བཀའ་ཟུར་ཨ་ལག་འཇིགས་མེད་རིན་པོ་ཆེ་མཆོག་གི་ངོ་སྤྲོད་མདོར་བསྡུས།

བཀའ་ཟུར་ཨ་ལགས་འཇིགས་མེད་འཕྲིན་ལས་ལྷུན་འགྲུབ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༣༧ ལོའི་བོད་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ཚེས་གསུམ་དགེ་བའི་ཉིན་མདོ་སྨད་རེབ་གོང་གི་ནང་ཚན་རྒྱལ་པོ་རླངས་ཚང་རོང་འབྲོག་གི་སྤྱི་དཔོན་རྡོ་རྗེ་དབང་རྒྱལ་དང་རོང་པོ་བཟའ་མཁར་མོ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཞི་པར། རེབ་གོང་སྐྱབས་མགོན་སྐུ་ཕྲེང་བདུན་པ་ཆེན་པོས་རོང་དབོན་སྐུ་ཕྲེང་གསུམ་པའི་ཡང་སྲིད་དུ་ཐུགས་ཐག་བཅད། དགུང་ལོ་བདུན་པར་ཕེབས་ལོའི་ས་ག་ཟླ་བའི་ཚེ་ ༡ ཉིན་མཁས་དང་གྲུབ་པའི་དབང་ཕྱུག་མ་ཧཱ་པཎ་ཊི་ཏ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་མདུན་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་འཇིགས་མེད་འཕྲིན་ལས་ལྷུན་འགྲུབ་ཅེས་བསྩལ། ལོ་དེ་གར་རེབ་གོང་སྒྲུབ་སྡེ་དགའ་ཚལ་བཅོ་བརྒྱད་དང་དགོན་མ་ལག་སོ་ལྔའི་མ་དགོན་རོང་པོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་ཆོས་ཞུགས་གནང་བ་ནས། རེབ་གོང་སྐྱབས་མགོན་བདུན་པ་ཆེན་པོ་དང༌། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན། མཁན་ཆེན་བློ་བཟང་ལུང་རྟོགས་ཆོས་ཀྱི་རྒྱ་མཚོ། འདྲེན་མཆོག་བློ་བཟང་ཚུལ་ཁྲིམས་རྒྱལ་མཚན། མཁས་གྲུབ་ཆེན་པོ་དཔྱི་ས་བློ་གྲོས་རྒྱ་མཚོ། མཁས་བཙུན་བདག་ཉིད་རྫི་རྒྱའི་ཨ་ཁུ་གཡུ་ལོ་ཚང༌། གཞུང་བརྒྱ་སྨྲ་བ་ལྷ་སྡེ་ལུང་རྟོགས་རྒྱ་མཚོ་སོགས་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པའི་བླ་མ་སྐྱེས་ཆེན་དམ་པ་དང༌། ཚད་ལྡན་དགེ་བཤེས་བཅུ་གཅིག་གི་དྲུང་ནས་ཡེ་གེའི་སྦྱོར་ཀློག་དང་སྙན་སུམ་གྱིས་མཚོན་པའི་ཐ་སྙད་རིག་གནས་དང༌། ལམ་རིམ་ཆེ་ཆུང༌། བློ་སྦྱོང་སྐོར། བསྡུས་གྲྭ་དང༌། བློ་རྟགས། ཚད་མ། ཕར་ཕྱིན་གྱི་གཞུང་བཅས་ལ་ཐོས་བསམ་སློབ་གཉེར་རིམ་ཅན་གནང༌། དེ་བཞིན་དཔལ་དུས་ཀྱི་འཁོར་ལོ་དང༌། གསང་བདེ་འཇིགས་གསུམ། མི་ཏྲ་རྡོར་ཕྲེང་གིས་མཚོན་རྒྱུད་སྡེ་བཞིའི་དབང་དང་རྗེས་གནང༌། བཀའ་བསྟན་གཉིས་དང༌། མཁས་གྲུབ་དུ་མའི་གསུང་འབུམ་ཁག་གཅིག་གི་ལྗགས་ལུང་བཅས། དབང་ལུང་མན་ངག་དང༌། ཟབ་འཁྲིད་ཀྱི་རིམ་པ་རྣམས་ལེགས་པར་གསན། རེབ་གོང་སྐྱབས་མགོན་བདུན་པ་ཆེན་པོའི་བཀའ་ལུང་བཞིན། རོང་པོ་དགོན་ཆེན་གྱི་གྲྭ་ཚང་གསེར་ཁྲི་ཁྲི་ཐོག་བདུན་ཅུ་དོན་གསུམ་པར་བཞེངས་ཏེ། ཆོས་ཕྱོགས་ནས་སྒྲིག་ཁྲིམས་གནོན་སྡོམ། སྨོན་ལམ་གསུང་ཆོས། དབྱར་དགུན་གྱི་དམ་བཅར་གཟིགས་རྟོག རྒྱུུགས་ལེན་དང་སློབ་གཉེར་ལ་གཟིགས་རྟོག གཞན་ཡང་ལོ་རེའི་དུས་བཞིའི་ཆོས་ཐོག་དང༌། དམིགས་བསལ་སྒྲུབ་མཆོད་ཁག བསྟན་སྲིད་ཞབས་རིམ་གྱི་གཏོང་སྒོ་ཆ་ཚང་སྐྱོང་ཁུར་གནང༌།
ཕྱི་ལོ་ ༡༩༥༥ ལོར་ཡབ་རྡོ་རྗེ་དབང་རྒྱལ་དང་ཡུམ་མཁར་མོ་རྒྱལ། གཞན་ཡང་འཁོར་མང་པོ་བཅས་ལྷ་སར་མཇལ་སྐོར་དུ་ཕེབས་ཤིང༌། དེར་རྒྱལ་བ་ཡབ་སྲས་གཉིས་གཙོ་བོར་གྱུར་པའི་སྐྱེས་ཆེན་དམ་པ་རྣམས་ལ་མཇལ་བཅར་དང༌། གདན་ས་ཁག་ལ་མཇལ་སྐོར་གྲུབ་འཕྲལ་ཕྱིར་མདོ་སྨད་ཕྱོགས་སུ་ཕེབས་འཆར་དེ་ལྟར་ཡང༌། ཡབ་རྡོ་རྗེ་དབང་རྒྱལ་དང་ཁུ་བོ་དགེ་སློང་བློ་བཟང་རྒྱལ་མཚན། འཇིགས་མེད་རིན་པོ་ཆེ་བཅས་ལ་གཟིམ་མཇལ་གོ་སྐབས་ཐོབ་པ་དེ་སྐབས། ྋགོང་ས་མཆོག་ནས་བཀའ་ཕེབས་སུ། འཇིགས་མེད་རིན་པོ་ཆེས་གདན་ས་སེ་འབྲས་དགེ་གསུམ་གང་རུང་དུ་སློབ་གཉེར་འཕྲོ་སྐྱོང་བྱས་ལེགས་ཀྱི་བཀའ་ཕེབས་བཞིན། ཡབ་ཡུམ་སྐུ་འཁོར་ལྷན་ལྷ་ལྡན་སྨོན་ལམ་ཆེན་མོ་དང༌། གདན་ས་གསུམ་གྱིས་གཙོས་བཀྲ་ཤིས་ལྷུན་པོ་དང་རྒྱུད་གྲྭ་སྟོད་སྨད། ས་སྐྱ་དགོན་པ་སོགས་རིས་མེད་ཆོས་སྡེ་ཁག་ལ་བསྙེན་བཀུར་དང༌། གནས་ཆེན་ཁག་ལ་མཇལ་སྐོར་གྲུབ་འཕྲལ། རྗེ་ཙོང་ཁ་པ་ཆེན་པོས་ཕྱག་འདེབས་གནང་བ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཆོས་ཞུགས་ཀྱི་རིམ་པར། ྋགོང་ས་མཆོག་ནས་ཚོགས་ཆེན་སྤྲུལ་སྐུའི་གདན་ཐོབ་བསྩལ་བ་དང་བཅས། དགའ་ལྡན་ཚོགས་ཆེན་དང༌། བྱང་རྩེ་གྲྭ་ཚང༌། ཀླུ་འབུམ་ཁང་ཚན་བཅས་ལ་བསྙེན་བཀུར་དང་སྐུ་འགྱེད། སྤྱི་འཇོག་བཅས་ཕུལ་ཏེ་ཆོས་ཞུགས་གནང༌། དབུས་ལྗོངས་སུ་ཕེབས་ནས་སློབ་གཉེར་མགོ་འཛུགས་ཀྱི་ཐོག་མར་ཕོ་བྲང་ཆེན་པོ་པོ་ཏཱ་ལ་རུ་རྒྱལ་བའི་ཡོངས་འཛིན་སྐུ་བགྲེས་སྐྱབས་རྗེ་གླིང་རིན་པོ་ཆེའི་མདུན་ནས་ཕར་ཕྱིན་གྱི་གཞུང་ལས་སེམས་སྐྱེད་ཀྱི་ཆོས་འབྲེལ་ཞུས་པས་ཐོག་དྲངས། རིམ་ཅན་དུ་རྒྱལ་བ་ཡབ་སྲས་རྣམ་གཉིས་དང༌། དགའ་ལྡན་གསེར་ཁྲི། རྒྱལ་བའི་ཡོངས་འཛིན་རྣམ་གཉིས། བྱང་རྩེ་ཆོས་རྗེ། དགའ་བྱང་འབྲོག་མི་བྱམས་པ་བློ་གྲོས་རིན་པོ་ཆེ། བློ་གླིང་མཁན་ཟུར་པདྨ་རྒྱལ་མཚན་རིན་པོ་ཆེ། དགའ་བྱང་མཁན་རིན་པོ་ཆེ་ཡེ་ཤེས་དགའ་བ་བཅས་ཀྱི་མདུན་ནས་སྔོན་མའི་སློབ་གཉེར་འཕྲོ་སྐྱོང་དང༌། དགའ་བྱང་ཕ་ར་རིན་པོ་ཆེའི་མདུན་ནས་ཐ་སྙད་རིག་གནས་སྐོར། གཞན་ཡང་སྐྱེས་ཆེན་དམ་པ་དེ་དག་གི་དྲུང་ནས་དབང་ལུང་འཁྲིད་གསུམ་ཀྱང་གསན།
