན་པོ་མཆོག་གིས་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཆོས་སྲིད་གུང་དུ་འདེགས་པའི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་པར་མི་བཟོད་པའི་སྙིང་སྨྱོས་ཏེ་མཐོ་འཚམས་བྱེད་བབ་འདི་རྒྱ་འདྲེའི་བྱ་བ་བསྒྲུབས་པ་མིན་ན་གཞན་ཅི་ཡིན།

ལར་ནས།༧གོང་ས་༧སྐྱབས་མགོན་ཆེན་པོའི་མཛད་འཕྲིན་གྱི་གྲགས་སྙན་འཛམ་གླིང་ཕྱོགས་ཀྱི་འཁོར་ལོ་འགེངས་པའི་བསྔགས་བརྗོད་ཀྱི་མེ་ཏོག་འབུམ་དུ་འཐོར་བཞིན་པ་ལས་རྒྱ་དམར་གདོང་པ་སྨད་ཅིང་།ཕྲག་པ་གློད་པའི་བརྟུལ་ཞུགས་ལ་བཀོད་པའི་དབང་གིས་དེང་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་༧གོང་ས་མཆོག་དང་།གང་གིས་དབུ་ཁྲིད་པའི་བོད་གཞུང་ལ་མི་བཟོད་པའི་སྡང་ཟུག་སྐད་ངན་འབྱིན་པ་འདིའི་རྗེས་སུ་དོལ་རྒྱལ་རྗེས་འབྲངས་དང་བཅས་པ་ཞུགས་ཏེ་༧གོང་ས་མཆོག་ལ་ལོ་རྒྱུས་སུ་བྱུང་མ་མྱོང་བའི་མཚན་སྨད་སྐུར་འདེབས་ཞུས།བོད་མིའི་ཆིག་སྒྲིལ་གྱི་ནུས་པར་དབྱེན་སྦྱོར་དཀྲུག་ཤིང་གི་ལས་ཐབས་ཕྱི་ནང་གང་སར་རྩོམ་བཞིན་པ་འདིའི་བློ་ཕུགས་སུ་དོལ་རྒྱལ་ཡོད་པས་འདི་བས་ངན་ཚབས་ཆེ་བ་རྒྱ་འདྲེས་ཀྱང་བྱེད་རྒྱུ་ཅི་ཡོད།       ད་དུང་(གོ་རྒྱུ་མེད་པའི་སྐྱོན་བརྗོད་འདིར་སྒྲུབ་བྱེད་ཡང་དག་ག་རེ་ཡོད་རེད།)ཅེས་འུར་སྒྲོག་ཤོད་པ་འདི་རང་སེམས་རྒྱ་འདྲེས་ཟིན་པ་མིན་ན་ཅི་ཡིན།༧གོང་ས་༧སྐྱབས་མགོན་ཆེན་པོ་ནི་སྐུ་རི་དབང་ལྟར་བརྗིད།གསུང་ཚངས་དབྱངས་ལྟར་སྙན།ཐུགས་རྒྱ་མཚོ་ལྟར་ཟབ།འཇིག་རྟེན་ཆོས་བརྒྱད་དང་བྲལ་ཞིང་།བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་།ཡང་དག་པའི་ལྟ་བར་ཐུགས་དམ་ཉམས་བཞེས་རྩེ་གཅིག་ཏུ་གནང་།འགྲོ་བ་ཀུན་ལ་གཅེས་པའི་བུ་ལྟར་གཟིགས་མཁན་ཞིག་ཡིན་པས་བསྟོད་ན་དགའ།སྨད་ན་སྡུག་པའི་གཡོ་འགུལ་ཐེབས་མི་སྲིད་དོ།

 

༡༢      ཉིད་ཀྱི་ཤུགས་ལྡན་བསྟེན་གསོལ་མཚམས་འཇོག་གནང་རྒྱུའི་ཐོག་ལ་༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་ནས་ཐུགས་མོས་གནང་བྱུང་ཅེས་གསུངས་ཀྱི་ཡོད་རེད།བླ་མ་ཚད་ལྡན་གཞན་གྱི་གསུང་ཚོད་ལ།དེའི་ཐོག་ལ་༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཐུགས་ཕམ་ཚད་མེད་བྱུང་ཞིང་དྲང་དོན་ཙམ་དུ་ཞལ་བཞེས་གནང་འདུག       འོན་ཀྱང་ཁྱེད་ནས་མི་གཞན་དག་ལའང་ཤུགས་ལྡན་བསྟེན་གསོལ་མི་ཆོག་པའི་བཀག་འགོག་བྱེད་པ་འདི་ལ་ཐུགས་དགྱེས་པོ་རྩ་བ་ནས་བྱུང་མི་འདུག       དེ་ཙམ་མ་ཟད།ཤུགས་ལྡན་འདྲེ་ངན་ཡིན་པའི་ཁྱེད་རང་གི་ལོག་ལྟ་འདི་ལའང་ཁོང་གིས་ཞལ་བཞེས་གནང་མི་འདུག         དེར་བརྟེན་ནས་རང་གི་བཤེས་གཉེན་བསྟེན་ཚུལ་བརླག་པ་ལ་ཐེ་ཚོམ་ཅི།ལམ་གོང་མ་སྐྱེས་བའི་གཞི་རྩའང་རྩ་མེད་བཏང་འདུག་ཟེརབའི་སྐོར།

 

༧གོད་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དོལ་རྒྱལ་མཚམས་འཇོག་གནང་སྐོར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་སྙན་སེང་བཀའ་འཁྲོལ་ཞུས་ཚུལ་བཀའ་སློབ་ནང་།(གནས་ཚལ་སྔ་རྗེས་ཐམས་ཅད་གཅིག་དང་གཉིས་ཀྱིས་གསལ་པོ་ཞུས་པ་ཡིན།ཁྲི་བྱང་རིན་པོ་ཆེ་ནས་ཟན་བརྟག་དང་།གནས་ཆུང་ནས་དེ་འདྲ་ཕེབས་ཡོད་ན་དངོས་འབྲེལ་རེད།བསླུ་བ་ཡོད་པ་མ་རེད།གནས་ཆུང་ལ་ཆ་བཞག་ན་འགག་དོག་སར་སླེབས་དུས་བསླུ་བ་མེད་པའི་ལུང་ཨང་གི་དང་པོ་གང་འདྲ་གནང་གི་ཡོད་མེད་སེམས་གསལ་ཡིན།དེ་བཞིན་ཟན་བརྟག་ལ་ཆ་བཞག་ནའང་ལྷ་མོ་གསུང་བྱོན་མའི་སྐུ་ཐང་ལ་ཟན་བརྟག་བསྒྲིལ་བ་རེད།༧གོང་ས་ལྔ་པ་ཆེན་པོ་ཐེངས་གཅིག་གཤེགས་ཚར་རྗེས་སྡེ་སྲིད་ནས་གསང་སྒོ་ལོ་ག་ཚོད་དགོས་མིན་སོགས་སྡུག་སྐད་ཞུ་འབོད་ཤུགས་དྲག་བྱེད་པའི་སྐབས་ལ་ལྗགས་དབུགས་ཆད་ཚར་བ་དེ་ཡང་སྐྱར་གསོས་ནས།གལ་ཆུང་བ་དེ་ཚོ་ཁྱེད་རང་གིས་བློ་ཐག་གཅོད།གལ་ཆེ་བ་དེ་ཚོ་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཐུགས་དམ་གྱི་རྟེན་ལྷ་མོ་གསུང་བྱོན་མའི་སྐུ་ཐང་མདུན་དུ་ཟན་བརྟག་བསྒྲིག་ནས་ཐག་གཅོད་བྱེད།དེ་ལ་བསླུ་བ་མི་ཡོང་ཞེས་གསུངས་པའི་སྐུ་ཐང་འདི་རེད།

འདི་ལ་ཟན་བརྟག་བསྒྲིལ་ནས་ད་ཕན་ལ་བསླུ་བ་གང་ཡང་བྱུང་ཡོད་པ་མ་རེད།བསླུ་བ་མེད་ཐག་ཆོད་རང་རེད།)ཅེས་གསལ་རྗེན་འཁོད་པ་འདི་རེད།༧གོང་ས་མཆོག་དང་།སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་སྟེ་དོན་གྱི་བདག་པོ་གཉིས་ཀྱི་བཀའ་མོལ་ལ་ཚད་འཛིན་མི་བྱེད་པར།དེ་མིན་བླ་མ་ཚད་ལྡན་གཞན་གྱིས་བཀའ་འཁྲོལ་ཐོབ་མེད་ལུགས་གསུང་ཚུལ་ཟེར་བ་ལ་ཚད་འཛིན་ཇི་ལྟར་བྱེད།

ལར་ནས་རང་རྒྱུད་ཀྱི་དུག་གསུམ་ངོ་མ་ཤེས་པར་བླ་མའི་གསུང་ལ་དྲང་ངེས་འབྱེད་པ་ནི་ཤིན་ཏུ་ནས་འོས་པ་མ་ཡིན་ནོ།      ༧གོང་ས་མཆོག་(བཤེས་གཉེན་བསྟེན་ཚུལ་བརླག་)དང་།(ལམ་གོང་མ་སྐྱེ་བའི་གཞི་རྩའང་རྩ་མེད་བཏང་།)ཚུལ་བརྗོད་པ་འདིར།༧རྒྱལ་བས་བཤེས་གཉེན་བསྟེན་ཚུལ་ཇི་ལྟར་མཛད་པའི་བརྒྱ་སྟོང་གི་ཚ་ཙམ་ཡང་རང་ཅག་གིས་རྟོགས་པར་མི་ནུས་པས།རི་བོང་གནམ་རྡུབ་ཀྱི་སྡུག་བསྔལ་མ་བྱེད་ཅིག་བརྗོད་རྒྱུ་ལས་ལྷག་པའི་ལན་ལྡོན་པའི་ངལ་བ་དགོས་དོན་ཅི་ལ་ཡོད།

 

 

