བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་བོར་བརླག་ཕྱིན་ནས་ལོ་༨སོང་བའི་ཉིན་མོར་སྲུང་བརྩི།

གླིང་ཚ་ཚེ་བརྟན་རྡོ་རྗེ།

 

རྡ་སར་ཡོད་པའི་བཙན་བྱོལ་གཞུང་ལ་སྙིང་གི་དམ་བཅའ་བཀོད་ནས་ཕེབས། །

ཞི་བའི་གོམ་བགྲོད་བོད་ལ་བྱེད་ཅེས་འཇིགས་མེད་སྟོབས་ཀྱི་ངར་སྐད་བསྒྲགས། །

བཙན་བྱོལ་བོད་མིར་འཚེ་མེད་ཞི་བའི་དྲན་སྐུལ་ཅོང་སྒྲ་ལྷང་ལྷང་བརྡུངས། །

བཙན་པོར་ཤོར་བའི་རི་དཔུང་གྲས་ནས་ཁྱོད་རང་གཅིག་པུར་ལམ་ལ་ཆས། །

ཤ་གཟན་སྲིན་པོ་གདོང་དམར་ཚང་གི་དར་ཆ་ཁྲ་བོ་ཕྲག་ལ་བསྒྲེངས། །

ས་རྡོ་རྩུབ་མོས་རྐང་ཁྲག་རྡོལ་ཡང་བོད་ཡུལ་ལུང་པར་ཤར་སྐྱོད་གནང་། །

གངས་ཀྱི་སེང་གེ་རལ་བ་སིག་སིག་དགྲ་བོའི་གདོང་ལ་ཁེར་རྒྱུགས་བྱས། །

དཔའ་བོའི་དམ་བཅའ་བྲག་ལ་བརྐོས་པའི་རིགས་སྲས་ཚེ་བརྟན་རྡོ་རྗེ་ཡིས། །

ཟུངས་ཁྲག་ལུས་ཀྱི་ཐིགས་པ་དུམ་བུ་བུ་དང་བུ་མོར་གྱེས་ཕྱག་ཕུལ། །

ཚེ་གཅིག་སྐྱ་ཡ་སྙིང་གི་ཆུང་མ་འདོད་པ་མིན་བཞིན་རྒྱབ་ཏུ་དོར། །

གློ་སྙིང་ཁོལ་བའི་ལ་རྒྱའི་མཚོ་མོ་དགུང་དུ་འཕྱོ་བའི་དཔའ་བོ་ཁོང་། །

ཆོལ་གསུམ་བོད་མིའི་བདེན་དོན་རྩོད་པར་སྔོན་དུ་སྤོས་པའི་རྡོག་སྒྲ་ཞིག །

ཤ་དར་ཁྲག་དར་སྟག་ཤར་ལང་ཚོ་བོད་ལ་ལོག་པའི་ལམ་ནས་བོར། །

སྒལ་ཚིགས་སྲ་ཞིང་དཔའ་མཛངས་རུས་པ་མི་རིགས་འདི་ཡི་དོན་དུ་ཕུལ། །

རྟུལ་ཞུགས་སྙིང་གི་བློས་གཏོང་འདི་ཀོ་སེམས་དཔའི་ནང་གི་སེམས་དཔའ་ཞིག །

འགྱུར་མེད་སྲོག་གི་ཀ་བར་བརྩེངས་བ་གནམ་སའི་བར་གྱི་རྡོ་རིང་ཞིག །

སྒྱོགས་སྒྲ་མེད་པའི་ཞི་བའི་འབོད་པ་སྤྱན་རས་གཟིགས་ཀྱི་ཐུགས་དགོངས་ཡིན།།

དུག་རྫས་མ་བཀོལ་རང་དབང་ཀླད་ཞོ་ས་ལ་གཏོར་བ་དབུ་མའི་ལམ་གྱི་དམིགས་ཡུལ་ཡིན། །

ལོ་ངོ་འདི་ཚོར་ཁྱོད་རང་བོར་བ་མི་རིགས་འདི་ཡི་ཕམ་ཁ་ཞིག །

སྐྱིད་སྡུག་མགོ་བོ་གནམ་ལྟར་མཐོ་བའི་བཙན་བྱོལ་ནང་གི་སྤུན་ཟླ་ཚོ། །

བོད་ཀྱི་གཅེས་ཕྲུག་ཚེ་བརྟན་རྡོ་རྗེ་སྡིག་ཅན་སུ་ཡིས་བཀྲོངས་སོང་ངམ། །

ཤི་ན་རོ་བདག་བྱ་ཡིན་ཟེར་བ་ཁོང་གི་ཐོག་ལ་དངོས་སུ་བསླེབས། །

རྒྱ་དམར་གཞུང་གིས་ས་མཐར་སྤྱུགས་པའི་ལོ་ཟླ་ནག་པོའི་གཏམ་རྒྱུད་ཁྲོད། །

ཚེ་སྲོག་དམར་པོས་ཁ་བ་ཅན་ལ་སྲི་ཞུ་བསྒྲུབས་པ་བརྗེད་རྒྱུ་མེད། །

ཨ དོན་ཉི།

 

གླིང་ཚ་ཚེ་བརྟན་རྡོ་རྗེ་དྲན་པ།

༸རྒྱལ་བའི་དགོངས་དོན་དབུ་མའི་ལམ་བཟང་སྤོབས་པས་བཏེགས་ཏེ་ལམ་ལ་ཆས།།

མི་རིགས་ཤིག་གི་ཤི་གསོན་དར་རྒུད་སེམས་ལ་བཅངས་ཏེ་ལམ་ལ་ཆས།།

བོད་ཡུལ་སྡུག་གི་མུན་ནག་ཁྲག་མཚོ་སྙིང་ལ་འཁྱིལ་བཞིན་ལམ་ལ་ཆས།།

མི་འགྱུར་དམ་བཅའ་རྡོ་རྗེའི་བྲག་གི་གཤིས་སུ་གྲུབ་པའི་བུ་རྒོད་པོ།།

 

བོད་དོན་ཁུར་བོ་རྒྱབ་ཏུ་ཁུར་ཏེ་རི་ཆུ་གྲངས་མེད་གོམ་པས་བཅགས།།

དཀའ་སྡུག་འབུམ་ལ་གདོང་གཏད་བྱས་ཏེ་བདེན་དོན་ཉི་ཟླའི་འབོད་སྒྲར་འཇུས།།

ཞི་བདེའི་གོམ་པའི་འདེགས་འཇོག་རེ་རེས་དྲང་དོན་གསེར་གྱི་འཁོར་ལོ་བསྐོར།།

ཁྱེད་ཀྱི་ལྷག་བསམ་རྡོ་བརྐོས་རི་མོ་ཆར་ཆུ་སྟོང་གིས་བསུབ་ནུས་མིན།།

 

བྱམས་ལྡན་ཕ་མའི་བརྩེ་སེམས་དྲོན་མོ་བོད་རྒྱ་ཞི་མོལ་ཆེད་དུ་བསྐྱུར།།

སྙིང་གི་ཕྱེད་ཀ་བཟའ་ཟླ་བུ་ཕྲུག་བོད་དང་བོད་མིའི་ཆེད་དུ་བཞག།

མདོར་ན་ཁྱེད་ཀྱི་བདེ་སྐྱིད་ཡོད་ཚད་གདོང་དམར་བོད་པའི་ཆེད་བཏང་པས།།

ཁྱེད་ཀྱི་ལོ་རྒྱུས་བསང་ཆུ་སྔོན་མོ་མཐའ་བཞིའི་རྒྱ་མཚོའི་ཀློང་དུ་འབབ།།

 

མི་གཞིའི་བརྟན་བརླིང་གངྒཱ་ལྷ་མོའི་གྲོགས་སུ་བསྡེབས་པའི་བུ་རྒོད་པོ།།

ཁྱེད་ཀྱིས་ཞི་བདེའི་མདུན་བསྐྱོད་རླབས་སྒྲ་མཐོང་ཐོས་བརླག་པའི་ཉིན་དེ་ནས།།

བློ་སྟོབས་ཞིམ་མེད་བདེན་དོན་བསྙད་པའི་མཐོ་སྒང་དཔའ་བོ་ཁེར་བགྲོད་པ།།

དྲན་པའི་མིག་ཟུང་ནམ་མཁར་ཅེར་ཏེ་ཁོ་བོའི་ཤུགས་གླུ་སྨྱུག་རྩེར་དྲངས།།

ཞེས་གཡུ་སྒང་དགེ་འདུན་གྱིས།

༢༠༢༡། ཟླ་ ༦ ཚེས ༥ ཉིན་ཕུལ།

 