ཕྱི་ལོ་ ༡༩༥༨ ལོའི་ནང༌། འཇམ་མགོན་བླ་མའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གྲྭ་སྐོར་དམ་བཞེས་ཀྱི་མཛད་སྒོ་ཐུགས་གཏན་འཁེལ་བ་དང༌། དུས་མཉམ་འཇིགས་མེད་རིན་པོ་ཆེའང་དགའ་ལྡན་ཚོགས་ཆེན་དུ་ཕར་ཕྱིན་ཚོགས་ལངས་འཁེལ་ཡོད་པ་བཅས་མ་སྒྲིག་ལྷུན་འགྲུབ་ཀྱི་དུས་ཚེས་ཁྱད་པར་ཅན་དེར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་ཚོགས་ཆེན་དུ་ཚོགས་ཕེབས་གདན་ཞུས་གསོལ་འདེབས་གཞུང་གི་ལམ་སྲོལ་བཞིན་སྙན་སེང་སྔ་རྗེས་རིམ་པ་གསུམ་ཞུས་ཏེ་བཀའ་བཞེས་སྩལ་ཐོབ་བྱུང་བ་བཞིན། ཕྱི་ལོ་ ༡༩༥༨ བོད་ཟླ་ ༨ ཚེས་ ༢༨ ཉིན་དགའ་ལྡན་ཚོགས་ཆེན་ཆོས་རྭར་ྋགོང་ས་མཆོག་གིས་གྲྭ་སྐོར་དམ་བཞེས་ཀྱི་མཛད་ཆེན་གྲུབ་འཕྲལ་སྤྱན་རྒྱ་སྤོས་སྣེ་དང་བཅས་ྋགོང་ས་མཆོག་དགའ་ལྡན་ཚོགས་ཆེན་གྱི་རྗེ་ཙོང་ཁ་པའི་བཞུགས་ཁྲིར་ྋཞབས་སོར་འཁོད་པ་དང༌། འཇིགས་མེད་རིན་པོ་ཆེ་ནས་ཕྱག་འཚལ་སྔོན་དུ་འགྲོ་བའི་མཎ་ཌལ་རྟེན་གསུམ་འདེགས་འབུལ་ཞུས། ཕར་ཕྱིན་སེམས་བསྐྱེད་ཀྱི་གཞུང་ལས་འཕྲོས་པའི་ཚོགས་ལངས་གནང་སྒོ་གྲུབ་པ་དང༌། མཎ་ཌལ་ལྗགས་བཤད་གནང་སྟེ་རྟེན་གསུམ་འདེགས་འབུལ་ཞུས་སྐབས་ྋགོང་ས་མཆོག་གིས་ཁྱོད་ཀྱི་མིང་ཆ་ཚང་ཇི་ཡིན་བཀའ་སྤྱི་ཕེབས་བྱུང་བར། འཇིགས་མེད་ཕྲིན་ལས་ལྷུན་གྲུབ་ཡིན་ཞེས་༧སྙན་སེང་ཞུས་པར། རྟེན་འབྲེལ་ཡག་པོ་བྱུང་ཞེས་བཀའ་སྩལ་བ་དགའ་དད་སྤྲོ་གསུམ་གྱི་གསོས་སྨན་དམ་པར་གྱུར།
ཕྱི་ལོ་ ༡༩༥༩ ལོར་ལྷོ་ཁ་བརྒྱུད་འབྲུག་དང༌། དེ་ནས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཤིང༌། ལོ་དེ་གའི་དགུན་ཐོག་གནས་མཆོག་རྡོ་རྗེ་གདན་དུ་ྋགོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་མཆོག་ནས་བླ་སྤྲུལ་ཁག་ཅིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་བ་དེ་སྐབས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་གནང་བ་དང༌། ཐོས་བསམ་ཐར་འདོད་གླིང་ངམ་ཡོངས་གྲགས་སྦག་ས་ཆོས་སྒར་དུ་ཞུགས་ཏེ། བློ་གླིང་མཁན་ཟུར་པདྨ་རྒྱལ་མཚན་རིན་པོ་ཆེ་དང༌། སེར་བྱེས་མཁན་ཟུར་བློ་བཟང་དབང་ཕྱུག