བྲག་དཀར་མཆེད་གསུམ།

གནས་རི་འདི་ནི་མགོ་མང་གྲོང་རྡལ་གྱི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ་40ཡི་མཚམས་ན་ཡོད་པའི་བྲག་དཀར་ཞེས་པའི་རྫ་རི་སྟེ། འདི་ནི་ཀོས་ནན་རྫོང་(མང་རྫོང་)དང་། རྩེ་ཁོག ཁྲི་ཀ། རེབ་གོང་བཅས་རྫོང་ཁག་བཞིས་ས་མཚམས་ཀྱི་རི་བོ་ཞིག་ཡིན། འདིའི་དབུ་རྩེའི་མཐོ་ཚད་མཚོ་ངོས་ལས་སྨི་5011དང་། རིང་ཚད་ལ་སྤྱི་ལེ་20ཙམ་ཡོད། ཞེང་ལ་སྤྱི་ལེ་4ཙམ་ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད་35º53’ནས་ཤར་གྱིི་གཞུང་ཚད་100º25’ཡི་མཚམས་ན་ཡོད། རི་འདིའི་དབུ་རྩེར་གངས་ཀྱིས་བཟུང་ཞིང་། སྨད་དུ་གསོམ་ཤུག་དང་། སྟག་པ། རི་ལྕང་། སྟག་མའི་མེ་ཏོག་སོགས་ཀྱིས་ཁེབས། ལུང་པ་ཕལ་ཆེ་བར་ཆུ་རྒྱུན་འབབ་ཅིང་། མོ་ཅོག་ལུང་པ་དང་། ཆུ་ཚན་ལུང་པར་ཆུ་རྒྱུན་ཆེ། རི་སྐེད་དུ་བྲག་རྡོ་དཀར་པོས་ཁྱབ་པས་བྲག་དཀར་དུ་ཐོགས་ང་བརྒྱད་ལོའི་སྔོན་དུ་གླ་བ་དང་། དོམ། དྲེད་མོ། གསའ། འཕར་བ། དགོ་བ། ཤྭ་བ། རྣ་བ། ཝ། གཟིག གཡི་དཀར། གཡི་སེར་སོགས་དང་། ཤིང་རིགས་ལ་སྨར་མོ། གླ་ཤིང་། ཤུག་པ། གསོམ་པ། མ་གལ། སེང་ལྡེང་། ཉ་རིག། ལྕང་མ། དབྱར་བ་སོགས་ཡོད། སྨན་ལ་དབྱར་རྩ་དགུན་འབུ་སོགས་རྩ་ཆེན་མང་པོ་དང། འདབ་ཆགས་ལ་རྒོད་དང་། གོང་མོ། དེ་ཕོ། བྱ་ཝང་སོགས་སྣ་ཚོགས་ཡོད།

ངག་རྒྱན་དང་པོ། ཨ་མྱེས་བྲག་དཀར་ནི་ཨ་མྱེས་རྨ་ཆེན་གྱི་ཤར་སྒོ་སྲུང་བའི་བློན་པོ་ཞིག་སྟེ་ལ་ལས་ཨ་མྱེས་རྨ་ཆེན་གྱི་སྲས་སུ་བཤད། གནའ་སྔ་མོར་བྱ་སྟོད་ཀྱི་ཕྱོགས་འདིར་ཇག་རྐུན་གྱིས་གཙེས་པས་ཨ་མྱེས་རྨ་ཆེན་གྱིས་སྤྲེལ་རྫོང་དུ་བཞུགས་པའི་བྲག་དཀར་བྱ་སྟོད་དུ་མངགས་ནས་རི་ཆེ་ཆུང་བརྒྱ་རེ་ཡོད་པའི་བྲག་དཀར་གྱི་བདག་པོ་བྱས་བཞུགས་སྐད། ཨ་མྱེས་བྲག་དཀར་གནས་འདིའི་རི་བོ་ཆེ་ཆུང་བརྒྱ་རྩ་བརྒྱད་དབུས་ན་ཡུལ་ལྷའི་རྒྱལ་པོའི་ཚུལ་དུ་བཞུགས་ནས་ཡུལ་ཕྱོགས་འདིའི་སྐྱབས་སུ་བྱེད་ཅིང་། ཨ་མྱེས་བྲག་དཀར་ལ་རྩེ་མོ་ཆེ་ཆུང་གསུམ་ཡོད་པ་ལས་སོ་སོར་སྤུན་ཆེ་བ་བྲག་དཀར་རབ་བརྟན་ཐོགས་མེད་དང་། འབྲིང་བ་བྲག་དཀར་བཀྲ་ཤིས་དོན་གྲུབ། ཆུང་བ་བྲག་དཀར་དཀོན་མཆོག་འཇིགས་མེད་དེ་བྲག་དཀར་སྤུན་གསུམ་གནས། སྤུམ་མཆེད་གསུམ་གྱི་དར་གྱི་འཇོག་བེར་དང་གསེར་ཁྲབ་གསོལ་ཞིང་། དབུ་ལ་གསེར་རྨོག་མནབས། གཡས་སུ་ཉག་ཕྲན་མདའ་མོས་བཀང་བའི་སྟག་རལ་དང་། གཡོན་དུ་མཆོག་དཀར་གནམ་རུ་བཅུག་པའི་གཟིག་ཤུབས་བཏགས། ཞབས་ལ་སག་ལྷམ་གྱོན་པ་སོགས་དཔའ་བོའི་ཆས་རྣམས་ཡོངས་སུ་རྫོགས་ཤིང་། སྟོང་གསུམ་སྐད་ཅིག་བགྲོད་པའི་རླུང་གི་ཤུགས་དང་ལྡན་པའི་རྟ་མཆོག་གི་སྟེང་དུ་འགྱིང་ཚུལ་གྱིས་བཞུགས།

ལྷ་ལུང་དུ་མོ་ཅོག་ལུང་པའི་རི་བོ་ཨ་མ་སྨུག་རི་མ་དང་། གཉན་ཁྱུང་སྨན་རྒྱལ་པོ་གཉིས་ལ་བྲག་དཀར་སྤུན་གསུམ་བྱུང་ཟེར། ཨ་མྱེས་བྲག་དཀར་གྱི་འདབས་ན་ཡོད་པའི་ཁྲ་མོ་སྤུན་གསུམ་ནི་བྲག་དཀར་སྤུན་གསུམ་གྱི་བཙུན་མོ་སྟེ་དེ་དག་གི་རྩེ་མོའང་བྲག་དཀར་སྤུན་གསུམ་གྱི་ཕྱོགས་ལ་འཁོར་ཡོད། བྲག་དཀར་སྤུན་གསུམ་ལ་སྐུ་སྲིང་གསུམ་ལས་ཨ་ཅེ་དེའུ་དཀར་མ་ནི་བུ་མོ་ཡུལ་བཟུང་མ་ཡིན་པ་དང་། རི་བོ་དེའི་ལོགས་སུ་དེའུ་ཕྲུག་ཅེས་པའི་རི་ཕྲན་འགའ་ཡོད་པ་ནི་ཨ་ཅེ་དེའུ་དཀར་མའི་བྱིས་པ་ཡིན་ཞིང་།  ཁྲི་ཀའི་ཡུལ་ལྷའི་བུ་ཡིན་པས་ཁ་དཔེར་བྲག་དཀར་དང་ཡུལ་ལྷའི་ཁུངས་རྒྱུན་གཅིག་ཞེས་ཟེར་དོན་ཡང་དེ་ཡིན་ཟེར། འབྲིང་བ་ཨ་མ་ལྕམ་ནི་ཨ་མྱེས་འབའ་ཚེ་དུང་གི་ཐོར་ཅོག་ཅན་ལ་མནའ་མར་བརྫངས། ཕྱིས་སུ་བཟའ་ཟླ་གཉིས་མ་མཐུན་པར་ཁོ་མོ་ཕྱིར་རང་ཡུལ་ལ་འགྲོ་བའི་ལམ་བར་དུ་ཨ་མྱེས་ཁྲ་ཆེན་མདུན་ནས་བུད་པས་མོ་སྐྱེངས་ཏེ་དུད་དེ་གནས་ཟེར། ཆུང་བ་སྣར་མ་ཕྱུག་མོ་ནི་རེབ་གོང་གོའུ་སྡེ་ཀ་རིང་ས་ཆར་ཡོད། ཨ་མྱེས་བྲག་དཀར་ལ་བློན་པོ་མང་ཞིང། གཙོ་བོ་ཐོག་དེའུ་རྫ་རྒན་དང་། ཝང་ཁྱ་ཡེ། ཨ་མྱེས་བལ་བོ་སྤུན་གསུམ། མགར་གྲོང་བསྟན་སྐྱོང་བཅས་ཡིན། ཁྲི་ཀའི་བདུད་ཤུལ་གྱི་ཁོངས་སུ་ཡོད་པའི་ཐོག་དེའུ་རྫ་རྒན་ནི་ཨ་མྱེས་བྲག་དཀར་གྱི་ཤར་སྒོ་སྲུང་བའི་བློན་པོ་དང་། སུམ་མདོའི་ཁོངས་སུ་ཡོད་པའི་ཝང་ཁྱ་ཡེ་ནི་ལྷོ་སྒོ་སྲུང་བའི་བློན་པོ། ཅོ་སེར་གྱི་ཁོངས་སུ་ཡོད་པའི་ཨ་མྱེས་བལ་བོ་སྤུན་གསུམ་ནི་ནུབ་སྒོ་སྲུང་བའི་བློན་པོ། ཁྲི་ཀའི་བདུད་ཤུལ་གྱི་ཁོངས་སུ་ཡོད་པའི་མགར་གྲོང་བསྟན་སྐྱོང་བྱང་སྒོ་སྲུང་བའི་བློན་པོ་ཡིན་ཟེར། ཨ་མྱེས་བྲག་དཀར་གྱི་སྲས་རྒྱལ་ཁའི་ཐོག་ལྷ་སྤུན་གསུམ་ཡིན་ཞིང་། སོ་སོར་ཨ་མྱེས་རྨ་རྒྱལ་གྱི་སྲས་མོ་མང་སྟོད་ཀྱི་སྒེའུ་ལྷ་མོ་སྤུན་གསུམ་བག་མར་བསུས་པ་ཡིན་ཞེས་གྲགས་སོ། ། བྲག་དཀར་དགྲ་ལྷ་ཁྱད་པར་ཅན་ཞིག་ཡིན་པས་སྔོན་ཆད་ཇག་དང་དམག་ལ་འགྲོ་མཁན་དག་གིས་ཆེད་དུ་བསྟེན་ཞིང་། ད་ལྟའང་དེ་སྟེན་མཁན་ཕྱོགས་སོ་སོ་ན་ཡོད། ཁོ་ནི་སོག་པོ་ལ་ཆེས་མི་དགའ་བ་ཞིག་ཡིན་པར་བཤད་ཅིང་། སྔོན་ཆད་ས་འདི་སོག་པོས་བདག་ཏུ་བཟུང་དུས་སོག་པོ་ཆམ་ལ་ཕབ་ནས་བོད་མི་དག་གིས་མགོ་སྐྱབས་མཛད་པས། བོད་མི་དག་གི་ཨ་མྱེས་བྲག་དཀར་གྱི་མངའ་འབངས་ཡིན་པ་མཚོན་བྱེད་དུ་མགོ་ལ་ཅ་ལ་དམར་པོ་སོགས་འདོགས་པར་བཤད། ཁོང་ལྷ་བབས་ན་ལྷ་ལུང་དུ། ཨ་མྱེས་རྨ་ཆེན་གྱི་སྲས་ཡིན་པ་དང་། སྦྲ་རོག་རོག་ཅན་གྱི་མགོན་སྐྱབས་བྱེད། །གུར་དཀར་དཀར་ཅན་གྱི་ཁ་གནོན་བྱེད། །སོག་པོ་ཅ་ལ་ཅན་གྱི་ཅ་ལ་གཅོད། །སོག་མོ་རྣ་ཏོག་ཅན་གྱི་རྣ་ཏོག་གཅོད། །ཅེས་པ་སོགས་ལོ་རྒྱུས་དེ་གསལ་པོར་གསུངས་བཤད། ①ངག་རྒྱུན་གཉིས་པ། རྒྱལ་པོ་འདི་ནི་དང་ཐོག་གུ་ཤྲྀ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་སྲས་སུ་འཁྲུངས་ཤིང་། རང་གཞན་ཀུན་ལ་བྱམས་ཤིང་དཔའ་མཛངས་གཉིས་ལྡན་གྱི་ཕོ་རྒོད་ཅིག་ཡིན། རྒྱལ་པོའི་འཁོར་གྱི་གཡག་མོ་ཞིག་གིས་མང་ཇའི་ནང་དུ་བྱིས་པ་ཆུང་ཆུང་ཞིག་ལྷུང་བ་རྒྱལ་པོའི་འཁོར་སོགས་ལ་དྲངས། ཇ་འདི་ཧ་ཅང་ཞིམ་པོ་འདུག་པ་ཅི་ཡིན་ནམ་ཞེས་དྲིས། གཡོག་མོས་ལ་སྲས་ལ་སྐྱོན་བཀལ་བས་རྒྱལ་པོས་སྲས་མྱུར་དུ་ཁྲིད་ཤོག་གསུངས། སྲས་ཀྱིས་རྒྱལ་པོས་ཆད་པ་གཅོད་ངེས་པ་ཚོར་ནས་གཞན་དུ་བྲོས་པ་ར་མདའི་དམག་གིས་བཟུང་སྟེ་གསོད་དུས། རྒྱལ་བུས་ཆེས་མཆོག་ཏུ་གྱུར་པ་ཞིག་ཏུ་སྐྱེ་བར་ཤོག། གནས་དེར་སྐྱེ་བ་བླངས་ནས་ཁམས་གསུམ་དབང་དུ་བསྡུ་བ་དང་དགྲ་བགེགས་ཆམ་ལ་འབེབས་པའི་སྟོབས་དང་ལྡན་པ་ཞིག་ཏུ་སྐྱེ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ།

ཁོ་བསད་པ་བྲག་དཀར་རྫ་རྐང་རིང་མོ་དེར་ཨ་མ་སྨུག་རི་མའི་སྲས་སུ་དགྲ་ལྷའི་བྲག་དཀར་མཆེད་གསུམ་དུ་འཁྲུངས་པར་བཤད། བུ་ཆེ་བ་རབ་བརྟན་ཐོགས་མེད་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ། འབྲིང་བ་འཇམ་པའི་དབྱངས་ཀྱི་སྤྲུལ་པ། ཆུང་བ་གསང་བདག་ཕྱག་ན་རྡོ་རྗེའི་སྤྲུལ་པར་བཤད།

བྲག་དཀར་གྱི་དབུ་རྩེ་མཆོང་དང་། བྲག་དཀར་གྲམ་དཀར་ལ་སོགས་པ་སྐུ་གསུམ། ས་དམར་གྱིས་ཐུགས་མཚོན་ཞིང་ཨ་ཅེ་དེའུ་དཀར་མ། ཨ་མ་ལྕམ། བ་དགུའི་སྣར་མ་ཕྱུག་མོ། སྒེའུ་ལྷ་མོ་བཅས་ཀྱིས་བདེ་མཆོག་གི་ཕོ་བྲང་གི་ཤར་སྒོའི་ཁ་གདོང་མ། ལྷོ་སྒོའི་འུག་གདོང་མ། ནུབ་སྒོའི་ཁྲག་①དེ་ལྟར་གཉན་ཁྱུང་སྨན