༡༣   ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་མཛད་རྣམ་ཕྱི་རྒྱལ་སྐད་དུ་ཡོད་པ་ཞིག་གི་ནང་།གནས་ཆུང་གིས་སྨན་ལོག་ཕུལ་ནས་སྐུ་དཀྲོངས་ཚུལ་གསལ་འདུག      ༧གོང་ས་མཆོག་ཉིད་ཀྱི་གསུང་བཤད་ནང་དུའང་གནས་ཆུང་འཇིག་རྟེན་པའི་ལྷ་རེད་ཅེས་གསུངས་འདུག    འདི་ཚོ་དོན་ལ་དངོས་གནས་ཡིན་ན།འཇིག་རྟེན་པའི་ལྷ་ཞིག་རང་གིས་རྩ་བའི་བླ་མ་ནང་བཞིན་གལ་ཆེན་པོ་ག་རེ་བྱས་ནས་བརྩིས་ཀྱི་ཡོད་རེད།ནང་པ་སངས་རྒྱས་ཀྱི་སྐྱབས་འགྲོའི་བསླབ་བྱ་དང་འགལ་འདུ་སྤྱད་ནས།གང་ཉིད་དང་ཉིད་ཀྱི་རྗེས་ཞུགས་གྲ་པ་ཚོས་འཇིག་རྟེན་པའི་དྲེགས་པ་ཞིག་ལ་བློས་ག་རེ་བྱས་ནས་བཀལ་གྱི་ཡོད་རེད་ཟེར་བའི་སྐོར།

 

ཕྱི་རྒྱལ་སྐད་དུ་ཡོད་པའི་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་མཛད་རྣམ་ནང་གང་བཀོད་རུང་།མ་བཀོད་རུང་དེ་ལ་ཡིད་རྟོན་དགོས་པ་གང་ཡང་མེད།འདི་སྐོར་ལོ་རྒྱུས་གླེང་སྒྲོས་མང་པོ་ཡོད།

ཡོངས་གྲགས་ཀྱི་ལོ་རྒྱུས་གཅིག་ལ།གནས་ཆུང་ནས་གསོལ་སྨན་ཕུལ་ཡང་སྨན་ལོག་ཕུལ་བ་བདེན་པ་མིན།དེ་ནི་སྐབས་དེའི་མགྲོན་ཆེ་བསྟན་འཛིན་ཆོས་གྲགས་དང་།སྤྱན་བསལ་ཀུན་འཕེལ་གཉིས་མ་འགྲིགས་པའི་གནས་ཚུལ་བྱུད་བས་མགྲོན་ཆེས་གོ་སྐབས་བཟུང་ནས་སྤྱན་བསལ་ཀུན་འཕེལ་ལ་སྨན་ལོག་ཕུལ་འཇུག་ཚུལ་ལ་བསྙད་དེ་ཉེས་ཆད་བཏང་བའི་བརྗོད་རིགས་བྱུང་ཡོད།ལར་ནས་གནས་ཆུང་གིས་སྨན་ལོག་ཕུལ་བ་ལ་མ་ལྟོས་པར་སྔོན་ནས་རྒྱལ་མཆོག་དགོངས་པ་གཞན་དོན་དུ་གཤེགས་རྒྱུ་ཡིན་པ་དོལ་རྒྱལ་རང་ཉིད་ནས་ཐག་བཅད་དེ་དགུ་རྫོགས་གནམ་གང་ཞེས་སྐད་གསངས་མཐོན་པོས་བཤད་ཡོད།༧རྒྱལ་མཆོག་དགོངས་པ་གཞན་དོན་དུ་གཤེགས་སྐབས་བོད་ཟླ་༡༠ཚེས༣༠ཡིན་པ་དང་།དོལ་རྒྱལ་གྱིས་དགའ་སྤྲོས་འབོད་སྒྲ་སྒྲོག་རྒྱུ་བོད་ཟླ་བདུན་པའི་ནང་ཡིན་པས་གནས་ཆུང་གིས་སྨན་ལོག་ཕུལ་བ་མིན་པ་ར་སྤྲོད་གསལ་པོ་འདིར་བསྟན་ཡོད།

གཞན་ཡང་།ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་དེབ་གཉིས་པའི་ནང་།(ལོ་འདིའི་ཟླ་༣ཚེས༡༣ཉིས་འབྲས་སྤུངས་བློ་གླིང་གྲྭ་དམངས་ནས་གནས་ཆུང་སྤྱན་འདྲེན་སྐབས་ལུང་སྩལ་དང་།སླར་ཡང་ཟླ༥ཚེས༣ཉིན་འབྲས་སྤུངས་བླ་སྤྱིའི་དབྱར་གསོལ་སྐབས་ཀྱི་བཀའ་ལུང་ནང་།ངེད་ཀྱི་སློབ་དཔོན་སྐུའི་གསང་གསུམ།སྤྱོད་པ་བརླང་པོ་དེ་ཙམ་ལ།སློབ་དཔོན་འདུས་ཚོགས་རྣམས་ཀྱིས་ཀྱང་ཐུགས་ཀྱིས་བཟོད་པ་ཨེ་འདུག་གམ།ཞེས་༧རྒྱལ་བའི་སྐུ་ལ་སྐྱེ་བོ་མི་བསྲུན་པས་བསམ་སྦྱོར་གྱི་གནོད་པ་ཡོད་ཚུལ་ཡང་ཡང་གསུངས་པ་དང་།ལྷག་པར་གཟིམ་ཆུང་སྤྱན་འདྲེན་སྐབས།སློབ་དཔོན་གྱི་སྐུ་གསུང་ཐུགས་དང་།མཛད་འཕྲིན་བཅས་པར་ཆེས་ཆེར་བསྡོ་བའི་བསམ་སྦྱོར་ལོག་པས་ངན་གཏད་མཆིས་པ་དེ་དག་གཏེར་སྟོན་བསོད་ནམས་རྒྱལ་མཚན་ལ་གྲྭ་རིགས་ཤིག་གིས་མཆིལ་ལྷམ་ཞིག་སྤྲད་སོང་བ་བརྩད་ཞིབ་བྱས་ན་ངེས་པ་རྙེད་ཚུལ་གསུངས་པར་བརྟེན།གཏེར་སྟོན་ཆེད་འབོད་ཀྱིས་བཀའ་འདྲི་གནང་བར།སྔ་ལོ་ཟླ༡༡པའི་ནང་བསྟན་གླིང་བླ་བྲང་གི་གསོལ་དཔོན་ཆོས་འབྱོར་ནས་འཇའ་ལྷམ་སྣ་རིང་ཞིག་སྟེར་བྱུང་བ་ཉིན་གཅིག་ལྷམ་དེ་གྱོན་རྩིས་བྱས་པར་སྣ་ཁྲག་འཛག་པས་ཇི་ཡིན་མ་ཤེས་པར་སོམ་ཉིེར་ལུས་ལུགས་གསུངས་པ་ལྟར་ལྷམ་དེ་ལམ་སེང་བླངས་ཏེ།གཏེར་སྟོན་དང་།གསོལ་གཟིམ་མཆོད་གསུམ་སོགས་སྐུ་མདུན་པ་ཚང་འཛོམས་སར་བཤིག་སྐབས་བོལ་སྲུབ་ནས་གཤིན་རྗེ་ཚེ་བདག་གི་སྲོག་སྔགས་ལ་སྦྱར་བའི་འཁོར་ལོར་མེ་བྱི་ལོ་པ་ཐུབ་བསྟན་རྒྱ་མཚོ་ཁུག་ཅེས་བྲིས་པ་ཐོན།

ཞེས་འཁོད་བབ་ལ་གཞིགས་ན་གནས་ཆུང་གིས་ཉིན་མཚན་དུས་དྲུག་ཏུ་༧གོང་ས་མཆོག་གི་སྐུ་ཕྱྭར་ཕྱི་ནང་གི་བར་གཅོད་འབྲུང་མིན་བྱ་ར་བྱེད་པའི་ལས་བཞིའི་འཕྲིན་ལས་གཡོ་བ་མེད་པ་དེ་ལྟ་བུ་ཡིན་བཞིན་དུ།དེས་སྨན་ལོག་འབུལ་ཚུལ་ལྕེ་བརྒྱ་སྤྲོས་ཏེ་ལོག་བཤད་བྱས་ཀྱང་གཟུར་གནས་སུས་ཀྱང་ཡིད་རྟོན་ག་ལ་བྱེད།

༧གོང་ས་མཆོག་ནས་གནས་ཆུང་འཇིག་རྟེན་པའི་ལྷ་ལ་ཞལ་གྱིས་འཆེས་པ་དང་།དེ་ལ་འཕྲིན་ལས་གཉེར་གཏད་མཛད་པ་ལ་འགལ་འདུ་ག་ལ་ཡོད།དེ་མིན་དོལ་རྒྱལ་ལ་རྩ་བའི་བླ་མ་ལས་ལྷག་པའི་བློ་གཏད་སྙིང་བཅོལ་སྐྱབས་ཡུལ་དུ་འཛིན་པ་བཞིན་༧གོང་ས་མཆོག་ནས་གནས་ཆུང་ལ་མཛད་ཚུལ་གང་ཡང་མེད་པས་སེམས་རྣལ་དུ་མ་ཕབ་པའི་བབ་ཅོལ་སྨྲ་བ་ལ་སྙིང་པོ་ཅི་ཡང་མེད་དོ།

 

 

༡༤   གནས་ཆུང་གི་ལུང་ལ་བློས་བཀལ་ནས།ཁྱེད་ནས་ཤུགས་ལྡན་འདི་༧གོང་ས་མཆོག་རང་ཉྀད་ལ་གནོད་མཁན།སྐུ་བསྙུང་བཅུག་མཁན།སྐུ་ཕྱྭ་ལའང་གནོད་སྐྱེལ་མཁན་གྱི་འཇིག་རྟེན་པའི་དྲེགས་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།འཇིག་རྟེན་པའི་ལྷ་འདྲེ་དྲེགས་པ་ཅན་གྱིས་གནོད་མི་ཐུབ་པ་དེ་ནང་པའི་སྐྱབས་འགྲོ་རྣམ་དག་རྒྱུད་ལ་ཡོད་པའི་ཕན་ཡོན་བརྒྱད་ཀྱི་ནང་ཚན་ཞིག་རེད།

དེ་ཡིན་ཙང་།ཁྱེད་རང་ལ་འཇིག་རྟེན་པའི་ལྷ་འདྲེ་དྲེགས་པ་ཅན་ཞིག་གིས་གནོད་ཀྱི་ཡོད་ན།སྐྱབས་འགྲོ་རྣམ་དག་རང་གི་རྒྱུད་ལ་མེད་པའི་རྟགས་མ་རེད་པས།གལ་ཏེ་དེ་ལྟར་ཡིན་ན།ཁྱེད་རང་༧གོང་ས་ཏཱ་ལའི་བླ་མ་ཡིན་ཡིན་ཞེས་ཇི་ལྟར་ཁུངས་སྐྱེལ་བྱེད་རུང་།འདི་འདྲའི་ནང་འགལ་ཚབས་ཆེན་རིགས་བཟོ་རྒྱུ་དྭོགས་གཟོན་གནང་དགོས་ཟེར་བའི་སྐོར།

 

 

གནས་ཆུང་ནི་བཅོམ་ལྡན་ཐུབ་པའི་དབང་པོ་ཞལ་མཇལ་ཅིང་དམ་བཞག་པའི་མ་གཅིག་སྲིད་གསུམ་བདག་མོ་དང་།གྲུབ་པའི་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་ལྕེ་ལ་བདུད་རྩི་སྦྱིན།སྤྱི་བོར་རྡོ་རྗེ་བཞག      བོད་ལྗོངས་ཁ་བ་རི་པའི་ཆོས་སྲིད་ཡོངས་ཀྱི་བདག་པོ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་ཀྱང་བཀའ་བསྒོས་དམ་ལ་གནས་པའི་ཆོས་སྐྱོང་དགྲ་ལྷ་འོད་ལྡན་དཀར་པོ་ཞེས་མངའ་གསོལ་བ་ལྟར་༧རྒྱལ་དབང་སྐུ་ཕྲེང་ན་རིམ་ལ་སྲི་ཞུ་སྣ་མང་བསྒྲུབས་ཡོད་ཅིང་།ཉེ་བའི་མི་ཐོག་གི་དབང་དུ་བྱས་ནའང་།རྒལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་རིང་ལ་ལུང་བསྟན་འཕྱུགས་མེད་མང་དག་གནང་བའི་གནས་ཚུལ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་འཁྲུངས་རབས་དེབ་ཐེར་ལྔ་པའི་ནང་ཞིབ་པར་གསལ་བ་ལྟར་འདིར་བཟློས་པའི་ངལ་བ་མ་བྱས་ཤིང་།དོལ་རྒྱལ་བསྟེན་གསོལ་འདིའི་སྐོར་༧གོང་ས་མཆོག་ནས་གནས་ཆུང་གི་ལུང་བསྟན་ཁོ་ནར་ཆ་འཇོག་མ་མཛད་པར་མི་ལོ་བརྒྱད་རིང་ཟན་བརྟག             སྐྱབས་མགོན་གང་ཉིད་ནས་ཀྱང་ཐུགས་སམ་སོགས་སྒོ་དུ་མ་ནས་ལན་གཅིག་ཙམ་མིན་པ་ལན་གྲངས་དུ་མར་བརྟག་དཔྱད་ནན་ཏན་ཆེན་པོ་མཛད་དེ།སྔ་ཕྱིའི་ལུང་བསྟན་དང་།བརྟག་པ་ཐམས་ཅད་རྩེ་མཐུན་བྱུང་ནས་དགོས་པ་གལ་ཆེར་དགོངས་ཏེ་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་མཛད་པ་ཞིག་ཡིན།

 

ཐུང་མོང་འཇིག་རྟེན་གྱི་སྣང་ངོར་འཇིག་རྟེན་དྲེགས་པའི་གནོད་ཚུལ་བཞེས་ན་སྐྱབས་འགྲོ་རྣམ་དག་རང་རྒྱུད་ལ་མེད་པར་ཐལ་བར་བསྒྲུབས་ནས་༧གོང་མཆོག་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་དུ་ངོས་འཛིན་ཞུས་པ་ནང་འགལ་འགྲོ་ཐབས་ལ་བརྩོན་པ་དེ།བརྗོད་པ་པོ་རང་ཉིད་ལ་ནང་འགལ་བསྒྲུབ་རྒྱུའི་གཏན་ཚིགས་རྡོ་རྗེའི་མེ་ལྕེ་འབར་བ་ཞིག་ཆགས་འདུག་པ་འདི་ལྟར་ཕ་རྒོད་བླ་མའི་ཞལ་གྱི་བདུད་རྩི་ནང་དོལ་རྒྱལ་གྱིས་སྐྱེས་ཆེན་དམ་པ་གཤམ་གསལ་བཅུ་སྐོར་དང་།མི་ཆེན་གསུམ་ལ་གནོད་འཚེ་བྱས་པ་དང་བཀྲོངས་ཚུལ་བརྗོད་དེ་དོལ་རྒྱལ་གྱི་མཐུ་དང་།ནུས་པར་བསྔགས་པ་བྱས་འདུག       མི་ཆེན་གྱི་སྐུ་སྲོག་ལ་བདོ་བ་འགལ།འཇིག་རྟེན་དྲེགས་པའི་ལྷ་ཡིན་ན་སྐྱེས་བུ་དམ་པ་དེ་དག་གི་རྒྱུད་ལ་སྐྱབས་འགྲོ་རྣམ་དག་མེད་ཅེས་པཎ་ཆེན་བསྟན་པའི་དབང་ཕྱུག་ལ་སོགས་པ་དགེ་ལུགས་པའི་སྐྱེས་ཆེན་འདི་དག་ཕྱི་རོལ་མུ་སྟེགས་པའི་གྲལ་ལ་འཇོག་རྒྱུ་ཡིན་ནམ།དེས་མ་ཚད།སྐྱབས་འགྲོའི་བསླབ་བྱའི་ནང་།མི་དང་མི་མིན་གྱིས་གནོད་པས་མི་ཚུགས་པ་ཞེས་པའི་གནད་ལ།དངོས་དོན་འགྲེལ་ཚུལ་ཡོད་བཞིན་དུ་༧གོང་ས་མཆོག་ལ་མཚན་སྨད་ཞུ་བ་འདི་དཔྱད་མི་བཟོད་པ་ཞིག་ཡིན།གཞན་ཡང་སྤྲུལ་སྐུ་གྲགས་རྒྱལ་༧རྒྱལ་བ་ལྔ་པའི་ཕྱག་མཛོད་ཀྱིས་བཀྲོངས་པར་བཤད་པས་དེ་ལའང་སྐྱབས་འགྲོ་སྟོང་པ་དོན་གྱིས་སོང་བས་སྐྱབས་འགྲོ་མེད་པའི་དགེ་ལུགས་པའི་སྐྱེས་ཆེན་བསམ་གྱིས་མི་ཁྱབ་པ་ཞིག་ངོས་འཛིན་བྱས་པ་མ་ཡིན་ནམ།དེ་ཡིན་ན་དགེ་ལུགས་པའི་ཞབས་འདྲེན་ཕྱོགས་དུས་ཀུན་ལ་བཞག་མི་འདུག་དམ་རྟོག་གེའི་རིགས་པའི་འགྲོས་དང་།རྣམ་དཔྱོད་ཡོད་ན་ལེགས་པར་སོམས་ཤིག

 

 

དོལ་རྒྱལ་གྱིས་ཆོ་འཕ།ུལ་ལ་བརྟེན་ནས་སྐུ་སྲོག་ཤོར་ཟེར་བའི་གྲས།

༡  པཎ་ཆེན་བསྟན་པའི་དབང་ཕྱུག

༢   པཎ་ཆེན་བློ་བཟང་ཐུན་བསྟན་ཆོས་ཀྱི་ཉི་མ།

༣    ཏྲེ་ཧོར་གཟིགས་རྒྱབ་སྐུ་གོང་མ་བློ་བཟང་དཔལ་ལྡན་ཆོས་ཀྱི་དབང་ཕྱུག

༤    རྩེད་ཉ་སྤྲུལ་སྐུ།༔

༥    ཆབ་མདོ་འཕགས་པ་ལྷ་ཧོ་ཐོག་ཐུ་བློ་བཟང་ཐུབ་བསྟན་མི་ཕམ་ཚུལ་ཁྲིམས་རྒྱལ་མཚན།

༦     ནག་ཆུ་སྒྲུབ་ཁང་སྤྲུལ་སྐུ་སྐུ་ཕྲེང་དྲུག་པ་ཐུབ་བསྟན་སྐལ་བཟང་བསྟན་འཛིན།

༧     ར་སྒྲེང་སྐུ་ཕྲེང་ལྔ་པ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་རྒྱལ་མཚན།

༨   བཞི་སྡེ་སྨྱུང་གནས་བླ་མ་བློ་བཟང་ཡེ་ཤེས་རྣམ་རྒྱལ།

༩   མཁར་རྡོ་སྤྲུལ་སྐུ་སྐལ་བཟང་ཐུབ་བསྟན་སྙན་གྲགས།

༡༠   ཀུན་བདེ་གླིང་རྒ་ཚག་རྗེ་དྲུང་ཧུ་ཐོག་ཐུ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱལ་མཚན།

 

མི་དཔོན་གྲས།

༡    ལྷ་ཀླུ་གུང་འཇིགས་མེད་རྣམ་རྒྱལ།

༢     རྩིས་དཔོན་ལུང་ཤར་བ།

༣    ཁྲི་སྨོན་ནོར་བུ་དབང་རྒྱལ།

 