 

༼ངོ་གདོང་སྨུག་པོ། བརྩེ་བ་ཐེད་པོ།༽

 

གླིང་ཚའི་བཟའ་ཟླ་ཡི་ཚབ་ཏུ་མུ་ཏིག་གིས།

 

ང་དང་འདྲིས་མྱོང་བའི་ངོ་གདོང་སྨུག་པོ། ཁྱོད་གང་ན་ཡོད།

 

སེམས་ཁྲལ་གྱིས་གཉིད་ཁུག་པ་དང་། སེམས་ཁྲལ་གྱིས་གཉིད་ལས་སད་ཐེངས་རེར། ངལ་དུབ་ཀྱིས་ཟིན་པའི་ལུས་པོ་འདིར། ནུས་ཤུགས་ཅུང་ཙམ་ཡང་མི་འདུག མུན་པ་ལྟ་བུའི་གནམ་འོག་ནས། འོད་སྣང་མི་མཁོ་བའི་མི་སུ་ཡོད། ངས་ཀྱང་མུན་པའི་ཡོལ་རས་ལྟ་བུའི་མི་ཚེ་འདི་ཕར་ཕར་ཕྱེ་ན་བསམ།

 

མལ་དུ་ཉལ་དུས། ངས་རང་གི་ཉལ་ཁྲི་ཆེ་དྲགས་འདུག་བསམ་བྱུང་། གཡས་གཡོན་གང་ལ་ཨ་ལོག་བརྒྱབ་རུང་། ཟུར་གང་ཞིག་ལ་ལག་པས་རེག་ཀྱང་། སྟོང་པ་སྟོང་རྐྱང་རེད། སྐབས་འདིར། ངས་ཉལ་ཁྲི་ཆུང་ཆུང་ཞིག་དྲན་བྱུང་། ཨ་ལོག་གང་ལ་བརྒྱབ་རུང་། སུ་ཞིག་གིས་འཐམས་ནས་ཡོང་བ་དང་། གང་ལ་ཡང་རེག་ནས་ཡོང་བའི་མལ་ས་ཞིག་དྲན་བྱུང་། ད་བར་ངའི་ཉལ་ཁྲི་ཆེ་དྲགས་འདུག

 

རྡ་ས་ནས་འདྲིས་སོང་བའི་སེམས་པ་དང་། རྡ་ས་ནས་འགོ་བརྩམས་པའི་མི་ཚེ། ཕྱིར་འདང་རེ་བརྒྱབ་ན། སུ་ལ་ཡང་ཡོད་མ་མྱོང་བའི་བདེ་སྐྱིད་ཅིག་ཏུ་རློམ་མྱོང་། རྨི་ལམ་དུ་འཁྱམས་པ་ལྟར་གཉིད་ལས་སད་དུས། ངའི་བརྩེ་བ་གང་ན་ཡོད། ངའི་བདེ་སྐྱིད་གང་ན་ཡོད། སྐབས་འདིར། མི་ལ་མ་འོངས་པ་མཐོང་བའི་སྒྱུ་འཕྲུལ་གྱི་མེ་ལོང་ཞིག་ཅི་མ་རུང་སྙམ།

 

གཉིད་ལས་སད་དུས། ངས་རང་གི་གཡས་གཡོན་ལ་ལྟ་གི་ཡོད། སྟོང་སང་སིང་གི་སྣང་བས། ང་མནན་ནས་ཡོང་གི། མལ་སར་ལྷུང་བའི་སེམས་པ་འདིས། གངས་རིའི་བར་མཚམས་ཀྱི་གོམ་སྒྲ་ཞིག་ལ་ཡང་ཡང་ཉན། སྙིང་གི་འཕར་ལྡིང་ཇེ་མགྱོགས་སུ་འགྲོ་དུས། ང་སྐད་ཤུགས་གང་ཡོད་ཀྱིས་ངུས་ན་འདོད། གློ་བུར་དུ། ང་ཁང་པ་འདི་ལ་ཡང་ཤོང་གི་མེད་པ་ཚོར་བྱུང་། ང་ལ་རྒྱ་མཚོའི་བྲང་གཞུང་ལྟ་བུའི་སྙེས་ས་ཞིག་དགོས་པ་འདྲ། ངས་རང་ཉིད་ཡོམ་ཡོམ་སྐྱོམས་བཞིན་པ་ཚོར་གི། ང་ལ་ནམ་མཁའ་སྔོན་མོ་ལྟ་བུའི་འཕག་ས་ཞིག་དགོས་ཀྱིན་འདུག

