མདོ་སྨད་ཡུལ་གྱི་ལུང་པ་འགའི་སྐོར་ངོ་སྤྲོད་མདོར་བསྡུས།

མགོན་ལུང་།

མགོན་ལུང་ནི་ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་སྤྱི་ལེ་༣༨ཡས་མས་ཀྱི་མཚམས་ན་ཡོད་ཅིང་། ཁ་ནུབ་ནས་བྱང་ཤར་ཕྱོགས་སུ་འཁོར་ཡོད། འབྲེལ་ཡོད་དཔྱད་ཡིག་ལས། སྔོན་གྱི་དུས་སུ་ཐར་ཤུལ་ཚུལ་ཁྲིམས་ཆོས་སྐྱོང་རྒྱ་མཚོ་མཆོག་གནས་འདིར་བཞུགས་སྐབས། ཉིན་ཞིག་ཁོང་གིས་མདུན་འདུག་པས། མདང་ངའི་རྨི་ལམ་དུ་ལུང་པ་འདིའི་ནང་ང་རང་མི་བོ་ཆེ་ནག་པོ་ཞིག་དང་ཕྲད་བྱུང་། དེས་གནོད་འཚེ་བྱེད་པར་དོགས་ཀྱང་དེ་ལྡོག་སྟེ། དེས་ང་ལ་བསུ་བ་བྱེད་པའི་ཚུལ་བསྟན་བྱུང་བས། དེ་ནི་མགོན་པོ་ཡིན་པ་འདྲ། ལུང་པ་འདིའི་མིང་ལ་མགོན་ལུང་ཐོགས་ཤིག་གསུངས་པས་མིང་ཡང་དེ་སྐད་དུ་བཏགས། ལུང་པ་དིའི་མིང་ལ་སྔར་མི་ནག་ལུང་པ་ཟེར། སྔོན་ཆད་རྒན་པོ་ཞིག་གིས་ལུང་པ་འདིར་མི་ནག་པོ་དེ་མཐོང་བར་བརྟེན་ནས། འདི་ལ་མི་ནག་ལུང་པ་ཐོགས་པ་ཨེ་ཡིན་སྙམ་མོ་ཞེས་འབྱུང་ངོ་། །

ཚལ་རྔ་འགག

ཚལ་རྒ་འགག་ནི་གོང་ཧོ་རྫོང་(གསེར་ཆེན་རྫོང་)སྲིད་གཞུང་གི་ཤར་ལྷོའི་རྒྱུད་དུ་ཆགས་ཡོད་ཅིང་། སའི་གོ་ལའི་བྱང་གི་འཕྲད་ཚད་༣༦།༠༤་ནས་༣༦།༡༩་ཡི་མཚམས་དང་། ཤར་གྱི་གཞུང་ཚད་༡༠༠།༡༠ནས་༡༠།༠༢ཀྱི་མཚམས་ན་ཡོད། འདིའི་ཤར་ཕྱོགས་ནི་ཁྲི་ཀ་རྫོང་གི་ལ་ཟེ་བ་གྲོང་རྡལ་དང་། ལྷོ་ཕྱོགས་ནི་ཀོས་ནན་རྫོང་(མང་རྫོང་)གི་བྱ་མདོ་ཡུལ་ཚོ། ནུབ་དང་ནུབ་བྱང་གི་ཕྱོགས་ནི་གུང་གོ་རྫོང་(གསེར་ཆེན་རྫོང་)གི་ཐེ་གེ་ཡུལ་ཚོ་དང་ཆབ་ཆ་གྲོང་རྡལ། བྱང་ཕྱོགས་ནི་རིག་སྨོན་གྲོང་རྡལ་བཅས་ལ་འབྲེལ་ཡོད། འགག་འདི་ནས་རྫོང་སྲིད་གཞུང་ཡོད་ས་ཆབ་ཆ་གྲོང་རྡལ་གྱི་བར་དུ་སྤྱི་ལེ་༤༦ཡོད། ༡༩༧༨ལོར་ཚལ་རྔ་འགག་དོན་གཅོད་ཁང་(རྫོང་རིམ་པ་)བཙུགས་པ་དང་། ༢༠༠༢ལོའི་ཟླ་༥པར་ཚལ་རྔ་འགག་གྲོང་རྡལ་བཙུགས། འདིའི་ས་བབ་ཧྲིལ་པོའི་ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི་༢༧༥༠ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༧༤༧།༨དང་། མི་གྲངས་ཁྲི་༡།༢༤༧ཡོད། (༢༠༠༩ལོའི་རྩིས་གྲངས་ཡིན།)འདིའི་མངའ་འོག་ན་དོང་ལུང་དང་། རྨ་ཆུ།(ཧུང་ཧོ།) ཚལ་རྔ།(སྡེ་གསར།) བར་དབོན། ལུང་མཚེ། གྱོག་(གྲོག)ཁ། དེའུ་གསུམ། མཚོ་ཐོག་ལུང་། ཚ་ཧན་ཐུ་ཝོས། ཀ་བཅའི་སྣ་ཁ། ཨ་ཡག་ཝ། ཁེ་ཚེ་བཅས་སྡེ་བ་༡༢ཡོད།