་རིན་པོ་ཆེ། དགའ་བྱང་མཁན་པོ་ཡེ་ཤེས་དགའ་བ་རིན་པོ་ཆེ། དགའ་ཤར་དགེ་བཤེས་ཤར་བ་ཆོས་རྗེ་བློ་བཟང་ཉི་མ་རིན་པོ་ཆེ་སོགས་གདན་སའི་མཁན་ལས་ཟུར་རྣམ་པ་དང༌། གཞན་ཡང་བླ་མ་སྐྱེས་ཆེན་དམ་པ་མང་པོའི་མདུན་ནས་ཕར་ཕྱིན་གྱི་འཕྲོས་དང༌། དབུ་མ་དང་མཛོད་འདུལ་སྐོར་ལ་སློབ་གཉེར་དང༌། རྒྱལ་བའི་ཡོངས་འཛིན་རྣམ་གཉིས་དང༌། སྐྱབས་རྗེ་གསེར་ཀོང་མཚན་ཞབས་རིན་པོ་ཆེ། སྐྱབས་རྗེ་དགའ་ཤར་ཟོང་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་ཁག་ཅིག་གི་མདུན་ནས་གསང་བདེ་འཇིགས་གསུམ་དང༌། རྡོ་རྗེ་རྣལ་འབྱོར་མ། སྒྲོལ་མ་ཙིན་ཏ་མ་ཎི་སོགས་ཀྱི་དབང་དང༌། རིམ་གཉིས་ཀྱི་འཁྲིད་སོགས་ཟབ་ཆོས་མང་དུ་ཞུས་གནངས། དེ་བཞིན་འཁོན་རིགས་བསྟན་པའི་གསལ་བྱེད་ས་སྐྱ་བདག་ཁྲི་རིན་པོ་ཆེ་དང༌། སྐྱབས་རྗེ་དིལ་མགོན་མཁྱེན་རྩེ་རིན་པོ་ཆེ། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། སྐྱབས་རྗེ་འདན་མ་བློ་ཆོས་རིན་པོ་ཆེ་བཅས་ཀྱི་མདུན་ནས་ཀྱང་ཆོས་འབྲེལ་ཞུས་པ་བཅས་མདོར་ན། ཁྱོན་ལོ་ངོ་ཉི་ཤུའི་རིང་བོད་ཕྱི་ནང་གཉིས་ནས་བླ་མ་སྐྱེས་ཆེན་དམ་པ་སུམ་ཅུ་ཙམ་བླ་མར་བསྟེན་གནང་ཡོད།
ཕྱི་ལོ་ ༡༩༦༣ ལོར། རྡ་རམ་ས་ལར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ས་སྐྱ་བདག་ཁྲི་རིན་པོ་ཆེ་དང༌། རྒྱལ་བ་ཀརྨ་པ་རིན་པོ་ཆེ། ཡོངས་འཛིན་རྣམ་གཉིས། བདུད་འཇོམས་རིན་པོ་ཆེ་སོགས་རིས་མེད་ཆོས་བརྒྱུད་ཁག་གི་དབུ་ཁྲིད་དང༌། གཞན་ཡང་བླ་ཆེན་ཁག་དང་མཁན་པོ་ལས་ཟུར། བཙན་བྱོལ་བོད་གཞུང་གི་དཔོན་རིགས་བཅས་ལྷན་འཛོམས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་ཆོས་ཚོགས་ཐེངས་དང་པོར་ཞུགས། ཕྱི་ལོ་ ༡༩༦༥ ནས་ཕྱི་ལོ་ ༡༩༧༩ ལོའི་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཞིའི་རིང་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་དེ་འབྲེལ་གྱི་སྤྱི་འཐུས་ལས་ཁུར་དང༌། རིམ་པས་སྤྱི་འཐུས་སྐབས་ལྔ་པའི་ཚོགས་གཞོན་དང༌། སྤྱི་འཐུས་སྐབས་དྲུག་པའི་ཚོགས་གཙོའི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༩༦ ནས་ཕྱི་ལོ་ ༢༠༠༤ བར་བཀའ་འབྲེལ་བཞིན་བོད་གཞུང་རྩིས་ཞིབ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་གནང་བས་མཚོན། གཞན་ཡང༌། འོས་བསྡུའི་འགན་འཛིན་དང༌། ལས་བྱེད་བདག་གཉེར་ལྷན་ཁང་གི་ཚོགས་མི་སོགས་ཀྱི་ཐུགས་འགན་གཅིག་ལྕོགས་སུ་བཞེས་མྱོང་བ་ཞིག་ཡིན།
ཕྱི་ལོ་ ༡༩༨༥ ལོར་ྋགོང་ས་མཆོག་གིས་གཟིགས་སྐོར་སྐུ་ཚབ་ཐེངས་བཞི་པའི་ཁོངས་ཚོགས་གཞོན་གྱི་ ལས་ཁུར་བསྐོ་འཛུགས་བསྐྱངས་དོན་ལྟར། རྒྱ་ནག་པེ་ཅིང་དུ་ཕེབས་ཏེ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང༌། ང་ཕོད་ངག་དབང་འཇིགས་མེད། བཀྲ་ཤིས་དབང་ཕྱུག འབའ་བ་ཕུན་ཚོགས་དབང་རྒྱལ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་སོགས་བོད་ཀྱི་བླ་དཔོན་ཁག་ཅིག་དང༌། ཕྱོགས་མཚུངས་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་བློན་ཆེན་ཡང་ཅིན་རིན་དང༌། བློན་ཆེན་གཞོན་པ་ཅཱང་ཕིན། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་གཙོ་འཛིན་རྒན་གཞོན་སོགས་རྒྱ་ནག་གཞུང་གི་དཔོན་རིགས་ཁག་ཅིག་ལ་མཇལ་མོལ་དང༌། པེ་ཅིན་ཁུལ་གྱི་མི་རིགས་སློབ་གྲྭ་ཆེན་མོ་དང༌། མི་རིགས་དཔེ་སྐྲུན་ཁང༌། མི་རིགས་དཔར་སྐྲུན་ཁང༌། པེ་ཅིན་དུ་ཡོད་པའི་རྒྱ་ནག་གི་དགོན་པ་ཁག་ཅིག་ལ་གཟིགས་སྐོར་གྲུབ་མཚམས། རྒྱ་ནག་རི་བོ་རྩེ་ལྔར་གནས་གཟིགས་སུ་ཕེབས་ཤིང༌། དེ་ནས་ཕྱིར་པེ་ཅིན་དུ་འཁོར་བ་དང༌། རྒྱ་ནག་གཞུང་ལ་འབྲེལ་མོལ་གནང་སྟེ་པེ་ཅིན་ནས་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྐབས་འཁེལ་གྱིས་སྲུང་བརྩི་ཞུ་ཐུབ་པ་བྱུང་སྟེ། དེར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཅཱང་ཕིན་གཉིས་ནས་གསུང་བཤད་ཀྱང་གནང་བ་དང༌། གཟིགས་སྐོར་ཚོགས་པའི་ངོས་ནས་གསོལ་སྟོན་ཡང་བཤམས་པ་བཅས་བྱུང་ཡོད་པ་རེད། དེ་རྗེས་ཞི་ཨན་དུ་ཡོད་པའི་བོད་ལྗོངས་སློབ་གྲྭ་དང་འདབས་འབྲེལ་གྱི་ལས་གྲྭ་ཁག་ཅིག་ལ་གཟིགས་སྐོར་བརྒྱུད། མཚོ་སྔོན་ཁོངས་དགོན་ལུང་དང༌། སྐུ་འབུམ། རེབ་གོང༌། ཆབ་ཆ། སྐྱེ་དགུ་མདོ་བཅས་དང༌། ཀན་སུའུ་ཁོངས་བླ་བྲང་བཀྲ་ཤིས་འཁྱིལ། གཙོས། ཨ་མཆོག སྟག་ཚང་ལྷ་མོ། ཀླུ་ཆུ། རྨ་ཆུ། རྒན་གྱ། དཔའ་རིས་བཅས་སུ་ཆེད་ཕེབས་ཀྱིས་དགོན་སྡེ་དང་སློབ་གྲྭ་ཁག་ལ་གཟིགས་སྐོར་གྱིས་ སྐབས་དེའི་གནས་སྟངས་རྟོག་ཞིབ་དང༌། གཞན་ཡང་སྐྱབས་མགོན་འཇམ་དབྱངས་བཞད་པ་རིན་པོ་ཆེ། སྐྱབས་རྗེ་གུང་ཐང་རིན་པོ་ཆེ། སྐུ་འབུམ་ཆེ་ཤོས་ཚང་དང༌། ཨ་པ་ཨ་བློ་བློ་བཟང་ཚེ་དབང༌། རེབ་གོང་རྫོང་དཀར་གསེར་ཁྲི་ཚང༌། རོང་པོ་ཚང་རིན་པོ་ཆེ། ཁ་སོ་རིན་པོ་ཆེ། ཚོ་འདུ་གྲུབ་ཆེན་ཚང་སོགས་བླ་སྤྲུལ་ཆེ་ཁག་དང༌། མཁས་པ་སོགས་མི་སྣ་གནད་ཡོད་དང༌། གཞན་ཡང་སེར་སྐྱ་ཕོ་མོ་རྒན་གཞོན་གང་མང་ལ་འབྲེལ་མོལ་གནང་ཐུབ་པ་བྱུང་འདུག