 

ན་ཟུག་གི་ལོ་ཟླ། གྲི་ལྟར་རྣོན་པོ་རེད། མཚམས་རེར་ང་སྤུ་གྲིའི་སོ་ཁ་ན་མྱུལ་བཞིན་པ་འདྲ། རྨ་ཁ་ལྟར་གཟེར་བཞིན་པའི་སེམས་པ་དང་། གཙང་བོ་བཞིན་བཞུར་གྱིན་པའི་ཡིད་ཀྱི་མཆི་མ་འདི། བརྩེ་བ་བོར་བའི་མི་ཞིག་གི་སྡུག་བསྔལ་རེད་ཟེར་ན། ཁྱེད་ཀྱིས་ཡིད་ཆེས་གནང་ངམ།

 

སྒེའུ་ཁུང་ཕྱི་རོལ་ན་འབབ་བཞིན་པའི་ཆར་བ་ལ་ང་སུན་གི། ངོ་གདོང་སྨུག་པོའི་གྲིབ་གཟུགས་ཤིག་གིས་ངའི་གྲུ་ཟུར་རེ་རེ་ལ་རེག་བཞིན་པ་འདྲ། ཤེལ་ངོས་ལ་ཐག་ཐག་རྡུང་འོང་བའི་ཆར་ཐིགས་ལ་ལྷག་ཏུ་སུན་གི། སྒྲ་དེ་དག་ནི་སྙིང་ཉེ་བ་སུ་ཞིག་ཁང་བའི་བར་འཁྱམས་ན་ཡོང་བཞིན་བའི་གོམ་སྒྲ་དང་འདྲ་གི། སྒྲ་དེ་དག་གིས་སུ་ཞིག་གིས་ཁང་བའི་སྒོ་མོ་རྡུང་བཞིན་པ་ལྟར་ཀུ་རེ་རྩེད་གི། ངའི་ཉེ་འཁོར་གྱི་གོམ་སྒྲ་ཡོད་ཚད་འཇགས་སོང་བ་རེད། ངའི་མཐའ་འཁོར་གྱིས་དགོད་སྒྲ་དྲོན་པོ་ཁྱེར་སོང་བ་རེད། ཐ་ན་ཕྱེ་མ་ལེབ་ཀྱི་འཕུར་ལྡིང་ཡང་ཤི་སོང་བ་རེད། སྐབས་འདི་འདྲ་ཞིག་ལ། སུ་ཞིག་གིས་ང་ལ་ཀུ་རེ་རྩེད་ན། ངས་བཟོད་སྒོམ་བྱེད་ཐབས་མི་འདུག

 

མི་ཁ་དང་ཡུག་ས་མའི་མིང་ངན་འཁུར་བའི་ང་། ས་རུབ་ཐེངས་རེ་དང་ནམ་ལངས་ཐེངས་རེ་རེ། འཛུམ་མདངས་བཅོས་མ་དང་མཉམ་དུ། སྐད་ཆ་འདྲ་ཆགས་རེ་བཤད་ནས། རེ་བ་སྟོང་བ་ཞིག་གི་ཆེད་དུ་འཐམ་དགོས་དུས། ས་སྒང་རྒྱབ་ལ་འཁུར་བ་ལྟ་བུའི་ལྗིད་ཤུགས་ཀྱིས་མནན་ཡོང་གི། སྤྲིན་བལ་ལུས་ལ་དཀྲིས་པ་ལྟ་བུའི་འཆིང་བྱེད་ཀྱིས་བསྡམས་ཡོང་གི། སྐབས་འདིར། འཇིག་རྟེན་ན་ནམ་ལངས་རྒྱུ་མེད་ན་དགའ་བ་ལ་ཨང་། ངས་མུན་པ་གོས་སུ་བཀླུབས་ནས། མུན་པའི་གཏིང་རིམ་ནས་རང་ཤི་རྒྱག་ན་འདོད།

 

