སྐུ་འབུམ་བྱམས་པ་གླིང་ནི་ཟི་ལིང་མཁར་གྱི་ཉེ་འཁྲུས་སུ་ ཆགས་ཡོད་ལ། ཟི་ལིང་ནས་སྐུ་འབུམ་བར་སྤྱི་ལེ༢༥ཡོད། དེར་སྐུ་འབུམ་ཟེར་དོན་ནི་རྗེ་ ཙོང་ཁ་བའི་ལྟེ་ཁྲག་འཕོས་ས་ནས་ཤིང་ཙན་དན་གྱི་ལྗོན་པ་ཞིག་སྐྱེས་བར་བཤད་ལ། ལྗོན་པ་དེའི་ལོ་མ་རེ་རེའི་སྟེང་ན་རྒྱལ་བ་སེང་གེ་ང་རོའི་སྐུ་རེ་ཡོད་པས་ སྐུ་འབུམ་ཞེས་མིང་དུ་ཐོགས་པ་ཞིག་རེད། དགོན་པ་འདི་ནི་སྤྱི་ལོ༡༥༦༠ལོར་བཏབ་པར་ཀུན་ལ་གྲགས་ཀྱང༌། ཐོག་མར་ཅི་ལྟར་དབུ་བཙུགས་པའི་ལོ་རྒྱུས་གླེང་ན། རྗེ་ཙོང་ཁ་བ་དབུས་སུ་ཕེབས་ནས་ཡུན་རིང་འགོར་བའི་སྐབས་ཤིག་ན། ཡུམ་གྱིས་རྒས་ཚུལ་དང་མདོ་སྨད་དུ་འབྱོན་དགོས་ཀྱི་ཞུ་ཡིག་སྐྲའི་ལན་བུ་དཀར་པོ་ དང་བཅས་བསྐུར་བར། མདོ་སྨད་དུ་ཕེབས་པ་དགོས་པ་ཆུང་བར་གཟིགས་ནས་མི་ཕེབས་པར་ཐག་བཅད་དེ་ཡུམ་དང་ཨ་ ཅེ་གཉིས་ལ་ཁོ་རང་གི་སྐུ་ཐང་རེ་ དང༌། རྒྱལ་བ་སེང་གེ་ང་རོའི་སྐུ་དཔར་གཅིག བདེ་མཆོག་གི་བུམ་སྐུ་བཅས་བསྐུར་བ་དེ་དང༌། གསུང་ཤོག་ནང་རྟེན་བྱས་ཏེ་དད་ལྡན་མང་པོའི་གྲོགས་ལ་ བརྟེན་ནས་རྒྱལ་བ་སེང་གེ་ང་རོའི་སྐུ་བརྙན་འབུམ་པར་ལ་བཏབ་ནས་ཙན་དན་གྱི་ལྗོན་ པ་སྲོག་ཤིང་གི་ཚུལ་དུ་བཞུགས་སུ་གསོལ། མཐའ་སྐོར་དུ་རྡོ་རྩིག་གི་ ར་བ་བརྟན་པར་བརྩིགས་པའི་སྟེང་དུ་པདྨ་སྤུངས་པའི་མཆོད་རྟེན་བཞེངས་ཤིང༌། དེའི་སྟེང་དུ་ལྷ་ཁང་གྱོ་ཐོག་ཅན་གསར་བསྐྲུན་བྱས་ཏེ་སྐུ་འབུམ་གྱི་གཞི་ བཏང་བ་རེད། ཕྱི་ཞིག་ན་འདུལ་འཛིན་ཆོས་རྗེ་སྒོམ་ཆེན་རིན་ཆེན་བརྩོན་འགྲུས་རྒྱལ་མཚན་གྱིས་ དགོན་པ་བཏབ། རྗེས་སུ་རིམ་བཞིན་ཇེ་རྒྱས་ཇེ་ལེགས་སུ་ སོང་བ་གདན་རབས་ན་གསལ།