མདོ་སྨད་སྤྱི་བཤད་སྙིང་བསྡུས།

༄༅།། བོད་ལྗོངས་མདོ་སྨད་ཆོལ་ཁ་ནི་༧རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་བོད་ཁ་བ་གངས་ཅན་པའི་ལྗོངས་ཀྱི་ཡ་གྱལ་གཙོ་བོ་ཞིག་ཡིན། དེ་ཡང་བོད་ལྗོངས་ནི་བོད་ཁ་བ་གངས་ཅན་པའི་ལྗོངས་ཞེས་པའི་སྡུས་ཚིག་དང་མདོ་སྨད་ནི་དུས་རབ་བདུན་པའི་སྐབས་ནས་བཟུང་ཡུལ་འདིར་བདག་པའི་མིང་ཡིན་། ཆོལ་ཁ་ཞེས་པ་ནི་བོད་བཙན་པོའི་རྒྱལ་རྒྱུད་ཐོར་བཤིགས་སུ་སོང་བའི་རྗེས་ཀྱི་ཕྱི་ལོ་ ༡༢༤༦ ལོ་སྟེ་རྒྱ་ནག་སུང་ལྷོ་མ་མཇུག་མ་བསྒྲིལ་གོང་གི་ལོ་ངོ་སུམ་ཅུའི་སྔོན་དང་སོག་པོའི་ཡོན་རྒྱལ་རབས་མ་ཚུགས་གོང་གི་ལོ་ཉེར་ལྔའི་མཚམས་སུ་བོད་སོག་གཉིས་བར་མཆོད་ཡོན་ཞེས་པའི་ཐ་སྙད་དེ་དང་པོར་བྱུང་བ་དང་།

དེ་ལྟར་སོག་པོའི་མཛའ་འབྲེལ་སྟོབས་ཤུགས་ལ་བརྟེན་ནས་ཕྱི་ལོ ༡༢༦༧ ལོར་འགྲོ་མགོན་འཕགས་པར་བོད་རྒྱལ་ཁབ་ཆེན་པོའི་བདག་དབང་ཡོངས་རྫོགས་ཐོབ་སྟེ་བོད་རྒྱལ་ཁབ་དེ་ཉིད་གཅིག་གྱུར་སླར་གསོ་བྱུང་བའི་སྐབས་ཀྱི་མངའ་སྡེ་ཆེན་པོ་གསུམ་གྱི་ནང་ཚན་མི་རྟ་ཆོས་གསུམ་གྱི་མཚོན་བྱེད་བགོ་སྐལ་དུ་བྱས་པའི་ཆོལ་ཁ་གསུམ་གྱི་ཡ་གྱལ་མདོ་སྨད་རྟའི་ཆོལ་ཁའམ་བོད་ས་སྟོད་སྨད་བར་གསུམ་ལས་སྟོད་དང་དབུས་གཉིས་ཕྱོགས་ཁ་གཅིག་དང་མདོ་ཁམས་སྟོད་སྨད་གཉིས་སུ་བགར་བའི་སྐབས་ཀྱི་ཕྱོགས་ཁ་མཚོན་པའི་བརྡ་ཆད་དེའོ།

དེ་བཞིན་དུ་བོད་རྒྱལ་ཁབ་ཀྱི་སའི་མཐའ་ཁུལ་ཤར་ཐང་དང་ལྷོ་འཇང་གི་མཐའ་མཚམས་ཁུལ་ཕལ་མོ་ཆེ་བཟུང་ཡོད་པའི་རྒྱུ་མཚན་གྱིས་མདོ་ཁམས་ཞེས་ཀྱང་བྱ།དེང་གི་སྐད་དོད་དུ་ཁམས་དང་ཨ་མདོ་གཉིས་བསྡོམས་པའི་ཡུལ་བྱིངས་ལ་མདོ་ཁམས་ཞེས་སུ་འབོད། སྔོན་གྱི་ཚེ་ན་བོད་ཡུལ་རུ་ཆེན་ལྔ་རུ་ཕྱེས་ཤིང་དམག་གི་རུ་སྒར་བརྒྱད་དུ་བཏབ། ། རུ་དར་རུ་རྟ་གཏན་ལ་ཕབ། ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་དུ་ཕྱེས། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་དང་། གཡུང་གི་མི་སྡེ་ཁང་དང་ཡང་ཕྱེས།     དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང་ཞེས་ནུབ་ཕྱོགས་ཏ་ཟིག་གི་ས་མཚམས་སྲུང་བའི་དཔའ་སྡེ་རྣམས་ནི།ཞང་ཞུང་དཔའ་སྡེ་སྟེ་རི་བྲང་སྟག་པ་གོང་ཡན་ཆད། མོན་འབྲལ་ཁ་བཞི་མན་ཆད་ན།འབྲོ་དང༌།ཁྱུང༌།མགར།སྣུབས།གཉན་བཅས་ལྔ་པོས་གུ་གེ་དང༌།ཅོག་ལ་གཉིས་བཅས་ཀྱིས་གྲུ་གུ་གསེར་མིག་ཅན་ལ་འཐབ། ཤར་ལྷོ་འཇང་གི་ས་མཚམས་ཀྱི་དཔའ་སྡེ་སུམ་པ་ནི། རི་པེ་ནམ་ལུང་ཡན་ཆད། ཆ་སྐོར་དར་བས་མན་ཆད། སྦས་རྒྱ་སྡེ་བཅུ་གཉིས་ནགས་ཤོད་བཅས་ཀྱིས་འཇང་མོ་ཐག་མདུང་ཅན་ལ་འཐབ། ཤར་ཐང་གི་རྒྱལ་མཚམས་སྲུང་མཁན་གྱི་དཔའ་སྡེ་ནི།རྨ་སྤོམ་ར་མན་ཆད།ཀ་ཐང་ཀླུ་ཚེས་ཡན་ཆད་ན་མཐོང་ཁྱབ་སྲིད་སྡེ་དགུ་དང་འ་ཞ་སྟོང་སྡེ་དྲུག་གིས་ཤར་ཕྱོགས་ཐང་གི་རྒྱ་མི་གྱལ་ཐུང་སྟར་གྲི་ཅན་ལ་འཐབ་ཅེས་མདོ་སྨད་ནི་བོད་བཙན་པོའི་རྒྱལ་རབས་སུ་མཐའ་ཡི་དཔའ་སྡེ་གསུམ་གྱི་ཡ་གྱལ་གཙོ་གྲས་སུའང་གཏོགས།

ཡུལ་འདིའི་སའི་རྒྱ་ཁྱོན་ནི་སའི་གོ་ལའི་ཤར་གྱི་གཞུང་ཐིག་Longitudes ༨༩།༡༣ ནས་༡༠༤།༤༤ བར་དང་། བྱང་གི་འཕྲེད་ཐིག་latitudes ༣༡ ནས་༣༩།༢༡ བར་གནས་ཡོད་པས། བོད་གངས་ཅན་ལྗོངས་ཀྱི་ས་ཆ་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་འབུམ་ལྔ་ལྷག་ཡོད་པ་དེ་ལས་མདོ་སྨད་ཀྱི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་དྲུག་འབུམ་བདུན་ཁྲི་བཞི་སྟོང་ལྷག་ཡོད་པས་ཡུལ་ཁམས་ཧ་ཅང་ཆེ། ཡུལ་འདིའི་ཕྱི་སྣོད་ཀྱི་བཀོད་པའི་ས་དབྱིབས་ཆགས་ཚུལ་ཆེས་མཐོ་ཤོས་ཀྱི་རི་བོ་རྒྱ་མཚོའི་ངོས་ནས་མི་ཊར་དྲུག་སྟོང་བརྒྱད་བརྒྱ་དྲུག་ཅུས་མཐོ་བ་དང་།ཆེས་དམའ་ཤོས་རྒྱ་མཚོའི་ངོས་ལས་མིས་ཊར་ཆིག་སྟོང་དྲུག་བརྒྱ་ཡས་མས་ཡིན།དེ་དག་ལས་མཐོ་ཚད་མིས་ཊར་ལྔ་སྟོང་ཡན་གྱི་རི་རྒྱུད་ཡོངས་ལ་དུས་བཞིར་དབྱེ་བ་མེད་པར་ཁ་བས་གཡོགས་ཡོད་པས་གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་ཞེས་བརྗོད་པ་དོན་ལ་གནས་པ་ཞིག་ཡིན། རི་རྒྱུད་དེ་དག་ལས་འབབ་པའི་ཆུ་ཀླུང་གྲངས་མེད་པས་རེ་རེ་བཞིན་བརྗོད་དཀའ།རྨ་ཆུ་དང་འཇུ་ལག་ཆུ་བོ། ཙོང་ཆུ། མང་ཆུ། འབའ་ཆུ། བུ་ཧཱ་ཆུ་བོ། རྫ་ཆུ། ཀླུ་ཆུ། བསང་ཆུ། དགུ་ཆུ། འབྲུག་ཆུ། རྔ་ཆུ། རྒྱལ་རོང་རྒྱལ་མོའི་རྔུལ་ཆུ། ཟུང་ཆུ་སོགས་ཆུ་བོ་ཤིན་ཏུ་མང་པོ་ཡོད་ལ་དེ་དག་གི་འབབ་རྒྱུད་དུ་གནམ་གཤིས་ཀྱི་ཚ་གྲང་སྙོམས་པས་འབྲུ་རིགས་སྣ་ལྔའི་མཚོན་པའི་ཤིང་ཏོག་འདྲ་མིན་སོགས་སྐྱེ་དངོས་ཐོན་ཁུངས་གཞི་རྒྱ་ཆེ་ཞིང་། རྩྭ་ཐང་ཁོལ་ཡངས་པ། ཕྱུག་རིགས་དཀར་ནག་ཁྲ་གསུམ་དང་རི་སྐྱེས་རི་དྭགས་དང་འདབས་ཆགས་སྣ་ཚོགས་ཀྱིས་ས་གཞི་ཁྱབ་ཅིང་། རྩ་ཆེའི་སྨན་སྣ་དང་། རང་བྱུང་ནགས་ཀླུང་ཆེན་པོ་དང་།གསེར་དངུལ་ཟངས་ལྕགས་ཕ་ལམ་གཡང་ཊི་དང་།རྡོ་གཏེར།སོལ་གཏེར།ཚྭ་གཏེར་ལ་སོགས་པའི་རིན་ཆེན་གཏེར་དངོས་སྣ་ཚོགས་ཀྱིས་བྱུར་བུར་གཏམས་པ། ད་དུང་འཛམ་གླིང་ལ་སྐད་གྲགས་ཆེ་བའི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་གཙོས་མཚོ་སྐྱ་རེངས་སྔོ་རེངས་དང་།བེའུ་དུག་མཚོ།སྐྱེམས་མཚོ།སྟོང་རུ་མཚོ་ནག་སོགས་མཚོ་དང་མཚེའུ་སུམ་བརྒྱར་ཉེ་བ་ཡོད། ནང་བཅུད་ཀྱི་མི་སྡེ་བྱུང་ཚུལ་ཡང་ཆེས་སྔ་མོའི་དུས་ནས་ས་དེར་གནས་པའི་མི་རྒྱུད་ཁག་ཅིག་དང་། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་ཡོངས་རྫོགས་གཅིག་གྱུར་བྱས་པ་ནས་བཟུང་། བཙན་པོ་རིམ་བྱུང་གི་སྐུ་རིང་ལ་རྒྱ་ནག་དང་དམག་འཁྲུག་ཐེངས་མང་བརྒྱབ་པའི་སྐབས་བོད་ཡུལ་ཐོག་མཐའ་བར་གསུམ་ནས་མཐའ་མཚམས་སྲུང་སྐྱོབ་ཆེད་བོད་དམག་ཁྲི་ཕྲག་མང་པོ་མདོ་སྨད་ཀྱི་ས་ཁུལ་སོ་སོར་གཏན་སྡོད་བྱས་པའི་མི་རྒྱུད་ཕན་ཚུན་འདྲེས་ནས་བྱུང་བ་ལོ་རྒྱུས་ཁག་ན་གསལ་ཡོད། མདོར་ན་སྒ་། འབྲུ། བསེ། རྨུ། ལྡོང་། སྟོང་དྲུག་ཏེ་བོད་ཀྱི་རྩ་བའི་རུས་ཆེན་དྲུག་ལས་མཆེད་པའི་སྲིན་པོ་གདོང་དམར་པོའི་རིགས་རྒྱུད་ཤ་སྟག་ཡིན།ཕལ་མོ་ཆེ་བཙན་པོ་སྲོང་བཙན་སྒམ་པོ་ནས་རྒྱལ་རབས་རིམ་བྱུང་སྐབས་ཀྱི་མཐོང་ཁྱབ་སྲིད་སྡེ་དེ་མཐའ་སྲུང་རུ་དཔུང་འབའ་ཞིག་ཡིན། དཔེ་མཚོན་ཙམ་ཞུས་ན།དེང་སྐབས་མདོ་སྨད་ཁུལ་གྱི་རུ་སྡེ་མང་པོ་ཞིག་གི་མིང་གི་འདོག་སྟངས་ཡང་སྔོན་བཙན་པོའི་སྐབས་ཀྱི་རུ་དཔུང་གི་མིང་དང་དེ་བཞིན་རྩ་བའི་རུས་ཆེན་དྲུག་གམ་བཞི་ལྟར་བཏགས་ཡོད། དེ་ལ་རུ་དཔུང་གི་མིང་བཏགས་ཡོད་པ་ནི