ད་དུང་ཧམ་བཤད་ཀྱིས་༧གོང་ས་མཆོག་ལ་(འདི་འདྲའི་ནང་འགལ་ཚབ་ཆེན་རིགས་བཟོ་རྒྱུ་དོགས་གཟོན་གནང་དགོས)ཞེས་ངན་ཁག་མཚན་སྨད་ཞུས་ནས་རང་གིས་རང་ལ་ནང་འགལ་སྒྲུབ་པ་འདི་བསྟན་ཚིགས་ཀྱི་དོན་ལ་སྦྱངས་པའི་རྟོག་གེའི་རིགས་འགྲོས་དང་མཐུན་གྱི་འདུག་གམ།

ཡང་ན་ཡིག་དོན་འདིའི་ནང་སྐྱར་བཤད་ཡང་བཤད་ཟློས་སྐྱོན་མང་པོ་འདུག་པས་ཟེར་རྒྱུས་ཕོངས་ནས་རྒྱ་འདྲེ་སྙིང་ལ་ཞུགས་པའི་གཏམ་ཞིག་ཡིན་པ་གོར་མ་ཆགས།

 

 

༡༥      ཁྱེད་རང་གིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱས་ན་རང་གི་སྐུ་ཕྱྭ་ལ་གནོད་ཚུལ།བོད་དོན་གནོད་ཚུལ།བོད་སྤྱི་དོན་དང་རྒྱབ་འགལ་རེད་ཅེས་གསུངས་འདུག       འདི་ཚོ་ཚང་མ་བབ་ཅོལ་དུ་གསུང་པའི་ཚིག་ཙམ་རེད།བོད་མི་མང་མགོ་སྐོར་གཏོང་རྒྱུ་དང་།མི་དམངས་ཞེད་སྣང་སྐྱེ་བཅུག་རྒྱུ།རང་གི་ཞེན་འདོད་སྒྲུབ་བཅུག་རྒྱུ་བཅས་ཀྱི་ཆེད་དུ་ཁྱེད་རང་གི་འདི་ཚོ་བཤད་གི་ཡོད་རེད།མཆོག་ཉིད་ལ་ང་ཚོས་ངེས་པར་དུ་གཤམ་བཀོད་དྲི་བ་ཁག་ལ་ལན་གསལ་པོ་གནང་རོགས་ཞུ་དགོས་ཀྱི་འདུག

༡  རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ན་ཁྱེད་རང་གི་སྐུ་ཕྱྭ་ལ་གནོད་ཚུལ་གང་འདྲ་རེད།

༢   ལྷ་འདི་བསྟེན་ན་བོད་དོན་ལ་གམོད་སྟངས་གང་འདྲ་རེད།

༣    རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པ་འདི་བོད་སྤྱི་དོན་དང་འགལ་བ་ཇི་ལྟར་ཡིན་ཟེར་བའི་སྐོར།

 

དོལ་རྒྱལ་གྱིས་༧རྒྱལ་མཆོག་ལྔ་པའི་སྐུ་དུས་ནས་འགལ་རྐྱེན་བརྩམས་པ་དང་།༧རྒྱལ་མཆོག་ལྔ་པའི་་ཆབ་སྲིད་ཀྱི་རྒྱུན༧རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་ནས་བསྐྱངས་ཏེ་སྐུ་ཕྲེང་བཅུ་གསུམ་པས་དམ་བསྒྲགས་གནང་སྟབས་སྐུ་གཤེགས་པའི་དུས་དགའ་བའི་རྣམ་འགྱུར་བསྟན་ལུགས།

༧གོང་ས་༧སྐྱབས་མགོན་ཆེན་པོས་དམ་བསྒྲགས་དང་།ཟློག་པ་གནང་ཚུལ།ད་དུང་དོལ་རྒྱལ་བསྟེན་མཁན་ཞིག་ཆོས་ཞུར་བཅར་ན་དམ་ཚིག་ཉམས་ཆག་དབང་གི་བླ་མའི་སྐུ་ཚེར་གནོད་ཚུལ་སྐོར་དང་།བོད་སྤྱི་དོན་སྒྲུབ་པ་ལ་བོད་མི་མང་ཚོགས་ནས་བསོད་ནམས་གསོག་དགོས་ལུགས།དེ་ཡང་བོད་ལ་དམིགས་བསལ་གྱི་ཐུགས་བསྐྱེད་ཡོད་པའི་སློབ་དཔོན་ལ་གསོལ་འདེབས་དགོས་ཚུལ།ཆོས་རྒྱུད་ལ་ཆག་སྡང་བྱས་ན་ཆོས་ལ་བརྟེན་པའི་ཉེས་སྡུག་ཚབས་ཆེས་བསོད་ནམས་ཉམས་ཆག་འགྱུར་བས་མ་ཚད།བོད་མི་ནང་ཁུལ་དམ་ཚིག་མི་མཐུན་པ་ཡོང་རྒྱུ།ནང་ཁུལ་དམ་ཚིག་ཆིག་སྒྲིལ་མ་བྱུང་ན་བོད་སྤྱི་དོན་ལ་གནོད་འགལ་ཡོངས་ལུགས་སོགས་༧རྒྱལ་བའི་བཀའ་སློབ་རིམ་ཅན་ནང་ཞིབ་ཏུ་འཁོད་ཡོད་པའི་དོན་ཇི་བཞིན་མ་རྟོགས་པར།ད་དུང་དྲི་བ་འདོན་པ་ནི།རང་བློ་ཕྱོགས་ལྷུངས་གདོན་གྱི་གཞན་དབང་དུ་སོང་བས་ནོངས་པ་ཡིན།

ལར་ནས་དྲི་བ་འདི་ལྟ་བུ་ཞུས་པ་འདི་ལ་གཟུར་གནས་དཔྱོད་ལྡན་སྤྱི་དང་།ལྷག་པར་ནང་པ་སངས་རྒྱས་པ།སྒོས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཚང་ལ་མ་ནོར་བའི་བསྟན་པའི་གནད་ཤེས་ཤིང་བཞེད་རྒྱུན་འཛིན་པ་ཀུན་གྱིས་ཞེ་དགོད་ཤོར་བའི་གནས་ཤིག་ཆགས་མི་འདུག་གམ།  ཐུགས་དམ།     ཟན་བརྟག།      ་ལུང་བསྟན།     དག་སྣང་དང་།    ཉམས་སྣང་སོགས་ཆོས་ཕྱོགས་ཀྱི་བརྟག་ཐབས་སྒོ་དུ་མ་ཞིག་ཡོད་པ་བོད་གངས་ཅན་ཁྱོན་ལ་རྩོད་མེད་ཡོངས་གྲགས་ཤིག་ལ།འདི་དག་ཐམས་ཅད་བྱུང་རིམ་བཞིན་དུ་སྐྱེད་ཆེན་ཚད་ལྡན་རྣམས་ལ་ཁུངས་སྐྱེལ་ཇི་ཡོད་དྲི་ཞིབ་བྱེད་པའི་དམ་ཉམས་ཀྱི་སྲོལ་ངན་འདི་འདྲ་བོད་སྲིད་སྲིད་པ་ཆགས་ནས་ད་བར་བྱུང་མེད།

ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་གླིང་བཞིའི་བཀོད་པ།འཇིག་རྟེན་ཆགས་འཇིག་གི་བགྲོད་རིམ།འཛམ་གླིང་བྱེ་བ་ཕྲག་བརྒྱ་གསུང་ཡོད་པས་བཅོམ་ལྡན་འདས་ད་ལྟ་ཐུན་མོང་གདུལ་བྱའི་སྣང་ངོར་ཞལ་མ་བཞུགས་པ་མ་གཏོགས་ཡོད་ན་སྟོན་པ་ཚད་མའི་སྐྱེས་བུ་དེ་ལའང་ཁུངས་སྐྱེལ་ག་རེ་ཡོད་ཅེས་ལོག་ལྟ་ཅན་ཁྱེད་ཚོས་དྲི་རྒྱུ་ཡིན་པ་གདོན་མི་ཟ།མ་ཟད་བསྟན་པའི་གནས་ཚད་ལྔ་བརྒྱ་པ་ཕྲག་བཅུ་ནས།ད་ཆ་བསྟན་པ་གནས་པའི་ཡུན་ཚད་ལོ་གྲངས་༢༡༢༤མ་གཏོགས་མེད་པར་ཡང་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས།སྟོན་པའི་གཏད་རབས་བདུན།རྒྱན་དྲུག་མཆོག་གཉིས་སོགས་རྒྱ་བོད་མཁས་གྲུབ་་བསམ་གྱིས་མི་ཁྱབ་པ་འདི་ཚོར་ཁུངས་སྐྱེལ་གང་ཡོད་ཅེས་དྲི་ཞིབ་བྱེད་རྒྱུ་ཡིན་ནམ།ལར་ནས་དོལ་རྒྱལ་རང་ཉིད་ནས་ཀྱང་ལུང་བསྟན་མང་དག་ཅིག་རྒྱབ་ཡོད་པས་ལུང་བསྟན་ཚང་མར་ཁུངས་སྐྱེལ་གང་ཡོད་དྲི་གི་ཡོད་དམ།ཡོད་ན་སེར་སྨད་སྤོམ་ར་ཁང་ཚན་ནས་དོལ་རྒྱལ་ཁོག་བླམས་བྱས་པར་ལུང་འདྲེའི་དོན་གཅིག་ལ།