(ཨ་ཕ་གང་དུ་བུད་སོང་)ཞེས་པའི་དྲི་བ་དེ་ང་ཡོལ་དགོས་ས་གཅིག་པོ་ཡིན། སྐད་ཆ་དེ་ཐོག་རེད། སྐད་ཆ་དེ་གློག་རེད། གློག་དམར་འཁྱུག་འཁྱུག་དང་གནམ་ལྕགས་ཐོག་སྒྲ་ཡིས་བཅུན་ཡོང་བའི་དངངས་སྐྲག་འདི། ངས་འཛུམ་མདངས་རྫུན་མ་ཞིག་གིས་བསུ་བཞིན་ཡོད། སྐབས་འདིར།  གློག་དམར་གྱིས་འཐག་བཞིན་པ་དེ་ང་ཡིན། གློག་དམར་བཞིན་འཁྱུག་དགོས་པ་དེའང་ང་རེད། ང་ལ་དབུགས་རིང་པོ་ཞིག་གཏོང་ས་ཡང་མེད་གི།

 

སྲང་ལམ་གྱི་ངོ་གདོང་ཡོད་ཚད་ཁྲ་ཁྲ་རེད། ང་དང་ངོ་བོ་དབྱེར་མེད་དུ་འདྲིས་སོང་བའི་ངོ་གདོང་སྨུག་པོ་དེ་གང་ན་ཡོད། སེམས་ལ་སིམ་སོང་བའི་ངོ་གདོང་སྨུག་པོ། གང་ཞིག་ནས་བོར་སོང་བ་དྲན་ན། ལུས་སེམས་གཉིས་ཀ་སྦྲིད་པར་གྱུར་འགྲོ། ཁྲོམ་གཞུང་ནས་ཀྱང་འགྱེལ་འགྲོ་བའི་སེམས་ཁྲལ་ཅི་འདྲའི་ཆེ་ཨང་། གོམ་པ་སྔར་ལས་ཇེ་ལྗིད་ལ་སོང་བ་ནི་སེམས་ཁྲལ་རེད། ལུས་པོ་སྔར་ནས་སྐམ་དུ་སོང་བ་ཡང་སེམས་ཁྲལ་རེད། སེམས་ཁྲལ་གྱིས་མནན་ཡོང་བའི་རྒྱ་ཁྱོན་ནི་གནམ་ལས་ཀྱང་ཆེ་བ་འདུག

 

བརྩེ་བ་ལ་བཟོད་སྒོམ་ཟེར་བ་ཞིག་མེད་པ་འདྲ། བརྩེ་བ་ལ་ཚབ་མཚོན་ཟེར་བ་ཞིག་ཀྱང་མེད་པ་འདྲ། གལ་སྲིད་ཡོད་ན། ཤ་ལས་ཆད་པའི་གཅེས་ཕྲུག་འདི་གཉིས་ཀྱིས་ཅིས་ཀྱང་ཚབ་མཚོན་ཐུབ་དགོས། དྲང་མོ་བཤད་ན། ཁྱོད་མེད་པའི་ཉི་མ་ལྔ་བརྒྱ་ཉེར་དྲུག་འདིའི་ནང་། ང་ནད་པ་ཡིན། ང་སྨྱོན་པ་ཡིན། མཚམས་རེར་བར་དོ་བའང་ཡིན།

 

ཁྱེད་ཀྱིས་ང་ལ་ཀུ་རེ་རྩེད་སོང་། ངའི་བརྩེ་བ་དང་ལང་ཚོ་ལ་ཀུ་རེ་རྩེད་སོང་། ངའི་མི་ཚེ་དང་ཁྱིམ་ཚང་ལ་ཀུ་རེ་རྩེད་སོང་། ང་ཤོག་སྙིགས་མིན་རུང་། ཁ་ཕྱོགས་མེད་པའི་ལྷགས་རླུང་ལ་བསྐུར་སོང་། བུ་ཕྲུག་གཉིས་ལམ་བར་གྱི་རྡེའུ་བཞིན་བསྐྱུར་སོང་། གདོང་སྨུག་པོ་ཅན་གྱི་རྒྱུ་འབྲས་ཀྱི་བདག་པོ་ཚོ། འདི་ལྟར་བུད་སོང་ན་ཆོག་ནི་ཨེ་རེད། ལན་ཞིག་ཐོབས་དང་། ངོ་གདོང་སྨུག་པོ།

 

ངོ་གདོང་སྨུག་པོ། བརྩེ་བ་ཐེད་པོ།

 