སྒ་རུ། གཡས་རུ། གཡོན་རུ། རྨོག་རུ། འཁྱམ་རུ། འབྲོག་རུ། ཁེར་རུ། རུ་མང་། རྟ་མང་སོགས་དང་། དེ་བཞིན་དུ་ལྡོང་ཤུལ་ཆེན་བཅོ་བརྒྱད་དུ་འབོད་པ་ལ་ཡང་དཔལ་ཤུལ་དང་། དམེ་ཤུལ། མགོན་ཤུལ། བདུལ་ཤུལ། རྫ་ཤུལ། ཁྱོ་ཤུལ། རག་ཤུལ། བན་ཤུལ། ཐར་ཤུལ། སྨན་ཤུལ། ཕྱག་ཤུལ། འཕན་ཤུལ་སོགས་དང་། ཚ་ཆེན་བཅོ་བརྒྱད་དུ་གཏོགས་པར་གཅན་ཚ། རྐང་ཚ། གཟི་ཚ། ལྡི་ཚ། གཡུ་ཚ། ཕྱག་ཚ། རེབ་ཚ། དམུ་ཚ། ཁྲོམ་ཚ། རྒོད་ཚ། སྟག་ཚ། རག་ཚ། འཚམ་ཚ། ཟམ་ཚ། ཧུར་ཚ། ཏོག་ཚ། འགག་ཚ། མགོ་ཚ་བཅས་དང་། གཞན་ཡང་ཁ་གྱ་དང་། རྒན་གྱ། སྐྱ་གྱ། དོ་གྱ། ཤ་གྱ་སོགས་མང་པོ་དང་། སའི་ཆགས་དབྱིབས་ཀྱི་ཆ་ནས་དགུ་རོང་དང་། རྒྱལ་རོང་བཅས་རོང་ཆེན་བཞིའི་ཁྱབ་ཁོངས་སུའང་གནས་ཡོད། ཉེ་རབས་བོད་ཀྱི་མི་འབོར་གསལ་ཁ་དོད་པོ་ཞིག་མེད་མོད། སྤྱི་ལོ་༢༠༡༠ལོར་རྒྱ་གཞུང་གིས་མི་འབོར་ཞིབ་བཤེར་གྲངས་ཐོ་ལྟར་ན་མདོ་སྨད་དེང་གི་མཚོ་སྔོན་ཞིང་ཆེན་ཟེར་བའི་ནང་ཁྱོན་བསྡོམས་བོད་མི་གྲངས་(༡༣༧༥༠༦༢)ས་ཡ་གཅིག་དང་སུམ་འབུམ་བདུན་ཁྲི་ལྔ་སྟོང་བརྒྱ་མེད་རེ་གཉིས་ཡོད་པ་དང་།རྒྱ་ནག་ཀན་སུའུ་ཞིང་ཆེན་ནང་ཁྱོན་བསྡོམས་བོད་མི་གྲངས༼༤༤༤༦༢༥༽བཞི་འབུམ་བཞི་ཁྲི་བཞི་སྟོང་དྲུག་བརྒྱ་ཉེར་ལྔ་ཡོད་པ་དང་།རྒྱ་ནག་ཟི་ཁྲོན་ཞིང་ཆེན་འོག་གི་རྔ་བ་ཁུལ་དང་མུ་ལི་གཉིས་སུ་བོད་མི་གྲངས་༼༥༣༠༠༩༤༽ལྔ་འབུམ་སུམ་ཁྲི་སྟོང་མེད་བརྒྱ་མེད་གོ་བཞི་ཡོད་པར་གཞིགས་ན་མདོ་སྨད་ལ་ཉུང་མཐར་བོད་མི་ས་ཡ་གཉིས་དང་ཁྲི་ཚོ་སུམ་ཅུ་ལྷག་ཡོད།

ཡུལ་མདོ་སྨད་ས་ལའི་སྨན་ལྗོངས་འདི་ཉིད་ནི་སྣོད་བཅུད་གཉིས་ཐད་ནས་བོད་རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་གྱི་སྲོག་ཤིང་ལྟ་བུར་གནས་ཡོད།