དེ་ཡང་ཚལ་རྔ་འགག་ཅེས་པའི་མིང་གི་ཐོགས་ཚུལ་ལ། གུང་ཧོ་རྫོང་(གསེར་ཆེན་རྫོང་)གི་ཚལ་རྔ་འགག་གྲོང་རྡལ་མངའ་འོག་གི་བར་དབོན་ལུང་མཚེ་དང་སྔར་གྱི་སྒོ་མེ་འཁྱིལ་ཁུག་ས་ཆའི་རྒན་རབས་པའི་ངག་སྒྲོས་སུ་འདི་ལྟར་གྲགས་ཏེ། ཚལ་རྔ་འགག་ཆུ་མཛོད་མ་བསྐྱིལ་བའི་གོང་རོལ་དུ། ད་ལྟའི་ཚལ་རྔ་འགག་གི་སྟོད་ཕྱོགས་ཏེ། གུང་ཧོ་རྫོང་(གསེར་ཆེན་རྫོང་)གི་ཁོངས་སུ་གཏོགས་པའི་སྔར་གྱི་འཁྱིལ་ཁུག་ཡུལ་ཚོ་མངའ་འོག་གི་ཀྱལ་རྟ་སྡེ་བའི་(སྡེ་བ་འདི་ཆགས་ཤུལ་ནི་༡༩༨༤ལོར་ཚལ་རྔ་འགག་ཆུ་མཛོད་བསྐྱིལ་རྗེས་རྨ་ཆུར་ནུབ་ཟིན)ཕྱོགས་ཀྱི་རྨ་ཆུའི་ཆུ་གཞུང་ལས་གྱེས་པའི་གཙང་ལག་སོ་སོའི་བར་གྱི་སྐམ་སའི་སྟེང་དུ་ཀྱལ་རྟ་དང་། ལྕང་མ། གླ་ཁིས། ཚེར་ནག་ལ་སོགས་པའི་ནགས་ཚལ་སྟུག་པོ་ཞིག་སྐབས་དེར་ཀྱལ་རྟ་སྡེ་བ་ནས་བཟུང་དེའི་སྨད་ཕྱོགས་ཀྱི་རྨ་ཆུའི་འགག་ཁ་བར་དུ་འཐིབས་ཡོད་པར་བཤད་དེ། ད་ལྟའི་ཚལ་རྔ་འགག་གི་ཡར་སྣེའམ་ནུབ་ཕྱོགས་སུ་འཁོར་བའི་རྨ་ཆུའི་འགག་ཁ་དེ་ནི། ཏན་ཏན་རྨ་ཆུའི་ཚལ་བར་གྱི་ནགས་ཚལ་སྟུག་པོ་དེའི་སྣེའམ་རྔ་མ་ན་ཡོད་པའི་རྒྱུ་མཚན་གྱིས། ཚལ་རྔ་འགག་ཅེས་པའི་མིང་ཡང་དེ་སྐད་དུ་ཐོགས། རྒྱ་ཡིག་གི་<<གུང་ཧོ་རྫོང་གི་ཡུལ་རབས>>ཞེས་པའི་ལས་ཀྱང་། “༡༩༦༤ལོའི་ཟླ་༡༠པར། འཁྱིལ་ཁུག་ཚལ་རྔའི་གློག་བརྟེན་ཆུ་འདྲེན་ས་ཚིགས་བསྐྲུན་ནས་ཡོངས་སུ་གྲུབ”ཅེས་དང་། “ཚལ་རྔ་འགག་ཆུ་མཛོད་ཀྱི་ཆུས་བསྣུབས་ཡུལ་དུ་གཏོགས་པའི་འཁྱིལ་ཁུག་ཀུང་ཧེའི་ཀྱལ་རྟ་རུ་ཆེན་དང་། མཁར་སྔུན་རུ་ཆེན། ཚལ་རྔ་རུ་ཆེན”ཞེས་གསལ་ལོ། །

ཚལ་རྔ་འགག་མན་ཆད་ཀྱི་ཧ་ལམ་སྤྱི་ལེ་བཅུ་ལྷག་གི་མཚམས་ལ་ཟེ་བ་ཟེར་བའི་རི་ཞིག་ཡོད་ཅིང་། དེའི་མན་ཆད་ཀྱི་ཧ་ལམ་སྤྱི་ལེ་ལྔ་དྲུག་གི་མཚམས་ན་འགག་ཅིག་ཡོད་པ་ལ “ལུང་གཡང་འགག”ཟེར། འགག་དེའི་གཡོན་ཕྱོགས་ཀྱི་རྨ་ཆུའི་བྱང་འགྲམ་ན་ལ་ཟེ་བ་གྲོང་རྡལ་མངའ་འོག་གི་མཛོ་སྣ་སྡེ་བ་ཡོད་ལ། མཛོ་སྣ་སྡེ་བའི་ཕར་ཕྱོགས་ཀྱི་རྨ་ཆུའི་ལྷོ་ངོས་སུ་ཁ་བྱང་ཕྱོགས་སུ་འཁོར་བའི་ལུང་པ་ཆེན་པོ་ཞིག་ཡོད་དེ། ལུང་པ་དེའི་མཁོ་ཁ་ཧ་ཅང་ཡངས་དེ་ལ་ “ལུང་པ་ཁ་ཡངས་”ཟེར་བ་དང་། བསྡུས་མིང་ལ་ “ལུང་ཡངས”ཟེར། ལུང་པ་ཁ་ཡངས་སམ་ལུང་ཡངས་ཀྱི་མན་ཆད་ནས་ལ་ཟེ་བའི་བར་གྱི་རྨ་འགག་གི་མུ་རྒྱུད་དེ་ལ་ “ལུང་ཡངས་འགག”ཟེར། ཕྱིས་སུ་ལུང་ཡངས་འགྲམ་གཉིས་ཀྱི་བྲག་གཡང་ཧ་ཅང་གཟར་བར་བལྟས་ནས་ལུང་པ་ཁ་ཡངས་ཞེས་པའི་ཡངས་དེ་ཧ་ཅང་གཟར་བའི་བྲག་གཡང་གི་དོན་དུ་བསྒྱུར་ནས་ “ལུང་གཡང་”ཞེས་པའི་མིང་གསར་པ་ཞིག་བཏགས། ད་ལྟའི་ཚལ་རྔ་འགག་ཡོད་ས་དེ་ཆུ་གློག་ས་ཚིགས་འཛུགས་སྐྲུན་བྱེད་སར་གཏན་ཁེལ་བྱས་རྗེས། ས་གཤིས་རུ་ཁག་བཅུ་པས་ “སྨད་ཀྱི་ལུང་གཡང”ཞེས་པའི་ས་མིང་དེས་སྟོད་ཀྱི་ “ཚལ་རྒ་”ཞེས་པ་དེའི་ཚབ་བྱས་ཏེ་ཀྲུང་དབྱང་ལ་ཞུས་ཤིང་གོམ་རིམ་གྱི་ཆོག་མཆན་བརྒྱུད་ནས་ “ལུང་གཡང་འགག”ཅེས་པའི་མིང་དེ་བཏགས་པར་བཤད།