མུ་ཏིག་གིས་༢༠༡༣ལོར་ཤེས་རབ་ཀྱི་ནམ་མཁར་ཕྱོགས་པ་སྙན་ངག་གྱེར་འདོན་འདུ་འཛོམས་ཐེངས་བཞི་པར་བྲིས།

 

 

 

ངས་མང་བོ་བཤད་མི་འདོད།

ལྷ་ཆབ་སྦྱིན་པ།

ཁྱོད་རང་སོང་ནས་མི་ལོ་བདུན་ཙམ་འདས།།

ཅིའི་ཕྱིར་སོང་དང་ཇི་ལྟར་སོང་ངམ་ཀྱེ།།

 

ཁྱོད་རང་སོང་ཤུལ་ཨ་མ་འདས་ཤུལ་དུ།།

ད་དུང་སྡུག་བསྔལ་ལྷག་མ་ཅི་ཙམ་ཡོད།།

 

ཁྱོད་རང་ས་ཡ་དྲུག་གི་ཆེད་དུ་སོང་།།

ས་ཡ་དྲུག་གིས་ཁྱོད་རང་རྦད་དེ་བོར།།

 

ད་ནི་དྲན་པས་དྲན་ཚོད་ང་ལ་མེད།།

ལོ་ངོ་བདུན་ལ་དྲན་ནས་ངུས་ནི་ཡིན།།

 

ཤི་དང་གསོན་པའི་གདེང་ཚོད་གང་ཡང་མེད།།

བོར་སྟངས་འདི་ལ་སེམས་པ་ཧ་ཅང་ཕངས།།

 

ཁྱོད་རང་བརླགས་ས་སྦས་ཡུལ་འབྲས་ལྗོངས་ཏེ།།

ཁྱོད་རང་བརླགས་དོན་ས་ཡ་དྲུག་གི་ཆེད།།

 

ད་ལྟ་ཤི་གསོན་གང་དུ་མཆིས་ན་ཡང་།།

བླ་མ་སྤྱན་རས་གཟིགས་ཀྱིས་རྗེས་འཛིན་ཤོག།

 

 

མི་འགྱུར་གངས་ཕྲུག གླིང་ཚ་དཔའ་བོ།

 

 

སྐྲ་ལོ་སིག་སིག་ངར་སྐད་ལྡིར་ལྡིར།

གངས་སེང་རྒྱལ་དར་ལྷབ་ལྷུབ།

མི་ཚོགས་ཤིག་ཤིག་གོམ་སྒྲ་ཁྲོག་ཁྲོག

བརྗིད་ཉམས་དོད་ལེ་དཔའ་འཛུམ་གྱུ་ལེར།

ཕོ་བྲང་ནས་གྱེས་ཏེ་ཕོ་བྲང་མཇལ་བྱུང་ངམ།

 

ཉིན་ཐོག་ཟླ་ཁུར་ཟླ་ཐོག་ལོ་ཁུར།

རྨུག་རྒྱུ་བཞིན་མིག་ལམ་ནས་ཡལ་ཞིང་།

རྨི་ལམ་ཞིག་ལྟར་དུ་སེམས་པ་དང་དྲིན་འཛིན་ནས་ཡལ་ཉེན་ཆེ་བ་ཁྱོད།

བདེན་པ་གསོན་ཤུགས་སུ་བགྱིས་ཏེ་མུ་མཐུད་ཉི་མ་ལྷ་སར་རྒྱང་བཞུད་བྱེད་བཞིན་ཡོད་དམ།

 

མི་འགྱུར་གངས་ཕྲུག

གླིང་ཚ་དཔའ་བོ།

རྒྱ་སྟག་འཛུམ་དྲུག་གྱུ་ལེ།

གངས་སེང་རྒྱལ་དར་ལྷབ་ལྷུབ།

སྔར་བཞིན་དཔའ་བོའི་འབོད་ཚིག་དོན་ཚན་ལྔ་དང་མཉམ་དུ་གསོན་ཡོད་དམ།

 

སྐྲ་ལོ་སིག་སིག

བརྗིད་ཉམས་དོད་ལེ།

དཔའ་བོའི་རི་ལམ་ཞིག་དེད་དེ་ང་ཚོ་དང་གཏན་དུ་གྱེས་པ་ག་ལ་ཡིན་ཨང་།

 

 

ཤར་སྒང་པདྨ་རྣམ་རྒྱལ་གྱིས་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༦ ལ།

About རྩོམ་སྒྲིག་པ།