དོལ་རྒྱལ་ནས་འབྲེལ་ཡོད་སྦྱིན་བདག་སོགས་ཀྱི་འགལ་རྐྱེན་སེལ་ཕྱིར་རིམ་འགྲོ་རིམ་པ་སྒྲུབ་ཟིན།དེ་གས་འཐུས་རྒྱུ་བརྗོད་འདུག་པས་དེ་གས་འཐུས་ཚུལ་གང་འདྲ་རེད།ཅེས་དྲིས་ལན་ཅི་ཡོད།སྟག་ཕུ་རྡོ་རྗེ་འཆང་ལ་དོལ་རྒྱལ་སྐོར་དག་སྣང་བྱུང་ཚུལ་ཁྱེད་ཚོས་ཁས་ཆེ་བ་དང་།དོལ་རྒྱལ་འདུལ་འཛིན་གྲགས་པ་བཞིན་པ་འདི་ལའང་ཁུངས་སྐྱེལ་གང་ཡོད་ཅེས་དྲིས་ན་ད་ལྟ་ཤོད་བཞིན་པའི་དོལ་རྒྱལ་གྱི་བསྟོད་བསྔགས་གཏོང་རྒྱུ་འདི་སྐྱར་བཟློག་ཡང་བཟློག་ཀྱིས་ངའི་བླ་མས་ཟེར།བླ་མ་ལ་སུས་ཟེར་ན་སྟག་ཕུའི་དག་སྣང་བྱུང་བ་དང་།འདི་དག་གི་གསུང་ཚད་མར་འཛིན་དགོས་ཏེ།འདི་དག་ཚད་ལྡན་གྱི་བླ་མའོ་ཞེས་བརྗོད་རྒྱུ་ཡིན་ན་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱང་བོད་འབངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་བསམ་བཞིན་དུ་བྱོན་པ་འཕགས་མཆོག་འཇིག་རྟེན་མགོན་པོའི་རྣམ་རོལ་སྐྱེས་བུ་ཚད་མ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པས།འདི་ཉིད་ཀྱི་ཡང་དག་པས་གསུང་ཡིན་པ་དང་།མགོན་པོ་གང་གི་གསུང་ཉིད་དཔྱད་གསུམ་རྣམ་པར་དག་པས་མི་བསླུ་བ་གྲུབ་པ་ཉིད་ཡིན།

དེས་ན་མངོ་སྔགས་ཟུང་འབྲེལ་གྱི་བསྟན་པའི་གནད་ཤེས་པའི་ཚུལ་ལུགས་ཀྱི་སྒོ་ནས་བརྟག་ཐབས་རིམ་པར་མཛད་པའི་གནད་དོན་དང་མཐུན་ཞིང་།ཚད་མའི་གཞུང་ལུགས་ཀྱི་ལུང་རིགས་དཔྱད་དོན་གྱི་ཆ་ནས་ཀྱང་ཡིད་རྟོན་ཞུ་འོས་པའི་རྒྱལ་བའི་བཀའི་དགོངས་དོན་ཞིག་ཡིན་པ་ལ་མི་དགེ་བའི་བཤེས་གཉེན་དང་།སྡིག་གྲོགས་ཀྱི་དབང་དུ་སོང་བ་ཞིག་ཡིན་ན་ལས་དེ་མིན་ཕྱི་ནང་སྐྱེ་བོ་མཆོག་དམན་ཀུན་ནས་མགོན་པོ་གང་གི་གསུང་ལ་ཡིད་ཆེས་ཞུ་བཞིན་པའི་གནད་དོན་གཅིག་དང་།ལོ་རྒྱུས་ཀྱི་ཆ་ནས་ཀྱང༧གོང་ས་ལྔ་པའི་སྐབས་ནས་དོལ་རྒྱལ་དང་མི་འགྲིགས་པའི་གནས་ཤིག་བྱུང་བ་དང་།དེའང་གོང་དུ་བརྗོད་པ་ལྟར།༧གོང་ས་ལྔ་པ་མཆོག་གིས་བོད་ཀྱི་ཆོས་བརྒྱུད་རིས་མེད་ལ་དག་སྣང་གུས་བཀུར་ཉམས་བཞེས་གནང་བར་དོལ་རྒྱལ་མི་བཟོད་པའི་སྙིང་ནད་ལྡང་ཞིང་།ལྷག་པར་༧གོད་ས་ལྔ་པ་ཆེན་པོས་བོད་གཞུང་དགའ་ལྡན་ཕོ་བྲང་པ་དབུ་བརྙེས།ཆོས་སྲིད་ཀྱི་མཛད་ཁུར་བཞེས་པ་ལ་དེ་བས་ཀྱང་ཆེས་མི་བཟོད་པའི་ཕྲག་དོག་གི་སྙིང་དུག་ཆུས་མྱོས་ཤིང་།

༧གོང་ས་ལྔ་པ་ཆེན་པོ་མཆོག་སྐུ་ཚེ་མཛད་འཕྲིན་རྒྱས་ན་བོད་གཞུང་དགའ་ལྡན་ཕོ་བྲང་པའི་དབུ་འཕང་གུང་དུ་འདེགས་རྒྱུར་མི་བཟོད་ནས་༧གོང་ས་ལྔ་པ་མཆོག་དང་།དོལ་རྒྱལ་ནང་གཞིན་མི་དགེ་བས་གནོན་སྲེག་འཕངས་གསུམ་མཛད་དགོས་བྱུང་།དེ་ནས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་།ཚད་ལྡན་དགེ་ལྡན་པའི་བླ་མ་མང་པོས་ཀྱང་བསྟེན་གསོལ་ནམ་ཡང་མ་མཛད་ཁར།རྗེ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དང་།ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་ནས་དམ་བསྒྲགས་གནང་བ་ཞིག་ལ་བླུན་རྨོངས་འགས།ཡབ་གཅིག་འཇམ་དཔལ་རྡོ་རྗེ་མཐུ་ལྡན་སྲུང་མའི་ཟོལ་འཆང་ཞེས་བསྟོད་ནས།འདིན་ཉིད་བླ་མ་ལྷ་སྲུང་ཀུན་འདུས་ཀྱི་ངོ་བོར་བཟུང་བ་འདི་རྩོད་གཞིན་ཅན་དུ་གྱུར།གླེང་རྙོག་རྒྱུན་མ་ཆད་མི་ལོ་བརྒྱ་ཕྲག་ནས་ད་བར་བྱུང་།གནས་ལུགས་དང་།ལོ་རྒྱུས་འདི་དག་ལ་བལྟས་ནའང་དོལ་རྒྱལ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཕྱྭ་དང་།བོད་བསྟན་སྲིད་ལ་གནོད་ཀྱི་ཡོད་པ་གྲུབ་ཅིང་།

གཞན་ཡང་།ཇི་སྐད་དུ།

བདེ་གཤེགས་སྐུ་གསུམ་རྒྱན་གྱི་འཁོར་ལོ་ནི།།

ཐབས་མཁས་སྒྱུར་ཕྲུལ་དྲ་བའི་འཇོ་སྒེག་ལས།།

ཐ་མལ་ཚུལ་གྱིས་འགྲོ་བ་འདྲེན་མཛད་པ།།

སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས།།ཞེས་གསུངས་པ་ལྟར།

ཐུན་མོང་མ་ཡིན་པའི་སྣང་ངོར་བདག་ཅག་རྣམས་ལ་འདྲེན་པ་དང་།བཀྲིན་མཚུངས་ཟླ་མ་མཆིས་པ་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་མཐའ་སུས་ཀྱང་རྟོགས་པར་ག་ལ་ནུས་ཤིང་།ཐུན་མོང་བའི་སྣང་ངོར།

འདུས་པའི་རྩ་རྒྱུད་ལས།

ཕྱི་རུ་ཉན་ཐོས་སྤྱོད་པ་བསྐྱོད། །

ནང་ནི་འདུས་པའི་དོན་ལ་དགའ། ཞེས་གསུངས་པ་ལྟར། ཕྱི་སྐུ་གསུང་གི་སྤྱོད་པ་འདུལ་བ་ལྟར་དང༌། ནང་ཐུགས་ཀྱི་སྒོམ་པ་བྱང་སེམས། གསང་བ་སྔགས་བླ་མེད་ཀྱི་རྣལ་འབྱོར་དང་ལྡན་པའི་ཐ་མལ་པའི་ཚུལ་གྱིས་འགྲོ་བ་སྤྱིའི་བདེ་ཐབས་ལ་གཞོལ་ཅིང་། ལྷག་པར་བོད་མི་རིགས་ཀྱི་བདེ་རྩར་བོད་གཞུང་དགའ་ལྡན་ཕོ་བྲང་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མཛད་བཞིན་པར་བརྟེན། ལོ་རྒྱུས་བྱུང་རིམ་གྱིས་ཆ་ནས་དོལ་རྒྱལ་སྙིང་མི་བཟོད་པའི་སྐུ་ལ་བསྡོ་བའི་ངན་ཚབ་བྱེད་རྒྱུ་ཡིན་པ་གྲུབ་ཅིང༌། དེ་དང་ཕྱོགས་མཚུངས་༧གོང་ས་ཆེན་པོ་མཆོག་ནས་འཛམ་གླིང་ཆོས་ལུགས་ཕན་ཚུན་གུས་བཅངས་དག་སྣང་མཐུན་གཤིབས་ཀྱི་འབྲེལ་ལམ་བྱུང་ན་རྒྱལ་སྤྱིའི་ཁྱོན་གྱི་བདེ་རྩར་དོན་ལྡན་གྱི་ཕན་རླབས་ཡོང་གནས་དང༌། ཡང་སྒོས་བོད་ཀྱི་ནང་པའི་ཆོས་བརྒྱུད་རྣམས་སྟོན་པ་གཅིག་གི་རྗེས་འཇུག་ཡིན་པས་ནང་ཁུལ་དད་པ་དག་སྣང་བརྩི་བཀུར་ཞུ་དགོས་སོགས་རྒྱ་ཆེ་གུ་ཡངས་ཀྱི་ལམ་སྟོན་གནང་བ་དང༌། ༧གོང་ས་མཆོག་ནས་ཀྱང་དེ་དོན་ཐུགས་ཉམས་སུ་བསྟར་དེ། རྒྱལ་མཆོག་ལྔ་པ་དང་གཉིས་སུ་མེད་པའི་འཕྲིན་ལས་ཀྱི་རྒྱལ་མཚན་ཕྱོགས་ཀྱི་ཁོར་མོ་ཡུག་ཏུ་འཛུགས་པར་མཛད་པའི་བཀྲིན་ཀུན་གསལ་ཡོངས་གྲགས་ཀྱི་གནས་ལ་བརྟེན། མགོན་པོ་གང་གི་མཛད་པ་དང༌།གང་གི་རྗེས་སུ་སྒྲུབ་པའི་བོད་སྤྱི་དོན་ལ་དོལ་རྒྱལ་གྱི་གནོད་ཚབ་ཡོང་རྒྱུ་གདོན་མི་ཟ་བ་སྟེ། དང་པོ་རྒྱལ་མཆོག་སྐུ་ཕྲེང་ལྔ་པ་དང་མཛད་པ་རྗེས་སུ་མཐུན་ཞིང་།དེ་འབྲེལ་གཞུང་ས་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་དབུ་འཕང་གུང་ལ་རེག་རྒྱུར་དོལ་རྒྱལ་སྙིང་མི་དགའ་བའི་ལོ་རྒྱུས་ཡོངས་གྲགས། གཉིས་པ་དོལ་རྒྱལ་རྗེས་འབྲངས་དང་བཅས་པ་ཆོས་ཀྱི་ཕྱོགས་མཐར་ལྷུངས་ནས་ཆོས་བརྒྱུད་ནང་གཤིན་འོ་ཆུ་གཅིག་འདྲེས་སུ་དགེ་བར་མི་དགའ་བའི་རིང་ལུགས་འཛིན་མཁན་ཡིན་པ་བཅས་ལས་ཀྱང་དོལ་རྒྱལ་ནས་༧གོང་ས་མཆོག་གི་སྐུ་ཕྱ་དང་བོད་བསྟན་པ་ཆབ་སྲིད་ལ་གནོད་ཅིང་འཚེ་བའི་བགེགས་བར་བྱེད་རྒྱུ་ཡིན་པ་དོན་གྱིས་གྲུབ། །