ཕྱི་ལོ་ ༡༩༨༦ ལོར་ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བལ་ཡུལ་དུ་ཆིབས་བསྒྱུར་སྐབས་ྋགོང་ས་མཆོག་གིས་སྐུ་ཚབ་ཏུ་མངགས་པ་ལྟར། ཀུན་གཟིགས་མཆོག་དང་གུང་ཐང་རིན་པོ་ཆེ་སོ་སོར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མཇལ་མོལ་གནང༌། ཕྱི་ལོ་ ༡༩༩༩ ལོར་བོད་གཞིས་བྱེས་གཉིས་ཀྱི་ངོ་བོ་མཚོན་པའི་མི་སྣ་རྒྱས་འཛོམས་ཀྱི་ཐོག་ནས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་དང༌། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་མྱ་ངན་ལས་འདས་ནས་མི་ལོ་བཅུ་འཁོར་བར་རྗེས་དྲན་ཚོགས་ཆེན་གྱི་གཙོ་འགན་བཞེས་པ་བཞིན། སྐབས་དེའི་འགྲོ་གྲོན་ཡོངས་རྫོགས་རིན་པོ་ཆེ་རང་ཉིད་ནས་འབོད་སྐུལ་ཐབས་ཤེས་གནང་ཞིང༌། བརྟན་བཞུགས་སྐབས་མང་གཙོའི་ཀ་བ་གསུམ་གྱི་ནང་ཚན་སྤྱི་འཐུས་ཚོགས་གཙོ་ཟམ་གདོང་རིན་པོ་ཆེ་ནས་མཎ་ཌལ་ལྗགས་བཤད་དང༌། ཁྲིམས་ཞིབ་ཆེ་བ་གྲ་བཞི་ཕུན་རབ་བློ་བཟང་དར་རྒྱས་དང༌། བཀའ་ཁྲི་མཛེས་བཅུ་ཚང་བསོད་ནམས་སྟོབས་རྒྱས་རྣམ་གཉིས་ནས་མཎ་ཌལ་ཚོམ་བུ་འདེགས་འགྱོགས་ཞུས། རྗེས་དྲན་དུས་ཆེན་ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཀྱིས་གལ་ཆེའི་བཀའ་སློབ་སྩལ་བ་དང༌། དེ་བཞིན་བོད་གཞུང་གི་སྤྱི་འཐུས་ཚོགས་གཙོ་དང༌། བཀའ་བློན་བློན་ཁྲི་པ། རྗེས་དྲན་ཚོགས་ཆུང་གི་ཚོགས་གཙོ་བཅས་ནས་ཀྱང་གསུང་བཤད་གནང༌། དེ་བཞིན་རྩོམ་སྒྲིག་ཚོགས་ཆུང་ཞིག་ཆེད་འཛུགས་གནས་སྟེ་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང༌། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་མཛད་རྗེས་ལ་བསྔགས་པའི་སྙན་རྩོམ་ཕྱོགས་བསྒྲིགས་༼དད་གདུང་ཉི་ཟླའི་མཆོད་ཕྲེང་༽དང༌། རྒྱལ་བའི་མཛད་རྣམ་༼ཀྱག་ཀྱོག་ཆེ་བའི་བཞུད་ལམདང༌། འོད་སྟོང་འབར་བའི་མི་ཚེ།༽ ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་མཛད་རྣམ་༼བདེན་པའི་རང་མདངས་གསལ་བའི་མེ་ལོང་༽ ཞེས་པའི་མཛད་དེབ་ཆེད་དུ་རྩོམ་སྒྲིག་ཞུས་པ་དེ་དང༌། དེ་བཞིན་བདེ་སྲུང་ཉམས་ཞིབ་ཁང་ནས་དཔར་འདེབས་ཞུས་པའི་༼ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་༽དེབ་བཅས་ཚོགས་མི་ཡོངས་རྫོགས་ལ་འགྲེམས་སྤེལ་ཞུས་པ་བཅས་ཀྱིས་མཚོན། བོད་བསྟན་པ་ཆབ་སྲིད་གང་ཅིར་སྨན་ངེས་ཀྱི་ཕྱག་ལས་རྒྱ་ཆེ་ཆུང་མང་པོ་ཞིག་གནང་ཡོད་པ་དང༌། རྒན་ཡོལ་དུ་བཞུགས་པའི་གནས་སྐབས་སུའང༌། གཞོན་སྐྱེས་ཤེས་ཡོན་ཅན་མང་པོར་མགོ་འདོན་རོགས་འདེགས་གང་ཡོང་གནང་སྟེ། བསྟན་སྲིད་ལ་སྨན་ངེས་ཀྱི་ལས་གཞི་མང་པོར་མགོ་འདྲེན་དང༌། དགའ་ལྡན་བྱང་རྩེ་ཀླུ་འབུམ་ཁང་ཚན་ལ་དགེ་འདུན་པའི་བཞུགས་ཤག་དཀའ་ངལ་སེལ་རོགས་ཕན་གང་ཐུབ་གནང་པས་མཚོན། བཙན་བྱོལ་སྤྱི་ཚོགས་ནང་ཙམ་མ་ཡིན་པར། འཁྲུངས་ཡུལ་རེབ་གོང་གི་རོང་པོ་དགོན་ཆེན་ནས་ཞུས་ངོར་ཁྲི་རྒན་ཚང་དང་ལྷན་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་བསྐྱར་བཞེངས་གནང་བ་དང༌། དཔྱི་ས་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་ནས་ཁོང་ལ་གཉེར་གཏད་མཛད་པ་དཔྱི་ས་དགོན་དུ་གདུང་རྟེན་ལྷ་ཁང་བསྐྱར་བཞེངས་ཀྱིས་མཚོན་བོད་ནང་དུའང་ཕྱོགས་གང་སར་གང་ལ་དེ་འཚམ་གྱི་འབྲེལ་ལམ་གནངས་ཡོད་ཅིང༌། དེ་བཞིན་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གི་ལས་དོན་ཆེ་ཕྲར་བཀོད་འདོམས་དང་མཐུན་རྐྱེན་ཐབས་འཚོལ་གྱི་རྐང་འགན་བཞེས་པའི་རྗེས་འབྲེལ་དུ། ཕྱི་ལོ་ ༢༠༠༡ ལོར་དོལ་རྒྱལ་རྗེས་འབྲངས་དང་བཅས་པར་མདོ་སྨད་མི་དམངས་ཀྱི་ལངས་ཕྱོགས་སྐོར་གྱི་དེབ་༼མདོ་སྨད་ཆོལ་ཁས་དོལ་རྒྱལ་སྐོར་ལ་བསྒྲགས་གཏམ།༽ ཕྱི་ལོ་ ༢༠༠༢ ལོར་རྩོམ་སྒྲིག་མགོ་འཛུགས་ཞུས་ཏེ་ཕྱི་ལོ་ ༢༠༠༦ ལོར་ཉམས་ཞིབ་དང་རྩོམ་སྒྲིག་གྲུབ་པའི་དེབ་༼དོལ་རྒྱལ་བྱུང་རིམ་དང་རྙོག་གླེང་བཅས་པར་དཔྱད་པ་གཡའ་སེལ་མེ་ལོང་༽ ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ནང་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་རིམ་ལས་རྒྱུས་བབ་དང་བཅས་པའི་ཆ་ནས་མདོ་སྨད་ལྷོ་བྱང་ནས་ཞི་རྒོལ་ལས་འགུལ་སྤེལ་རིམ་གྱི་གནས་སྟངས་ཕྱོགས་བསྒྲིགས་ཀྱི་དེབ་ ༼ས་བྱི་ཞི་རྒོལ་ཆེན་མོ༽ ཕྱི་ལོ་ ༢༠༠༩ ལོར་གཞིས་བཞུགས་པ་བཀྲ་རྒྱལ་ལམ་ཞོགས་དུང་གིས་ས་བྱི་ཞི་རྒོལ་ཆེན་མོའི་སྐོར་བརྗོད་གཞིར་བྱས་པའི་དེབ་༼གནམ་ས་གོ་འབྱེད༽ཅེས་པ་བོད་ནང་དཔར་འགྲེམས་བཀག་སྡོམ་བྱས་པ་ས་བྱི་ཞི་རྒོལ་དེབ་ཕྲེང་དང་པོའི་ངོ་བོ་ནས་བཙན་བྱོལ་སྤྱི་ཚོགས་ནང་ཡོངས་ཁྱབ་འགྲེམས་སྤེལ། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་གི་མཛད་རྣམ་བརྙན་དེབ་༼འཇིག་རྟེན་མིག་འབྱེད༽ བོད་དབྱིན་འགྲེལ་བཤད་གཉིས་ལྡན་ཡོངས་ཁྱབ་འགྲེམས་སྤེལ། ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༡༦ ཉིན། བོད་ལྕགས་ཡོས་ཕྱི་ལོ་ ༢༠༡༡ ནང་བོད་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་རིམ་བསྟུད་བྱུང་བ་བརྗོད་གཞིར་དྲངས་འབྲེལ། དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་རང་ལུས་མེར་བསྲེགས་བཏང་བ་ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ བར་གྱི་མེར་བསྲེགས་ལས་འགུལ་སྐོར་གྱི་གནས་ཚུལ་ཕྱོགས་བསྒྲིགས་ཀྱི་དེབ་༼ལྕགས་ཡོས་བཙན་རྒོལ་མེ་ལྕེ༽ ཡོངས་ཁྱབ་དཔར་འགྲེམས། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ཉིན། བོད་ནང་བཞུགས་པའི་ཤེས་ཡོན་པ་ཚོས་ས་བྱི་ཞི་རྒོལ་ཆེན་པོའི་རྗེས་འབྲེལ་དུ་སྤེལ་བའི་རྩོམ་ཡིག་ལེགས་འདེམས་ཀྱི་དེབ་༼གཞིས་བཞུགས་ཤེས་ཡོན་པ་ཚོས་ས་བྱི་ཞི་རྒོལ་ལ་ལྟ་བ༽ ཞེས་པ་ས་བྱི་ཞི་རྒོལ་དེབ་ཕྲེང་གཉིས་པའི་ངོ་བོ་ནས་དཔར་འགྲེམས་དང་། ཞིང་གཤེགས་སྐུ་ངོ་རྒྱལ་རོང་ཟླ་བ་ཚེ་རིང་གི་མི་ཚེའི་ལོ་རྒྱུས་ཉིང་བསྡུས་དེབ་༼རྒྱལ་རོང་ཟླ་བ་ཚེ་རིང་གི་མི་ཚེའི་ལོ་རྒྱུས༽ ཞེས་པ་གཉིས་ཡོངས་ཁྱབ་དཔར་འགྲེམས་ཞུ་ཐུབ་པ་བྱུང་བ་བཅས་ནི་བཀའ་ཟུར་ཁོང་གི་མགོ་འདོན་གནང་བ་ལས་བྱུང་བའི་གྲུབ་འབྲས་ཆགས་ཡོད།
གཞན་ཡང་ཁོང་གིས་གཙོ་འགན་བཞེས་ཏེ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་སྐུ་པར་སྣ་ཚོགས་དང༌། བཀའ་སློབ་གསུང་བཤད་རིགས། བརྙན་འཁོར་གྱི་རིགས་བསྡུ་སྒྲིག་གིས་ Documentary གློག་བརྙན་དང་འབྲེལ་བའི་དངོས་བྱུང་རྣམ་ཐར་ཞིག་བཟོ་སྐྲུན་ཞུ་འཆར་སྐོར་༸གོང་ས་སྐྱབས་མགོན་ཆེན་པོར་སྙན་གསན་ཕུལ་བའི་ཕྱིར་ཕེབས་སུ། དེ་སྐོར་ངེས་པར་སྤུས་དག་ཅིག་ཡོང་བ་དགོས་སྐོར་བཀའ་བཞེས་སྩལ་ཐོབ་དང་བཅས་ཏེ། ལོ་ཤས་གོང་ནས་དེ་སྐོར་ལས་དོན་དབུ་འཛུགས་ཞུས་ཟིན་ནས་ཡོད་པ་བཅས་མདོར་ན། གཞིས་བྱེས་གཉིས་ཀའི་སྤྱི་ཚོགས་ནང་མཛད་རྗེས་སྤམ་མཐོ་བ་བཞག་དང་འཇོག་མུས་ཀྱི་སྐབས་འདིར། བསྙུན་མནར་གྱི་རྐྱེན་པས་༢༠༡༢ལོའི་ཟླ་༧ཚེས་༢༦ཉིན་རྒྱབ་ཆུ་ཚོད་གཉིས་པ་ཡོལ་ཙམ་ལ་སྐུ་གཤེགས་སོང་བ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་སུ།

About རྩོམ་སྒྲིག་པ།