་རྒྱལ་པོ་ཡབ་ཡིན་པ་བྲག་དཀར་ལྷ་ལུང་དུ་འབྱུང་ཟེར་བར་འགལ་བས་རྨ་ཆེན་གྱི་བློན་པོ་ཡིན་པས་ཕྱོགས་དེ་ཚད་ལྡན་དུ་བཟུང་ན་ལེགས། གདོང་མ། བྱང་སྒོའི་ཕག་གདོང་མ་སོགས་མཚོན་ཟེར། ཁྱོ་ཀྱཱའི་ཨ་མྱེས་སྙན་ཐོད་ནི་བྲག་དཀར་གྱི་ཕྱིའི་སྒོ་སྲུང་དང་སྲིུན་པོ་སྨུག་ནག་ནི་ཨ་མྱེས་རྫ་དམར་གྱི་སྒོ་སྲུང་ཡིན་པར་བཤད།

ངག་རྒྱུན་གསུམ་པ། དུས་རབས་བཅུ་པའི་སྐབས་ཤིག་ལ་སོག་པོའི་རྒྱལ་པོ་ཞིག་ལ་སྲས་བཤང་སྒོ་མེད་པ་ཞིག་འཁྲུངས་པས། རྒྱལ་པོ་ཁྲོས་ནས་བཙུན་མོ་ལ་ཁྱོད་སྐྱེས་པ་གཞན་དང་འགྲོགས་པས་ལན་ཞེས་བཀྱོན་པར། བཙུན་མོས། སྐྱེད་ཚལ་དུ་འཕངས་ནས་གཅན་གཟན་གྱིས་མ་ཟོས་ན་བདག་མ་དག་པ་ཡིན་པས་རྒྱལ་པོའི་ཁྲིམས་འཁུར་རོ་ཞེས་བརྗོད་པ་བཞིན་བུ་ཆུང་ཉིན་གསུམལ་སྐྱེད་ཚལ་ལ་བཞག ཉིན་གསུམ་པར་རྒྱལ་པོ་དང་བཙུན་མོ་སོགས་བལྟ་རུ་ཕྱིན་ཚེ་སྲས་ནི་སྙིང་རྗེ་རྗེ་ལྟར་འདུག་པས། རྒྱལ་པོས་ངོ་བླངས་ཏེ་མིང་ལ་གུ་ཤྲྀ་ཧན་དུ་གསོལ། མཚན་མཁན་ཞིག་ལ་ཟས་འཇུ་བའི་ཐབས་དྲིས་པར། རྨ་ཆུ་ཟོ་བརྒྱ་བསྐོལ་རྗེས་གཅིག་ལ་ཐུག་ན་འཐུང་ཞིང་བུ་སྟག་ལོ་བ་ཞིག་གསོན་པོར་གཤགས་ནས་རྐང་པ་ཡ་ཆུང་ནང་བཏང་ན་ཟས་ཐམས་ཅད་ཞུ་ཐུབ་ཅེས་བརྗོད་པས་བུ་སྟག་ལོ་བ་གཞན་དག་བྲོས། བློན་པོ་དཔའ་བརྟན་གྱིས་སྲས་གསོད་པའི་གྲོས་བྱས་པ་སྲས་ཀྱིས་ཚོར་ནས་བྲོས་པ་བྲག་ཁུང་ནང་སྐུང་དུས། སོག་དམག་གི་ཚོར་ནས་བྲག་ཁུང་གི་ཀླད་བརྟོལ་ནས་རྡོ་བ་མང་པོ་འཕངས་ཏེ་བསད། ཁོ་འཆི་ཁར་ཡབ་ཁྱུང་སྨན་དང་ཡུམ་སྨུག་རི་མ་གཉིས་སྲས་སུ་སྐུ་གསུང་ཐུགས་རྟེན་གྱ་ཚལ་དུ་སྤུན་གསུམ་དུ་འཁྲུང་བར་ཤག་ཅེས་སྨོན་ལམ་བཏབ་སྟེ་བྲག་དཀར་སྤུན་གསུམ་དུ་སྐྱེས་ཡིན་ཟེར། ངག་རྒྱུན་བཞི་པ། ཨ་མྱེས་སྲིན་པོ་ཨ་མྱེས་བྲག་དཀར་གྱི་རྟ་