གཞུ་ཤུབས།

གཞུ་ཤུབས་ནི་ལུང་པ་ཞིག་སྟེ།ལུང་འདིའི་ཆགས་ཚུལ་ནི་རྒྱང་ནས་བལྟས་ན་གཞུ་ཤུབས་ཀྱི་དབྱིབས་དང་འདྲ་བས་མིང་ཡང་དེ་སྐད་དུ་ཐོགས། ལུང་པ་འདི་རིག་སྨོན་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ་༦༠ཡི་མཚམས་ཏེ། སྟོང་སྐོར་རྫོང་མངའ་འོག་གི་ཉི་ཟླ་བོད་རིགས་ཡུལ་ཚོ་དང་འདབས་འབྲེལ་བའི་ས་མཚམས་ན་ཡོད། ལུང་པ་ཁ་བྱང་འཁོར་ཞིག་ཡིན། ལུང་པའི་རིང་ཚད་ལ་ཧ་ལམ་སྤྱི་ལེ་ ༡༠ལྷག་ཡོད། ལུང་པ་འདིའི་ཕུ་མགོ་ཉི་ཟེར་གོང་ཁ་ལ་ཐུག་ཡོད་ཅིང་། ལུང་མདོ་ནི་ཉི་ཟླ་ཉག་ཁའི་རྟིང་ལ་ཐུག་ཡོད། ལུང་པ་འདིའི་ནང་ནས་སྟོང་སྐོར་ཕྱོགས་སུ་འབབ་པའི་ཆུ་རྒྱུན་དེ་ལ་གཞུ་ཤུབས་ཆུ་ཟེར། གཞུ་ཤུབས་ཆུའི་མགོ་ཁུངས་ནི་ཉི་ཟེར་གོང་ཁའི་རྡོ་སྤུངས་ཉག་ཁའི་ནུབ་ཕྱོགས་སུ་ཐུག་ཡོད་ལ། ལུང་པ་འདིའི་ཁ་དོག་ཁྲ་ཤས་ཆེ་ཞིང་ས་དབྱིབས་སྒོར་སྒོར་ཡིན་པས། སྲིབ་ཕྱོགས་ལ་སྲིབ་ཁྱ་དབོར་ཟེར། ཉིན་སྲིབ་གཉིས་ཀྱི་རྫ་རྒྱུད་ཀྱི་སྤྱི་མིང་ལ་རྫ་ཁྱ་དབོར་ཟེར།

ཕོ་རོག་སྨན་ལུང་།

ཕོ་རོག་སྨན་ལུང་ནི་རིག་སྨོན་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ་༨༠ཡི་མཚམས་ན་ཡོད། ཉི་ཟེར་གོང་ཁའི་ལྷོ་ཕྱོགས་ཀྱི་ལུང་པ་ཁ་ཤར་འཁོར་ཞིག་ཡིན།ལུང་པ་འདིའི་ནང་བྱ་ཕོ་རོག་ཅིག་གི་དབྱིབས་དང་འདྲ་བའི་བྲག་ཐོད་ཅིག་ཡོད་ཅིང་། སྤང་རམ་དང་ན་རམ་གྱིས་གང་སར་ཁྱབ་ཡོད་པའི་ཁར། ལུང་པའི་ནང་ཆུ་ཕྲན་བུ་ཞིག་ཀྱང་འབབ་ཀྱིན་ཡོད། འདིའི་སྲིབ་ངོས་སུ་གླང་མ་དང་། སུ་རུག་དཀར་ནག  སྤེན་མ་ལ་སོགས་པའི་ཤིན་ཕན་གྱི་ནགས་ཚལ་ཡོད་པར་མ་ཟད། ལུང་པ་འདི་ནི་ད་དུང་ད་ལི་དང་། བ་ལུ། བོང་དཀར། ཨུཏྤལ་སྔོན་པོ། ཨ་ཀྲོང་སོགས་སྨན་སྣ་མང་པོ་སྐྱེས་ས་ཞིག་ཀྱང་ཡིན་པའི་ཕྱིར་ན་འདི་ལ་ཕོ་རོག་སྨན་ལུང་དུ་ཐོགས་པར་བཤད་དོ། །