ཡང༌། དོལ་རྒྱལ་ནས་༧གོང་ས་མཆོག་གི་སྐུ་ཕུར་བསྔོ་བའི་གཏན་ཚིགས་ཀྱི་དན་རྟགས་འདི་ཡོད་དེ། གོང་དུ་བརྗོད་པ་ལྟར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པར་གནས་ཆུང་གིས་སྨན་ལོག་ཕུལ་ཏེ་དགོངས་པ་གཞན་དོན་དུ་གཤེགས་ཚུལ་དུས་དེ་སྐབས་ནས་དོལ་རྒྱལ་རྗེས་འབྲངས་ཀྱིས་མ་ཉེས་ཁ་གཡོག་བྱས་ནས་རྙོག་གླེང་ཆེད་བཟོས་ཀྱིས་རང་གཞན་ཀུན་གནས་བཟོད་མི་བདེ་བའི་བསྟན་པ་སྤྱིའི་སྒེག་དབང་ཇི་ཙམ་བཟོས་ཡོད་པ་ལོ་རྒྱུས་ཡོངས་གྲགས། གོང་དུ་བརྗོད་པ་ལྟར་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་པ་ཆེན་པོ་མཆོག་བོད་ཟླ་ ༡༠ ཚེས་ ༣༠ ཉིན་དགོངས་པ་གཞན་དོན་དུ་གཤེགས་རྒྱུ་ཡིན་པ་ལ་དོལ་རྒྱལ་ནས་བོད་ཟླ་ ༧ པའི་ནང་དགའ་

འབོད་བྱས་པའི་ཕྱོགས་དེར་དཔྱད་ནའང་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོར་གནས་ཆུང་གིས་སྨན་ལོག་ཕུལ་འདུག་གམ། དོལ་རྒྱལ་ནས་མཐོ་འཚམས་བྱས་འདུག འགྲེལ་བརྗོད་མ་དགོས་པ་གསལ་པོ་རྟོགས་ཐུབ་ཀྱི་མི་འདུག་གམ་ཞེས་སྐྱར་བརྗོད་བྱེད་ཀྱི་ཡོད།

ཡང༌། སྒྲུབ་བྱེད་གཞན་ཞིག་ལ། ༧གོང་དུ་བརྗོད་པའི་ཡོངས་གྲགས་ཀྱི་སྐྱེས་ཆེན་དམ་པ་བཅུ་དང༌། མི་ཆེན་གསུམ་བཅས་ཀྱིས་རིས་མེད་ཆོས་བརྒྱུད་ལ་ཉམས་བཞེས་མཛད་པའི་དམ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་བསྐྱངས་པ་ལ།དོལ་རྒྱལ་མི་བཟོད་པའི་སྙིང་ནད་ཀྱིས་བླ་ཆེན་མི་ཆེན་འདི་དག་བཀྲོངས་ཚུལ་ལ་བལྟས་ན། ༧གོང་ས་མཆོག་ནས་ཀྱང་རིས་མེད”མེད་ཆོས་བརྒྱུད་ལ་དག་སྣང་ཉམས་བཞེས་མཛད་པས་དོལ་རྒྱལ་སྙིང་ལ་ཟུག་ངུ་ལྡང་ནས་མཐོ་འཚམས་རྒྱུ་ཡིན་པར་ཐེ་ཚོམ་ཅི་ཡོད།

ཡང༌། ནན་བརྗོད་བྱེད་རྒྱུ་གཞན་ཞིག་ལ། བསྟན་དགྲ་རྒྱ་ནག་གཞུང་ནས་ཀྱང་༧གོང་ས་མཆོག་ལ་འདི་ལྟ་བུའི་མཚན་སྨད་ཞུ་རྒྱུ་དང༌། བོད་མིའི་དབར་དཀྲུགས་ཤིང་གི་ཡིག་ཁྱམ་འགྲེམས་བསྒྲགས་བྱེད་རྒྱུ་མ་དྲན་པ། ད་ལྟ་དོལ་རྒྱལ་རྗེས་འབྲངས་ཆོས་བྱེད་བཞིན་པ་འདི་བོད་སྤྱི་དོན་ལ་གནོད་ཚབས་འདི་བས་ཆེ་བ་ག་ལ་ཡོད། དེའང་དོལ་རྒྱལ་དང་རྒྱ་འདྲེ་བྱ་སྤྱོད་མིན་ན་གཞན་ཅི་ཡིན།བོད་ཀྱི་བསྟན་སྲིད་ལ་བཀའ་དྲིན་ཟླ་མེད་རྒྱལ་མཆོག་ལྔ་པ་ཆེན་པོ་དང༌།རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་རླབས་ཆེན་བསྟན་སྲིད་མཛད་འཕྲིན་ལ་སྙིང་

ནས་མི་བཟོད་པ་བྱེད་པོ་དེས། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་བོད་བསྟན་སྲིད་ལ་བསྔོ་བ་ནི་ཚད་མས་ངེས་པ་རྙེད་པ་ཞིག་ཡིན།

ཡང༌། གནད་དོན་གཞན་ཞིག་ངོ་སྤྲོད་བྱེད་རྒྱུ། ༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཕྱྭ་མཛད་འཕྲིན་དང༌། བོད་གཞིས་བྱེས་གཉིས་ཀྱི་བདེན་དོན་འཐབ་རྩོད་ཀྱི་འབྲས་བུ་བཅས་ནི། བོད་མི་སེར་སྐྱ་མང་ཚོགས་ཀྱི་སྤྱི་མཐུན་བསོད་ནམས་དང༌། དད་པ་དམ་ཚིག་ཐོག་ནས་ཕན་གནོད་ཆེན་པོ་འབྲེལ་བཞིན་པ་ནི་རྟེན་འབྱུང་

ལྟོས་གྲུབ་ཀྱི་དངོས་དོན་ཞིག་ཡིན་པ་ངེས་པར་ཤེས་རྟོགས་དགོས། དེར་བརྟེན་གོང་དུ་བརྗོད་པའི་དོལ་རྒྱལ་རྗེས་འབྲངས་དང་བཅས་པའི་བྱེད་བབ་འདི། ། སྤྱི་མཐུན་བསོད་ནམས་མ་ཡིན་པའི་ལས་ཚབས་པོ་ཆེ་གསོག་པའི་གཞི་མ་ཡིན་པས་འདིའི་ཆ་ནས་ཀྱང༌། སྐུ་ཕྱྭ་དང་བསྟན་སྲིད་ལ་གནོད་པ་དོན་གྱིས་གྲུབ་པ་ཤེས་པར་གྱིས། གཞན་ཡང་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་ནས་ཀྱང་ལྷ་མོ་དང་།རྒྱལ་ཆེན་གཉིས་མི་མཐུན་པ་ཡོང་གནས་འདི་བོད་བསྟན་སྲིད་ཀྱི་ཐོག་ནས་ཡོང་གི་ཡོད་པ་ཞལ་གྱིས་བཞེས་ཚུལ་བཀའ་སློབ་ཕྱག་དེབ་ནང་གསལ་བར་འཁོད་འདུག་པ་བཅས། འདི་ཡན་ལོ་རྒྱུས་དང༌། གཏན་ཚིགས་ཀྱི་འགྲོས་ཀྱི་སྒོ་ནས་དོལ་རྒྱལ་ནས་༧གོང་ས་མཆོག་ཀྱི་སྐུ་ཕྱྭ་དང༌། བོད་དོན་བཅས་ལ་གནོད་ཚབས་ཇི་འགྱུར་ར་སྤྲོད་མདོ་ཙམ་ཞིག་བྱས་ནས་ད་དུང་བརྗོད་རྒྱུ་ཞིག་ནི། ༧གོང་ས་མཆོག་གི་དོལ་རྒྱལ་སྐོར་ཐུགས་དམ་ཟན་བརྟག་གནས་ཆུང་གི་བཀའ་ལུང་སོགས་ཕྱོགས་རེར་མ་སོང་བ་དང༌། དེའང་ལན་གཅིག་ཙམ་མ་ཡིན་པར་ལན་གྲངས་དུ་མར་བརྟག་དཔྱད་མཐིལ་ཕྱིན་མཛད་དེ་ཐམས་ཅད་རྩེ་མཐུན། དོ་དོ་ནན་ནན་མདོར་ན་འདི་སྐོར་བཀའ་སློབ་གནང་སྐབས་ཀྱི་གནས་དུས་སོ་སོ་ཚུན་ཡང་འགབ་མིན་བརྟག་པ་གནང་སྟེ་སྐྱེ་བོ་ཐ་མལ་པས་འགྲེལ་བརྗོད་ཀྱི་ཡུལ་ལས་འགོངས་པའི་མ་འོངས་སྔོན་གཟིགས་ཀྱི་བརྟག་འབྲས་ཐོན་པ་ལྟར། སྐུ་ཕྱྭར་ཚུལ་བསྟན་བགེགས་འཚུབ་