དེད་པ་ལ། བྲག་དཀར་ར་མདར་རྒྱུགས་པས་ཤིང་ལམ་དུ་ཤང་ལང་བསྐྱར། གོ་རའི་སུམ་ཆན་དུ་སྒྲོག་བསྐྱུར། དེ་ནས་ཕར་བྲོས་ནས་ཨར་ལན་རྨོག་རྒན་དུ་རྨོག་བསྐྱུར། མགར་གྲོང་གི་ཡར་ཁར་བྲག་དཀར་མང་པོ་ཡོད་པ་ནི་རྟ་སོགས་ཡིན་ཞིང་དེ་ནས་ཐམས་ཅད་ས་རྡོ་གྱུར་ཟེར། སྔོན་ཨ་མྱེས་བྲག་དཀར་གྱིས་སྒོ་མེའི་ཟོ་དགུ་བག་མར་བསླངས། དེའི་སྐབས་ཨ་མྱེས་བར་དབོན་གྱིས་ཁོ་མོ་ཁྲིད་པའི་རྒྱུ་རྐྱེན་གྱིས་ཁོ་གཉིས་བར་འགལ་བ་བྱུང་། ང་བརྒྱད་ལོའི་ཡར་སྔོན་ལ་མེ་ཐོག་གིས་འཕེན་རེས་བྱས་པས་གཞི་བདག་ཐམས་ཅད་མ་འཆམས་སྟབས། ཨ་མྱེས་བྲག་དཀར་གྱིས་མེ་ལོང་ནང་དུ་ཉི་མ་དགུ་འཆར་དུ་བཅུག་ནས་རྨ་ཕ་རིར་བསྐོར་བས་ཁྲི་ཀའི་རྨ་ཕར་ལ་ས་ཤུན་མེད་པར་དང་ས་དམར་པོར་གྱུར་ཡོད་པ་དེའི་རྐྱེན་ཡིན་ཟེར། ཨ་མྱེས་གཉན་ཆེན་གྱིས་གཟུ་བཤད་ནས་བར་དབོན་གྱི་རྐང་རྟ་གསེར་གྱི་ངང་པ་བྲག་དཀར་ལ་གནང་ཞིང་། ཨ་མ་ཟོ་དགུ་ཨ་མྱེས་བར་དབོན་ལ་ཐོབ་པས་རྨ་རྒྱལ་སྦོམ་རའི་སྲས་མོ་ཟོ་དགུ་བར་དབོན་ལ་གནང་ངོ་། །

དེ་བས་ཕྱོགས་ཀུན་བྲག་དཀར་ལབ་ཙེ་བཅུ་ལྷག་ཡོད་ཅིང་འདི་སྟེན་མཁན་ཕྱོགས་སོ་སོ་ན་ཡོད་མེད་ཀྱང་། བྲག་དཀར་རྫ་རི་དངོས་ཀྱི་ལབ་ཙར་སྟོད་མཁན་ནི་ལོ་ངོ་བརྒྱ་ཕྲག་དུ་མའི་ཡར་སྔོན་ནས་བཟུང་ད་ལྟའི་བར་དུ་རྒྱས་བཟའ་མ་གཏོགས་སུ་ཡང་མེད་དོ། །དེ་ལྟར་བྲག་དཀར་ལབ་ཙེ་དངོས་བསྟོད་པའི་སྲོལ་རྒྱལ་བཟའི་པདྨས་ཐོག་མར་བཙུགས་པ་ནས་བཟུང་བོད་རབ་བྱུང་བདུན་པའི་ས་ཕོ་ཁྱི་(སྤྱི་ལོ་1985)ལོའི་གཡོན་ལྷུང་གི་གེགས་རྐྱེན་གྱིས་ལོ་ངོ་སུམ་ཅུར་ལས་པ་མ་གཏོགས་ད་ལྟའང་རྒྱུན་སྲིང་བཞིན་པ་འདིའོ། །ལབ་ཙེ་འདི་བན་ཤུལ་རྒྱས་བཟས་ལོ་རེའི་ཆུ་སྟོད་ཟླ་བ་སྟེ་ཧོར་ཟླ་6པའི་ཚེས་15ལ་བསྟད།

About རྩོམ་སྒྲིག་པ།