དགོ་མང་ལ།

དགོ་མང་ལ་ནི་ཀ་རིང་ཡུལ་ཚོའི་བྱང་མཐའ་ན་ཡོད་པ་སྟེ། ཁྲི་ཀ་དང་། སྟོང་སྐོར། ཧོང་ཀྲུང་བཅས་རྫོང་ཁག་གསུམ་གྱི་ས་མཚམས་སུ་ཡོད་ལ། རྨ་ཆུ་དང་ཙོང་ཆུ་གཉིས་ཀྱི་དབྱེ་མཚམས་འབྱེད་བྱེད་ཀྱི་ལ་མཐོན་པོ་ཞིག་ཀྱང་ཡིན། འདིའི་མཐོ་ཚད་ལ་མཚོ་ངོས་ལས་སྨི་༤༥༢༤།ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད་༣༦།༠༥ནས་༣༦།༢༣གྱི་མཚམས་དང་། ཤར་གྱི་གཞུང་ཚད་༡༠༡།༢༧ནས་༡༠༡།༢༩ཡི་མཚམས་ན་ཡོད། ལ་འདིའི་རྩེ་མོ་རྫ་རི་དང་རྐེད་པ་སྤང་རི་ཡིན། རི་དྭགས་དང་གཅན་གཟན་གྱི་རིགས་ལ། གླ་བ་དང་། ཁ་ཤྭ། རྒོ་དམར། སྤྱང་ཀི། ཝ། གཡི་དཀར། བྱི་བ། རི་བོང་། ཨ་བྲ། བྱི་ལོང་།སྲེ་མོང་སོགས་ཡོད། འདབ་ཆགས་ཀྱི་རིགས་ལ། རྒོད་ཐང་དཀར་དང་ཐང་ནག གླག བྱ་གོ་བོ། ནེ་ལེ། ཕོ་རོག སྲེག་པ། གོང་མོ། ཕུག་རོན། བྱེའུ་སྣ་ཚོགས་བཅས་ཡོད། སྐྱེ་དངོས་ཀྱི་རིགས་ལ། ཤུག་པ་དང་གླང་མ། སྤེན་མ། ཐང་ཕྲོམ། དབྱར་རྩྭ་དགུན་འབུ། གངས་ལྷ་མེ་ཏོག་ལ་སོགས་མེ་ཏོག་སྣ་ཚོགས། སྤང་རྩྭའི་རིགས་སྣ་ཚོགས་བཅས་ཡོད།

གནའ་ནས་བཟུང་ལ་འདི་ནི་འགྲུལ་ལམ་གཙོ་བོ་ཞིག་ཡིན་པར་གྲགས་ཤིང་། ལ་འདིའི་ལ་རྐེད་དུ་ཟི་ལིང་ནས་མགོ་ལོག་གཅིག་སྒྲིལ་རྫོང་བར་གྱི་གཞུང་ལམ་བརྒྱུད་སའི་ཕུག་ལམ་སྟེ་དགོ་མང་ལ་ཕུག་ལམ་ཞེས་པ་ཡོད། ལ་འདི་ལ་དགོ་མང་ལ་དང་། ལ་ལྗིད་ཉག་ཁ། ལ་དགྱེ་ཉག་ཁ་བཅས་མིང་གི་འབོད་ཚུལ་གསུམ་ཡོད་པར་གྲགས་ཏེ། ཕལ་ཆེ་བས་དགོ་མང་ལ་ཞེས་འབོད་པ་ཡིན་ནོ། ཟེར། སྔོན་དུས་ལ་འདིའི་ལ་ངོས་ནི་ནམ་རྒྱུན་རི་དྭགས་དགོ་བ་མང་པོ་འཁོར་ས་ཞིག་ཡིན་པས་མིང་ཡང་དགོ་མང་ལ་འདིའི་ལ་ངོས་ཀྱི་ནམ་རྒྱུན་རི་དྭགས་དགོ་བ་མང་པོ་འཁོར་ས་ཞིག་ཡིན་པས་མིང་ཡང་དགོ་མང་ལ་རུ་ཐོགས་པར་བཤད། ཡང་ཁ་ཅིག་གིས། འདི་ལ་ལ་ལྗིད་ཉག་ཁའམ་ལ་དགྱེ་ཉག་ཁའང་ཟེར་རོ་ཞེས་ཀྱང་བཤད་དེ། དེ་ཡང་འདིར་ལ་ལྕིའམ་ལྗིད་ཉག་ཁ་རུ་ཐོགས་དོན་ནི། ལ་འདིའི་བྱང་ངོས་ཀྱི་ལ་རྟིང་ནས་ལ་མགོའི་ཉག་ཁའི་བར་གྱི་ལ་ངོས་ནི་ཧ་ཅང་ལྕི་བའམ་ལྗིད་པ་སྟེ། ལ་ཐག་ཤིན་ཏུ་རིང་བས་ན་ལ་འདིའི་ཉག་ཁའི་མིང་ལའང་དེ་སྐད་དུ་ཐོགས་པ་ཡིན། ཡང་ལ་འདིའི་ལྷོ་ངོས་ནས་ལོ་མགོའི་བར་དུ་བལྟས་ན་མི་བོ་ཆེ་ཞིག་ལྟག་པར་དགྱེ་ཡོད་པའི་དབྱིབས་དང་མཚུངས་པས་ན། ལ་འདིའི་ཉག་ཁ་དང་བཅས་པར་ལ་དགྱེ་ཉག་ཁ་ཟེར་བའང་ཡོད་ཅེས་ཀྱང་གྲགས་སོ། །དེ་བས་དེང་སང་རྒྱ་སྐད་དུ་ཅི་ཧྲན()དུ་བོད་པའི་ལ་ཅི་ཞེས་པ་དེ་ནི། དོན་དུ་བོད་རང་སྐད་ཀྱི་གཉུག་མའི་ས་མིང་ལ་ལྕི་བའམ་ལྗིད་དམ་ལ་དགྱེ་ཞེས་པའི་སྒྲ་དེ་དག་གང་རུང་གི་སྒྲ་ཙམ་བསྒྱུར་བའམ་སྒྲ་ཚབ་ཏུ་འབོད་པ་ཙམ་ལས་མ་འདས་སོ། །