ཤར་ནས་ར་སྤྲོད་བྱེད་མི་དགོས་པའི་ང་ཚོ་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་གདུང་ཤུགས་དྲག་པོས་གསོལ་འདེབས་དང་འབྲེལ་ཆུ་མ་ཡོང་གོང་ཆུ་རགས་ཀྱི་ཚུལ་དུ་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་དེ་ཡིན།

 

 

༡༦    མདོར་བསྡུས་ན། མཆོག་ཉིད་ནས་རྡོ་རྗེ་ཤུགས་ལྡན་འདྲེ་ཞིག་གཟིགས་ཀྱི་ཡོད་པ་རེད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་རྡོ་རྗེ་ཤུགས་ལྡན་སངས་རྒྱས་སྐུ་དངོས་ཀྱི་མཛད་པ་འཕྲིན་ལས་ཡོང་གི་ཡོད་པ་རེད། འདི་གཉིས་ལས་ལོག་ལྟ་དང་ཉོན་མོང་ཅན་གྱི་སེམས་དེ་གང་ཡིན།གནས་ཆུང་གིས་ལོ་མང་པོའི་སྔོན་ལ་བོད་རང་བཙན་མགྱོགས་པོ་ཐོབ་ཀྱི་རེད། གང་ཡིན་ཟེར་ན། རྒྱ་མིའི་ཕྱོགས་ལ་ལྷ་དམག་བྱེ་བ་བཅུ་གཉིས་བཏང་ཡོད་ཅེས་ལུང་སྟན་རྒྱབ་འདུག གནས་ཆུང་གི་ལྟ་དམག་དེ་ཚོ་ལོ་མང་པོའི་སྔོན་ལ་བཏང་གནང་བ་ཡིན་ཙང་ལྷ་དམག་དེ་ཚོ་ལ་ག་རེ་བྱས་པ་རེད་ཅེས་༧གོང་ས་མཆོག་ནས་གནས་ཆུང་ལ་དྲི་བ་བཏོང་རོགས་གནང༌།དེ་ཚོ་ད་ལྟ་ཡང་རྒྱ་མི་དང་འཛིངས་བསྡད་ཡོད་རེད་པས། རྒྱ་མི་ག་ཚོད་བསད་ཡོད་རེད། རྒྱལ་ཁ་ག་རེ་ཐོབ་ཡོད་རེད། ལྷ་དམག་དེ་ཚོས་བོད་རང་བཙན་ཐག་ཉེ་རུ་ག་འདྲ་བཏང་ཡོད་རེད། དངོས་གནས་འཛམ་གླིང་སྤྱི་འགྲོ་དང་མཐུན་པ་བཤད་ན་ཚིག་སྐམ་པོའི་ལུང་བསྟན་དེ་ཚོ་ལ་ཆ་འཇོག་བྱེད་མཁན་དེ་ཐབས་སྐྱོ་པོ་རེད། དེ་ཙམ་མ་ཟད་མཆོག་ཉིད་དང་རང་གི་གཞུང་གིས་བོད་མི་མང་ཚོ་ལ་རང་བཙན་མགྱོགས་པོར་ཐོབ་ཀྱི་རེད་ཅེས་ཡང་ནས་ཡང་དུ་གསུང་གི་འདུག་ ༩༥ཟླ་༥ ཚེས་ ༢༢ བཀའ་ཤག་གི་གསལ་བསྒྲགས་ལའང་དེ་ག་རང་བཀོད་འདུག བསམ་ཡོད་སུ་ཞིག་གིས་བལྟས་ནའང་འདི་སོ་སོའི་མི་མང་མགོ་བསྐོར་བཏང་གི་ཡོད་རེད། བོད་ཀྱི་དངོས་ཡོད་གནས་ཚུལ་དང་དཀའ་ངལ་ཆེ་ལོས་གང་འདྲ་ཡིན་མིན་འཛམ་གླིང་འདིའི་ནང་ལ་ཚང་མས་ཧ་གོ་དོན་གསལ་རེད་ཅེས་ཟེར་བའི་སྐོར།

 

 

 

གནས་ཆུང་ཆོས་རྒྱལ་ཆེན་པོ་ནི་བོད་བསྟན་པ་ཆབ་སྲིད་སྐྱོང་བར་གཉེར་དུ་གཏད་པའི་བཀའ་སྲུང་མཐུ་བོ་ཅན་ཞིག་ཡིན་པ་དང་། དེས་ལས་བཞིའི་འཕྲིན་ལས་གཡེལ་བ་མེད་པའི་མཐུ་ལས་འཛམ་གླིང་ནང་བོད་དོན་བདེན་པའི་འོད་སྣང་ཇི་གསལ་དུ་འགྲོ་བཞིན་པའི་ཁར། ༧གོང་ས་༧སྐྱབས་མགོན་ཆེན་པོའི་མཚན་སྙན་གཟི་བྱིན་ཀུན་གསལ་བྱེ་བའི་འོད་རླབས་དང་འདྲ་བ་འཕྲོས་ནས་བོད་དང་། བོད་མི་ཞེས་དེང་རྒྱལ་སྤྱིའི་ནང་མགོ་བོ་གྱེན་དུ་བཏེགས་ཏེ་འགྲོ་ཆོག་པ་འདི་བྱུང་ཡོད།དོལ་རྒྱལ་ནས་དགེ་ལུགས་དང༌། རྙིང་མའི་བར་འགལ་ཟླ་བཟོས་ནས་ཆོས་ལུགས་ནང་ཁུལ་དབྱེན་སྦྱོར་དཀྲུགས་ཤིང་གིས་བོད་མི་ནང་ཁུལ་བླ་སློབ་རྗེས་འབྲངས་དང་བཅས་པར་མི་མཐུན་པའི་དཀའ་རྙོག་འདི་ལྟ་བུ་བཟོས་པ་ལས་བོད་བསྟན་སྲིད་ལ་ཕན་ཆ་བྱས་པ་འདི་ཡིན་ཞེས་བརྗོད་རྒྱུ་ག་ལ་ཡོད་ཅིང་། དེང་བོད་དོན་བདེན་པའི་འཐབ་རྩོད་ཀྱི་རྒྱལ་ཁ་འཆར་ལ་ཉེ་བའི་ཕྱོགས་ལ་འགལ་ཟླ་བཟུང་སྟེ་གནོད་འགྱུར་གང་ཐུབ་གཏོང་ཐབས་བྱེད་མི་དོལ་རྒྱལ་རྗེས་འབྲངས་དང་བཅས་པའི་རང་མཚང་རྗེན་པར་འདོན་བཞིན་པ་འདི་ཡིན།འདི་དག་ནི་ལོག་པའི་བཤེས་གཉེན་གྱིས་བསླུས་པ་མིན་ན་གཞན་ཅི་ཞིག་ཡིན།

མི་གྲངས་ས་ཡ་སྟོང་ཕྲག་བརྒལ་ཞིང་།རྡུལ་ཕྲན་མཚོན་ཆའི་བདག་པོ།འཛམ་གླིང་རྒྱལ་ཁབ་ཆེ་བཙན་ཁག་གིས་ཀྱང་བག་ཟོན་ངོ་སྲུང་བྱེད་དགོས་པའི་རྒྱ་ནག་རྒྱལ་ཁབ་དེ་བོད་མི་ས་ཡ་དྲུག་གིས་འཛིམ་གླིང་རྒྱལ་སྤྱིའི་ནང་གདོང་པ་སྨད་ནས་སྡོད་མི་དགོས་པ་འདི་མ་ཤེས་པ་ཤིན་ཏུ་གླེན།གཞུང་སྒེར་གྲོས་ཚོགས་ཁག་མང་གིས་བོད་ལ་རང་དབང་སྤྲོད་དགོས་པའི་གྲོས་ཆོད་ཁག་མང་བཞག་པ་དང་།འཛམ་གླིང་གསར་ཤོག་ཁག་དང་།རླུང་འཕྲིན་ཁག་ནས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་།༧རྒྱལ་བའི་མཛད་དགོངས་ལ་རྒྱབ་སྐྱོར་ཇི་ལྟ་བུ་ཞུ་གི་ཡོད་པ་མ་མཐོང་མ་ཐོས་པ་རང་ནྀད་བསོད་ནམས་ཀྱི་སྐལ་བས་ཕོངས་པ་ཉིད་དུ་ཟད

 

དོལ་རྒྱལ་དགེ་ལྡན་པའི་བསྟན་སྲུང་ཡིན་ན།རྒྱ་དམར་གྱིས་རྗེ་བླ་མའི་གདན་ས་དགའ་ལྡན་ཤུལ་མེད་དུ་བཅོམ།རྗེའི་སྐུ་གདུང་ཟ་མ་ཏོག་ཀྱང་གཏོར་བརླག་བཏང་བའི་ཚེ་དགེ་ལྡན་བསྟན་སྲུང་གིས་བྱ་བ་ཅུང་ཟད་ཅིག་སྒྲུབ་འོས་པ་ལ་འདི་སྒྲུབ་སྦྱང་སྒྲ་ཙམ་ཡང་བརྗོད་དུ་མེད་པ་ནི་ཅི་ཞིག་ཡིན།

 

 

