བཙན་མོ་ཁྲི་མ་ལོད།

སྙིང་སྟོབས་དམག་ཇུས་ཆས་སྲིད་དཔལ་གྱིས་ཕྱུག།

དགྲ་ཕྱོགས་བཅོམ་པའི་སྙན་པའི་གྲགས་པས་ཁྱབ།

བོད་ཁམས་བདེ་བའི་བོད་རྒྱལ་ཁྲི་མ་ལོད།

བྷོ་ཏྲའི་བུད་མེད་དབུ་འཕང་དགུང་ལ་སྟེགས།

 

བོད་ཁམས་བུ་ལྟར་བརྩེ་ཡང་དགྲ་མགོ་མནོན།

བོད་པར་མ་བཞིན་བྱམས་ཀྱང་དགྲ་རྣམས་བཏུལ།

བོད་པའི་དབུལ་འཕང་སེལ་ཡང་དགྲ་རྒྱུ་འཕྲོག།

བོད་ཀྱི་རྒྱལ་མོ་འབྲོ་བཟའ་ཁྲི་མ་ལོད།

 

༼དུས་རབས་བདུན་པའི་ནང་ལ་བོད་ཀྱི་ཆབ་སྲིད་བུད་མེད་ཀྱི་བསྐྱངས་པ།༽

 

བཙན་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱི་འཁྲུངས་ཡུལ་ནི། མཚོ་སྔོན་ཤར་མཐའ་ནས་ཡིན་པ་དང་། བོད་མིའི་ལོ་རྒྱུས་ཐོག་འབྲོ་ཞེས་པའི་རུས་རྒྱུད་ཡིན། འདི་སྙན་གྲགས་ཆེ་བའི་གྲས་ཤིག་ཡིན་པར་བཤད། བཙན་མོ་འདིའི་འཁྲུངས་ལོ་མ་གསལ་ཡང་། འདི་ཉིད་བཙན་པོ་མང་སྲོང་མང་བཙན་གྱི་བཙུན་མོ་ཡིན། མང་སྲོང་མེ་བྱི་སྤྱི་ལོ་༦༧༦ ལོར་གཤེགས་པ་དང་། གདུང་སྲས་འདུས་སྲོང་འཁྲུངས་པ་གཉིས་དུས་མཚུངས་སུ་བྱུང་བས། དེའི་སྐབས་ཞང་ཞུང་གི་ཡུལ་དང་། དྲུ་གུའི་ཡུལ་དག་ནས་ངོ་ལོག་པ་མ་ཟད། ཡབ་ཀྱི་གདུང་མཆོད་མ་བྱས་གོང་དུ། བློན་ཆེན་མཁར་ཁྲི་བཙན་སྙ་དྲུ་གུའི་ཡུལ་དུ་དམག་ལ་འགྲོ་དགོས་བྱུང་། བཙན་པོ་དགུང་ལོ་བཅུ་ལས་མ་སོན་སྐབས་སུ། བློན་ཆེན་མགར་བཙན་སྙ་དང་། མང་གཉན་སྟག་ཙབ་གཉིས་ནང་འཛིངས་ཤོར་ནས། བློན་ཆེན་མགར་བཙན་སྙ་བཀྲོངས་པ་སོགས་ཕྱི་ནང་བར་གསུམ་གྱི་འགལ་རྐྱེན་ཇི་སྙེད་ཅིག་བྱུང་ཡང་། དེའི་སྐབས་སུ་ཡུམ་ཁྲི་མ་ལོད་ཀྱིས། ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་ཕྱི་ནང་བར་གསུམ་གྱི་དགྲ་བོ་རྣམས་དུས་དང་བསྟུན་ནས་བསྒྲལ་ཐོག། བཙན་པོ་འདུས་སྲོང་དགུང་གྲངས་བཅུ་གསུམ་ལ་མ་སོན་བར་དུ་སྤུ་རྒྱལ་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ལོ་༡༣རིང་བཞེས། དེ་རྗེས་འདུས་སྲོང་མང་རྗེ་སྤྱི་ལོ་༧༠༤ལོར་དམག་སར་སྐུ་འདས་པ་དང་། སྲས་ཁྲི་ལྡེ་གཙུག་བཙན་སྐུ་འཁྲུངས་མ་ཐག་ཡིན་པས། སླར་ཡང་བཙན་མོ་ཁྲི་མ་ལོད་ཀྱིས་སྤུ་རྒྱལ་བོད་ཀྱི་ཆབ་སྲིད་ལོ་༨ བསྐྱངས་ཏེ། ཁྱོན་སྔ་རྗེས་སུ་རྒྱལ་སྲིད་ལོ་༢༡ རིང་བསྐྱངས་མཐར། སྤྱི་ལོར ༧༡༢་ཚ་བོ་ཁྲི་ལྡེ་གཙུག་བཙན་དགུང་གྲངས་དགུའི་ཐོག་ཏུ་ཁྲིར་འཁོད་གྲུབ་པར་བྱས་ནས།་བཙན་མོ་ཁྲི་མ་ལོད་ཉིད་འདས་སོ།

༼གོང་གསལ་འདི་བཞིན་འབྲི་གུང་སྐྱབས་མགོན་གྱི་བརྩམ་ཆོས་བོད་བཙན་པོོའི་རྒྱལ་རབས་ལས།༽

About རྩོམ་སྒྲིག་པ།