ཤ་འབུམ་གདོང་སྣ།

གདོང་རྒྱུད་འདི་ནི་ཆུ་ནུབ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ༢ལྷག་གི་མཚམས་ན་ཡོད་ཅིང་། ཁྲི་ཀའི་གཉན་པོ་གདོང་གསུམ་ནང་གི་གཅིག་ཡིན་པ་དང་། ཁྲི་ཀའི་ཡུལ་ལྷའི་ཕོ་བྲང་ནི་གདུང་རྒྱུད་འདི་ལ་གཏད་ནས་བཞེངས་ཡོད། ངག་རྒྱུན་ལ། ཁྲི་ཀའི་ཡུལ་ལྷའི་འཁོར་གྱི་ཤ་འབུམ་གཙོ་བོ་ཞིག་གདོང་སྣ་འདི་རུ་གནས་པར་གྲགས་པས་ན་མིང་ལའང་དེ་སྐད་དུ་ཐོགས་པར་བཤད།

ཁྲི་ཀའི་ཡུལ་ལྷ་སྐྱེས་རབས་ལོ་རྒྱུས་སུ་བཀོད་པ་ལྟར་ན། ལྷ་ཁང་འདི་ནི་མིང་རྒྱལ་རབས་(སྤྱི་ལོ1368-1644བར)ཀྱི་དུས་མཇུག་ཏུ་བཞེངས་པ་ཞིག་ཡིན། ཆིང་རྒྱལ་རབས་(སྤྱི་ལོ 1644-1911བར)གོང་ས་ཆིང་མུའུ་ཙུང་གི་ཐུང་ཀྲི་ཁྲི་ལོ་དྲུག་པར་(སྤྱི་ལོ1867)མེ་དགྲ་ཆེན་པོ་ཞིག་གི་ཁྲོད་དུ་འཇིག་པར་གྱུར་ཀྱང་། ཐུང་ཀྲི་ཁྲི་ལོ་བཅུ་གསུམ་པར་(སྤྱི་ལོ1867)བསྐྱར་དུ་བཞེས་མགོ་བརྩམས་ཏེ་གོང་མ་ཆིང་ཏེ་ཙུང་གི་ཀོང་ཞུས་ཁྲི་ལོ་གཉིས་པར་(སྤྱི་ལོ1876ཡོངས་སུ་གྲུབ། )1958ལོར་སླར་ཡང་ཆག་འཇིག་བྱུང་ཡང་། ༡༩༨༢ལོར་སྔོན་གྱི་ཤུལ་ནས་སྔར་གྱི་གཞི་ཁྱོན་ཇི་བཞིན་དུ་ད་ལྟའི་ཡུལ་ལྷའི་ལྷ་ཁང་འདི་ཉིད་བསྐྱར་དུ་བཞེངས།