༡༧   རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་བོད་པ་ཚོར་ག་རེ་དགོས་ཀྱི་ཡོད་རེད་ཟེར་ན་རྒྱ་མིའི་འོག་ནས་རང་བཙན་ཐོབ་དགོས་ཀྱི་ཡོད་རེད།འདི་བོད་དོན་དངོས་གནས་དེ་རེད།བོད་དོན་འདིའི་ཐོག་ལ་ང་ཚོས་ཀྱང་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ནས་བརྒྱ་ཐམ་པ་ཡོད།ལོ་མང་པོའི་རིང་ང་ཚོའི་རྡོ་རྗེ་སྤུན་གྲོགས་ཚོས་བོད་ཀྱི་སློབ་ཕྲུག་དང་གྲྭ་པ།དེ་བཞིན་དུ་སློབ་གྲྭ།   སྨན་ཁང་།   དགོན་པ་ཁག་མང་པོར་སྦྱིན་བདག་བྱས་ཡོད།ད་དུང་མུ་མཐུད་ནས་བྱེད་ཀྱི་ཡོད།འོན་ཀྱང་༧གོང་ས་མཆོག་ཉིད་ནས་མི་མང་ཕན་ཚུན་གྱི་དབར་ལ་མ་འཆམ་པ་དང་།དཀྲུགས་ཤིང་སྤེལ་གནང་གི་ཡོད་ཙང་།ཁྱེད་རང་གི་མཛད་སྤྱོད་འདི་ལ་བརྟེན་ནས་བོད་རང་བཙན་ད་དུང་ཡང་རེ་བ་ཆུང་དུ་འགྲོ་བཅུག་གི་འདུག          ཉིད་ནས་ད་བར་ལོ་བཞི་བཅུའི་རིང་བོད་རང་བཙན་ཐོབ་རྒྱུའི་ཐོག་ལ་སྒྲུབ་འབྲས་སྣ་གཅིག་ཀྱང་ཐོན་ཡོད་མ་རེད།དེ་ཙམ་མ་ཟད།    བོད་མི་མང་པོས་ཁྱེད་རང་གི་མཛད་སྤྱོད་ལ་སྐྱོན་སངས་ཀྱི་དེབ་ནིའུ་ལེའི་མཆེ་བ་ཞེས་པ་ཞིག་བྲིས་འདུག         བོད་པའི་སྤྱི་ཚོགས་ནང་གསང་བའི་ཐོག་ནས་འདི་འགྲེམ་སྤེལ་འགྲོ་གི་ཡོད་རེད།འདིའི་འདྲ་བཤུས་ཞིག་ཟུར་འབུལ་ཡོད།ཆ་འཇོག་འོས་པའི་ཁྱད་ཆོས་དེ་ཙམ་མི་ཚང་རུང་།དེབ་འདི་ལ་མཆོག་ཉིད་ནས་གཟིགས་དགོས་ཀྱི་འདུག      འདིའི་ནང་དུ་བཀོད་པའི་གནས་ཚུལ་ལའང་ང་ཚོས་གལ་ཆེན་པོ་བརྩིས་ཀྱི་ཡོད།

ཞིབ་དཔྱོད་བྱེད་ཀྱི་ཡིན།ང་ཚོའི་ངོས་ནས་མཐོང་བའི་བདེན་པའི་གནས་ཚུལ་ཁྱོག་བརྗོད་སྤང་ཏེ་དྲང་པོར་བརྗོད་པའི་ཡིག་གེ་འདི་ལ་བརྟེན་ནས་༧གོང་ས་མཆོག་ཁྱེད་ངར་ལ་ཆོས་དད་དབང་གནོན་གཏོང་བཞིན་པ་འདིའི་དངོས་ཡོད་གནས་ཚུལ་མཁྱེན་རྟོགས་ཡོང་རྒྱུའི་རེ་བ་ཞུ་གི་ཡོད།དེ་མཁྱེན་ན་དཀའ་ངལ་འདི་ཚང་མ་སངས་རྒྱུའི་རེ་བ་ཞུ་གི་ཡོད།བོད་དོན་ཐོག་ལ་ང་ཚོས་ཀྱང་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་ཅེས་པ་དང་།སློབ་གྲྭ་དང་སྨན་ཁང་སོགས་ལ་རོགས་བྱས་ཚུལ་བརྗོད་འདུག་སྐོར།

 

དོན་དུ་ལོག་པའི་བཤེས་གཉེན་སྐལ་བཟང་རྒྱ་མཚོས་བོད་དོན་ཐོག་ཕན་པའི་གཏམ་བཤད་དང་།བརྩོན་པའི་ལས་འདི་ཡིན་བྱ་བ་ཐོས་རྒྱུ་དང་།མཐོང་རྒྱུ་ད་བར་ནམ་ཡང་བྱུང་མེད།ད་ཆ་འབྱུང་པོས་བརླམས་ནས་འཛམ་གླིང་གཟུར་གནས་སྐྱེ་བོ་སྤྱི་དང་།བྱེ་བྲག་བོད་གཞིས་བྱེས་གཉིས་ནས་བརྩི་བཀུར་ཞུ་བའི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་འདི་ལྟ་བུར་དཀར་ནག་ཕྱིན་ཅི་སློག་སྟེ་མཚན་སྨད་ཞུ་རྒྱུ།བླ་སློབ།བུ་སློབ་དང་བཅས་པ་དམ་ཉམས་བཟོ་རྒྱུ།བོད་མིའི་ནང་ཁུལ་སྡེ་དཀྲུག་བྱེད་རྒྱུ་སོགས་འདི་ལས་ངན་ཚབས་ཆེ་བ་བྱེད་རྒྱུ་མེད་པ་ཞིག་དོལ་རྒྱལ་རྗེས་འབྲངས་པ་ཚོས་ལག་ལེན་བསྟར་བའི་སྔོ་ལོའི་རྒྱལ་མཚན་འཛམ་གླིང་ཡོངས་ལ་འཕྱར་བཞིན་པ་འདི་ཡ་རེ་ང་།

མདོར་ན།

དམྱལ་བར་ཆས་ལ་རིངས་པའི་མིང་ནས་རྒྱལ་བའི་མཛད་པར་ལོག་པར་རྟོགས་པའི་སྒྲོ་སྐུར་ཚད་ལས་བརྒལ་བ་ཞུས།བླུན་རྒན་འགའ་ཞིག་དེའི་རྗེས་སུ་འབྲངས་ནས་ཡིག་རྙོག་མང་དག་ཅིག་འབྲི་བའི་རྩོལ་བ་བརྟས་ནའང་།འདི་ནི་སྤྲིན་བྲལ་ཉི་མ་ལ་འདི་མུན་པའོ་ཞེས་འཕྱ་བ་དང་ཁྱད་པར་སྤུ་ཙམ་མེད་ཅིང་།དོན་ནི་རྒྱལ་སྲས་ཞི་བ་ལྷས།

བདེ་བ་འདོད་ཀྱང་གཏི་མུག་པས།།

རང་གི་བདེ་བ་དགྲ་ལྟར་འཇོམས།།

ཞེས་གསུངས་ལ་ལྟར།བསོད་ནམས་དང་བློ་གྲོས་ཀྱི་སྟོབས་ཆུང་།སྨོན་ལམ་ལེགས་པར་མ་ཐེབས་པར།དམ་སྲི་རྒྱལ་འགོང་གི་རྒྱུད་བསྐུལ་བའི་བྱ་བ་མ་ཡིན་པ་འདི་ལྟ་བུ་བརྩམས།ཕན་པར་བཤད་ན་ལོག་པར་གོ་བའི་སྐྱེ་བོ་དེ་འདྲ་བ་ལ་སྙིང་རྗེ་་སྒོམ་པ་ཁོ་ན་ལས་ཅི་ཞིག་ཡོད།

 

མཇུག་བསྡུའི་གཏམ།

རང་ཅག་གི་བོད་མི་སེར་སྐྱ་སྤྱི་ཡོངས་ནི་གདོན་འདྲེར་འབྲེལ་འདྲིས་ཐོག་མ་ནས་མེད་པའི་དཀར་གཙང་ཡིན་ལ།༥༩ལོ་མཇུག་སྦག་སའི་ཆོས་སྒར་ནང་དགེ་འདུན་པ་ཉུང་ཤས་ལ་འགོས་ནད་དེའི་དུག་རླངས་ཕོག་ཡོད་ཀྱང་།༧གོང་ས་༧སྐྱབས་མགོན་ཆེན་པོས་དགེ་སྐྱོན་གསལ་གཟིགས་བཀའ་སློབ་རིམ་གནང་ལ་བརྟེན་ནས་ལམ་ནོར་ལྡོག་ཤེས་གནང་བ་ལ་རྗེས་སུ་ཡི་རངས་ཀྱི་སྒོ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ།ད་དུང་རྒྱ་ཆེའི་སེར་སྐྱ་མང་ཚོགས་ནས་རང་རེའི་བསོད་ནམས་ཀྱི་སྐལ་བར་ཐོབ་པ་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཆོས་སྲིད་བཀའ་སློབ་ལམ་སྟོན་ཁག་ཚུལ་བཞིན་ཉམས་སུ་བླངས་པའི་ཐོག

གོང་དུ་ཇི་ལྟ་སྨྲོས་པའི་གནད་དོན་མཐའ་དག་ལ་རང་བློ་གཟུ་བོར་གནས་པའི་རྣམ་དཔྱོད་བློ་གྲོས་ཀྱིས་ལེགས་པར་དཔྱད་དེ་༧སྐྱབས་མཆོག་གསུམ་ལ་བསྟེན།ལག་ལེན་རྒྱུ་འབྲས་ལ་བཀལ།རང་གི་འདི་ཕྱིའི་ཁེ་གྱོང་ངོ་ཤེས་པའི་སྒོ་ནས་དམ་སྲི་རྒྱལ་འགོང་རྗེས་འབྲངས་དང་བཅས་པར་འབྲེལ་འདྲིས་དུག་བཞིན་སྤངས།གཞིས་བྱེས་བོད་རིགས་སེར་སྐྱ་ཐམས་ཅད་དམ་ཚིག་ཟོང་ཁ་ཆིག་སྒྲིལ་གྱིས་འདི་ཕྱིའི་བདེ་ལེགས་ཀྱི་རྩ་བ་ཚུགས་པར་མཛད་འཚལ་ཞེས་འབོད་སྐུལ་ཞུ་བ་ལགས།

 

བོད་གཞུང་ཆོས་རིག་ལས་ཁུངས་ནས།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

About རྩོམ་སྒྲིག་པ།