གནའ་ནས་དེང་གི་བར་དུ་སྤྲ་རོག་རོག་ཅན་གྱི་ནང་འཛིན་དང་།ཁང་སྐྱ་སྐྱ་ཅན་གྱི་གཞི་འཛིན་མཐོང་ཁྱབ་སྲིད་ཀྱི་ཁྲི་སྡེ་དགུ་དང་འ་ཞ་སྟོང་སྡེ་དྲུག་གིས་རྗེས་བཀུར་རྒྱལ་སྲུང་ཡུན་གནས་ཡོང་ཐབས་སུ་ཐང་ཆེན་གསུམ་ལ་ཁྲོམ་ཆེན་བཙུགས།རུ་ཆེན་ནང་སོ་མཉམ་དུ་བསྐྱོད།ཁྲི་ངོ་སྟོང་ལེན་དམག་ཐབས་བཙུགས། གཡུལ་དུ་ཀུམ་པ་དཔའ་བོར་རྩིས།བློན་ཆེན་སྟོང་བཙན་ཡུལ་བཟུང་དང་། དམག་སྤྱི་ད་རྒྱལ་ལ་སོགས་པའི་རྒྱལ་སྲུང་འབངས་སྐྱོང་གི་དཔའ་བོ་རྣམས་ལྷ་གཉན་མཐུ་སྟོབས་ཅན་དུ་བཀུར་ཏེ་མི་ལོ་སྟོང་ལ་རྒྱར་འཐབ་ས་མཚམས་སྲུང་། བཙན་པོ་དཀོན་པ་ཊ་ཡི་སྤྱན་གཉིས་ཕྱེས།བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས། གཞན་ཡང་བླ་ཆེན་པོ་དགོངས་པ་རབ་གསལ་དང་མཉམ་མེད་རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོ། འཛམ་གླིང་ཞི་བདེ་དེད་དཔོན་༸གོང་ས་རྒྱལ་དབང་བསྟན་འཛིན་རྒྱ་མཚོ། པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་སོགས་སྐྱེས་ཆེན་གསེར་གྱི་རི་འདྲ་མང་དུ་བྱོན་ནས་མདོ་སྨད་ཀྱི་ཡུལ་འདིར་ས་དགེ་བཀའ་རྙིང་གཡུང་དྲུང་བོན་ཇོ་ནང་དང་བཅས་པའི་བསྟན་པ་རིས་མེད་ཀྱི་དགོན་མ་ལག་ཆེ་ཆུང་ཆིག་སྟོང་སུམ་བརྒྱ་བཞི་བཅུ་ལྷག་མདོ་སྨད་ཀྱི་ཡུལ་ལུང་གང་སར་བརྗིད་ཆགས་སུ་གནས་ཤིང་།མདོ་སྔགས་རིག་གནས་ཆེ་ཆེར་དར་ཞིང་རྒྱས་པ་ཡིས་འགྲོ་བའི་བློ་ཁ་རྣམ་དཀར་དགེ་ཆོས་ལ་ཕྱོགས་ནས་ཡུལ་བྱིངས་ཞི་བདེ་དང་འབྱོར་ཕྱུག་གིས་གཏམས་ཡོད་། འོན་ཀྱང་དུས་རབས་ཉི་ཤུའི་དུས་དཀྱིལ་ཙམ་ནས་རྒྱ་དམར་གཞུང་གིས་མདོ་སྟོད་སྨད་ཀྱི་རྒྱའི་ས་འབྲེལ་ཁག་ནས་བཟུང་རིམ་གྱིས་བོད་ས་ཡོངས་རྫོགས་དྲག་དམག་གིས་ཧམ་བཟུང་བྱས་ཏེ་བོད་ཀྱི་མི་རིགས་རིག་གཞུང་དང་བཅས་པ་ཤུལ་མེད་བཟོ་འཆར་གྱི་སྲིད་ཇུས་མ་རུང་བ་ལག་བསྟར་རྒྱུན་བསྲིངས་བྱས་པའི་ཉེར་ལེན་གྱིས་བོད་ས་ཡོངས་དང་གཅིག་མཚུངས་སུ་མདོ་སྨད་ཀྱི་ཡུལ་ཁམས་འདིའི་མི་རིགས་རིག་གཞུང་དང་བཅས་པར་ཡང་ཆག་འཇིག་བསམ་བརྗོད་ལས་འདས་པ་བྱུང་དང་འབྱུང་མུས་སུ་ཡོད་པ་བཅས་མདོ་སྨད་སྤྱི་བཤད་ཉིང་བསྡུས་སུ་བཀོད་པའོ།།

རྩོམ་པ་པོ།   སྤྱི་ཟུར་ཀླུ་ཚང་རྒྱ་རིགས་ཐར།

About རྩོམ་སྒྲིག་པ།