དེ་ཡང་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་རུ་གྲགས་པའི་ལྷ་གཉན་འདི་ནི། ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ཙི་ཐུང་ས་ཆའི་ “ཙི་ཐུང་ལྷ་གཉན”གྱི་རྣམ་སྤྲུལ་ཡིན་པར་བཤད་དེ། ལྷ་གཉན་འདིའི་རང་གི་སྐྱེ་བ་གོང་མར་མིའི་སྲིད་པ་བཟུང་དུས་ཀྱི་མཚན་ལ་ཀྲང་ཡ་ཙི་ཟེར། ཀྲང་ཡ་ཙི་ཞེས་པའི་སྐྱེས་བུ་དེ་ནི་ཅིན་རྒྱལ་རབས་ཤར་མའི་(སྤྱི་ལོ 317-420 བར)སྐབས་སུ་བྱོན་པ་ཞིག་ཡིན་ཞིང་། ཁོང་ནི་མ་ཡུམ་ལ་སྲི་ཞུ་མཐའ་འཁྱོལ་བར་བྱེད་པ་ཞིག་ཡིན་པར་མ་ཟད། དགེ་བའི་ལས་ལ་ཤིན་ཏུ་སྤྲོ་ཞིང་མི་སེར་གྱི་ཕྱོགས་སུ་གཏོང་ཕོད་ཆེ་བ་དང་། གསོ་རིག་ལའང་ཧ་ཅང་མཁས་པ་ཞིག་ཡིན་པས། ཁོང་ཉིད་ཅིན་རྒྱལ་རབས་ཤར་མའི་སྐབས་ཀྱི་དཔོན་པོ་ཞིག་ལ་བསྐོས་རྗེས། ཁོང་གིས་འབངས་མི་སེར་གྱི་དཀའ་ཁག་སྣ་ཚོགས་སེལ་ཅི་ཐུབ་བྱས་པ་དང་། ཁྱད་པར་དུ་དབུལ་ཕོངས་མི་སེར་ལ་ཅི་ནུས་ཀྱིས་ནད་བརྟག་སྨན་བཅོས་དང་རྒུད་སྐྱོབ་ཕོངས་སེལ་བྱས་པ་བཅས་ལ་བརྟེན་ནས། ཆབ་འབངས་གྲངས་མེད་པ་ཞིག་སྡུག་བསྔལ་སྣ་ཚོགས་དང་དཀའ་ཉེན་ཅི་རིགས་ལས་སྐྱོབ་ཅི་ཐུབ་བྱས་སྟབས། ཀྲང་ཡ་ཙི་ནི་མི་དམངས་ཀྱིས་སེམས་གཏིང་ནས་དད་གུས་བྱེད་པའི་སྐྱེས་བུ་དམ་པ་ཞིག་ཏུ་གྱུར། དེ་ནས་རིང་པོ་མ་ཐོགས་པར་ཁོང་ཉིད་དམག་ཐོག་ཏུ་གྲོངས་རྗེས། འབངས་མི་སེར་གྱིས་དམ་པ་དེ་ཉིད་ལ་མི་ཁྲོན་གྱི་ཙི་ཐུང་ས་ཆར་ཆེད་དུ་མཆོད་ཁང་ཞིག་བཞེངས་ཤིང་། ཁོང་ནི་ས་ཆ་དེའི་གཞི་བདག་གལ་ཆེན་ཞིག་ཏུ་བརྩིས་ཏེ་མཆོད་བཀུར་བྱས་པའི་རྐྱེན་གྱིས་དེ་ནས་བཟུང་ཁོང་གི་མཚན་ལ་ “ཙི་ཐུང་ལྷ་གཉན”དུ་འབོད་པ་བྱུང་ལ། ཙི་ཐུང་ལྷ་གཉན་གྱི་ལྷ་ཀང་ཡང་ཡུལ་ལྷའི་ལྷ་ཁང་གི་ཐོག་མ་ཡིན་པར་གྲགས། ཕྱིས་སུ་ཙི་ཐུང་ལྷ་གཉན་གྱིས་ཐང་རྒྱལ་རབས་(སྤྱི་ལོ ༦༡༨-༩༠༧བར)ཀྱི་དམག་དཔུང་གིས་ཟིག་འཁྲུག་བདེ་རུ་འགོད་པར་སྡོངས་གྲོགས་མཛད་པར་བརྟེན། གོང་མ་ཐང་ཞོན་ཙུང་གིས་ཙི་ཐུང་ལྷ་གཉན་ལ་གཡོན་བཞུགས་བློན་ཆེན་གྱི་ཆོ་ལོ་ཕུལ། ཐང་རྒྱལ་རབས་ཀྱི་གོང་མ་དེས་ལྷ་གཉན་འདིའི་དབུ་འཕང་ཆེད་དམིགས་སུ་གོང་དུ་བསྟད་ཅིང་བཀུར་བའི་མཐུས། ལྷ་གཉན་འདི་ནི་ཙི་ནའི་རྒྱལ་ཁམས་ཧྲིལ་པོས་མཆོད་བཀུར་བྱེད་པའི་ལྷ་གཉན་མཐུ་བོ་ཆེ་ཞིག་ཏུ་གྱུར་པ་རེད། གཞན་ཡང་། ཙི་ནའི་དམངས་ཁྲོད་དུ་གྲགས་ཚོད་ལྟར་ན། ཙི་ཐུང་ལྷ་གཉན་ཀྲང་ཡ་ཙི་ནི། “ཝུན་ཁྲང་ཞིང་”()ཞེས་པའི་ལྷ་ཞིག་སྟེ། རིག་ལྡན་སྐར་མ་རུ་འབོད་པའི་སྐར་ལྷ་ཞིག་གི་སྤྲུལ་པ་ཡིན་པར་བཤད་པས། སུང་རྒྱལ་རབས་ལྷོ་མའི་(སྤྱི་ལོ 1127-1279)གོང་མ་སུང་ཀའོ་ཙུང་གིས་སྲིད་སྐྱོང་བའི་དུས་སྐབས་སུ། ཙི་ཐུང་ལྷ་གཉན་ཀྲང་ཡ་ཙི་དང་རིག་ལྡན་སྐར་ལྷ་དེ་གཉིས་ངོ་བོ་དབྱེར་མེད་དམ། གཞི་གཅིག་ཏུ་སྦྱར་ནས་བཀུར་ཅིང་ཁོང་གི་དབུ་འཕང་རབ་ཏུ་བསྟད་ནས། ཁོང་ལ་ “ཝུན་ཁྲང་ཏི་ཅུན་”()ཞེས་པ་སྟེ། “ཝུན་ཁྲང་ལྷ་ཆེན་”ཞེས་པའི་ཆོ་ལོ་ཕུལ་བར་གྲགས་ཤིང་། ཆོ་ལོ་འདི་ཕུལ་བའི་ཐད་ལ་བཤད་ཚུལ་གཞན་ཡང་ཡོད་ཀྱང་འདིར་བཏང་སྙོམས་སུ་བཞག་གོ ། །

