འདིར་བྱང་གི་དགོན་ཆེན་བཞི་འདྲེན་སྐབས་ཀྱི་བྱང་ནི་བོད་ཡུལ་མདོ་དབུས་ཁམས་གསུམ་དུ་དབྱེ་བའི་མདོ་ཁམས་སྨད་ཀྱི་ཡུལ་གྲུ། རྨ་ཆུ་བགྲོད་ཚུལ་གྱི་དབང་དུ་བྱས་ན་ལྷོ་རྒྱུད་དང་བྱང་རྒྱུད་གཉིས་ཡོད་པས་བྱང་རྒྱུད་དུ་གོ་ཟེར་བ་དང༌། གཞན་ངེས་དོན་ཆོས་ཀྱི་ཉི་མས། ཙོང་ཆུའི་ཉིན་སྲིབ་དང་ཙོང་ལ་རིང་མོ་ལྷོ་བྱང་གི་སའི་ཆ་སྟེ་ཁམས་ཀྱི་གཡེར་མོ་ཐང་ངམ་ཤར་མདོ་སྨད་ཙོང་ཁ་ཡང་རྨ་ཆུའི་བྱང་རྒྱུད་ན་ཡོད་པས་བྱང་ཞེས་ངོས་འཛིན་ཟེར། ངག་རྒྱུན་ལྟར་ན་བྱང་གི་དགོན་ཆེན་བཞི་ནི། བྱ་ཁྱུང༌། དགོན་ལུང༌། ཆུ་བཟང༌། གསེར་ཁོག་བཅས་ཡིན་ཟེར་སྲོལ་ཡོད་ལ། དེང་དུས་ཀྱི་ཆུ་བཟང་དགོན་པའི་གྲྭ་རྣམས་ཀྱིས་ཀྱང་བྱང་གི་དགོན་ཆེན་བཞི་ལ་གཏོགས་ཚུལ་སོགས་ལོ་རྒྱུས་མང་པོ་བཤད་རྒྱུན་ཡོད་ཀྱང༌། མཁན་པོ་ངག་དབང་རྒྱ་མཚོའིབསྟན་པའི་བྱུང་རབསདང༌། མཁས་དབང་ཚེ་ཏན་ཞབས་དྲུངབོད་གངས་ཅན་གྱི་སྒྲ་རིག་པའི་བབཅོསགཉིས་ན་བྱ་ཁྱུང་དང༌། སྐུ་འབུམ། དགོན་ལུང༌། གསེར་ཁོག་ནི་བྱང་གི་དགོན་ཆེན་བཞིའོ་ཞེས་གསུངས་ཡོད། “ཙོང་ཆུ་བྱང་རྒྱུད་ཀྱི་མ་དགོན”དུ་གྲགས་པའི་དགོན་ལུང་དགོན་པ་ནི་མདོ་སྨད་ཙོང་ཁའི་ཡུལ་དུ་ཆགས་ཡོད་ལ། དགོན་པ་ཆགས་ཡོད་པའི་ལུང་པ་དེའི་མིང་ལ་དགོན་ལུང་ཟེར་པས་ས་མིང་དགོན་པར་བཏགས། དགོན་ལུང་བྱམས་པ་གླིང་ནི་སྤྱི་ལོ ༡༦༠༤ ལོར་རྒྱལ་སྲས་རིན་པོ་ཆེ་སྐུ་ཕྲེང་བདུན་པ་དོན་ཡོད་ཆོས་ཀྱི་རྒྱ་མཚོས་བཏབ་པ་ ཡིན།
སྤྱི་ལོ༡༥༨༣ལོར་༧རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་གནང་སྐབས་ལམ་བར་དུ་ས་ཆ་འདི་བརྒྱུད་དུས། ས་དེ་གའི་མཛེས་ཤིང་སྡུག་པའི་ཡུལ་ལྗོངས་ལ་བསྔགས་བརྗོད་ཚད་མེད་གནང་བ་དང་ལྷན་དུ “ཕྱིས་སུ་ས་འདིར་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བའི་སྐྱེས་ བུ་དམ་པ་འབྱུང་པར་ངེས།” ཞེས་ལུང་བསྟན་གནང་མྱོང༌། སྤྱི་ལོ༡༦༠༢ལོར། ༧རྒྱལ་དབང་སྐུ་ཕྲེང་བཞི་པས་སྐུ་དངོས་སུ་དགོན་པ་འདེབས་རྒྱུའི་ཁས་བླངས། འོན་ཀྱང་རྒྱུ་རྐྱེན་དུ་མའི་དབང་གིས་རེ་བ་དེ་མྱུར་དུ་འགྲུབ་མ་ཐུབ། སྤྱི་ལོ༡༦༠༣ལོར། ས་དེའི་བོད་རིགས་སྡེ་ཚོ་ཕྱོགས་ཁ་བཅུ་གསུམ་གྱི་འགོ་དཔོན་ རྣམས་དབུས་གཙང་དུ་སོང་ནས་༧རྒྱལ་དབང་སྐུ་ཕྲེང་བཞི་པར་མཇལ་ཏེ་དགོན་པ་འདེབས་ དགོས་པའི་རེ་བ་སླར་ཡང་བཏོན་པས། ༧རྒྱལ་དབང་སྐུ་ཕྲེང་བཞི་པ་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་བས་ཡུལ་ཕྱོགས་ དེར་དགོན་པ་འདེབས་རྒྱུ་ཁས་བླངས། སྤྱི་ལོ༡༦༠༤ལོའི་ཟླ་གསུམ་པར། དགོན་པ་འདེབས་པའི་འགོ་བརྩམས། སྐབས་དེར་རྒྱལ་སྲས་དང་སུམ་པ་རྣམ་གཉིས་ཀྱིས་ འགན་འཁུར་བཞིན་ཡོད། ས་དེ་གའི་རབ་བྱུང་བཙུན་པ་དང་དད་ལྡན་མང་ཚོགས། ཚོ་པའི་འགོ་དཔོན་བཅས་ཀྱིས་རམ་འདེགས་ཆེན་པོ་བྱས་པས་དགོན་པ་ ཡོངས་འགྲུབ་བྱུང༌། དགོན་པ་བཏབ་མ་ཐག་མཚན་ཉིད་གྲྭ་ཚང་ཁོ་ན་མ་གཏོགས་མེད། ཕྱིས་སུ་ལྕང་སྐྱ་དང་ཐུའུ་བཀྭན། འཇམ་དབྱངས་བཞད་པ་སྐུ་ཕྲེང་ དང་པོ་བཅས་ཀྱིས་རྒྱུད་པ་གྲྭ་ཚང་བཙུགས་ཏེ་བཤད་སྒྲུབ་ཟུང་སྤེལ་གྱི་ཆོས་སྡེར་ གྱུར་ཅིང༌། ཐོག་མར་ རབ་ཏུ་བྱུང་བ་ཆིག་བརྒྱ་ལྷག་ཡོད། རྗེས་སུ་དགོན་ལུང་དགོན་པ་དར་བའི་རྩེར་སོན་ཏེ། འདུ་ཁང་ཆེ་ཆུང་དང་ནང་ཆེན། གྲྭ་ཤག་ བཅས་ཉིས་སྟོང་ལྷག་ཡོད་པར་གྱུར། རབ་ཏུ་བྱུང་བ་བདུན་སྟོང་བདུན་བརྒྱ་ལ་བསླེབས་མྱོང༌ཟེར། སྐབས་ཐོག་དེར་དགོན་པ་འདིར་ནང་ཆེན་ཆེ་ལྔ་ཆུང་དགུ་ཡོད་མོད། ཕྱིས་སུ་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་པའི་དབང་འོག་དུ་བཅུག་པ་ དང་ལྷག་པར་དུ་ལོ་རབས་དྲུག་བཅུ་པར་ རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་ཁྲོད་དགོན་པ་འདི་ཡང་གཏོར་བཅོམ་འཕྲོག་ བསྲེགས་ཀྱི་ཉེར་ལེན་ལ་བསྟེན་ནས་ད་ལྟ་སྔོན་དང་བསྡུར་ན་མིང་ཙམ་ལས་ལྷག་མེད།