ཆིང་རྒྱལ་རབས་(སྤྱི་ལོ1644-1911བར)ཀྱི་སྐབས་སུ་གནའ་བོའི་དུས་ཀྱི་ཙི་ཐུང་ལྷ་གཉན་ནམ་དེང་གི་དུས་ཀྱི་ཁྲི་ཀའི་ཡུལ་ལྷ་འདི་ཉིད་ཀྱིས་སྐབས་དེར་ཆིང་གོང་མའི་སྲིད་གཞུང་གི་དྲང་བདེན་སྐྱོང་བའི་འཁོར་བློན་ཞིག་གི་སྐུའི་སྐྱེ་བ་བཞེས། བདུད་བློན་གྱི་དབྱེན་ཕྲའི་དབང་གིས་ཁོང་ལ་གོང་མའི་བཀའ་ཆད་ཕོག་སྟེ་སྐུ་སྲོག་ཤོར། སྐྱེ་བ་དེའི་རྗེས་སུ་ཁོང་གིས་དཀར་ཕྱོགས་སྐྱོང་བའི་མི་མ་ཡིན་མཐུ་རྩལ་ཅན་ཞིག་གི་སྐུའི་སྐྱེ་བ་བཞེས། སྐུ་ཚེ་དེར་བོད་ཀྱི་མཚན་ལྡན་བླ་མ་དུ་མས་མི་མ་ཡིན་དེ་དགྱེས་བཞིན་དུ་རྗེས་སུ་བཟུང་བར་གྲགས་སོ། །ཙི་ཐུང་ལྷ་གཉན་གྱིས་མི་མ་ཡིན་གྱི་སྐྱེ་བ་བཞེས་པའི་སྐུ་ཚེ་དེ་ལ། ཆིང་རྒྱལ་རབས་ཀྱི་སྐབས་དེའི་གོང་མའི་དབུ་བླ་སྟེ། དགའ་ལྡན་གསེར་ཁྲི་བྱང་རྩེ་རྒྱ་ནག་པ་བློ་གྲོས་རྒྱ་མཚོའམ་འཇམ་དབྱངས་བསྟན་པའི་ཉི་མ(སྤྱི་ལོ 1686-1738)ཚང་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས། ཁོང་དང་གྲོགས་དང་འཕྲིན་ལས་བསྒྲུབ་པར་གྲགས། ཐེངས་ཤིག་ཁོང་གི་བླ་མ་དེ་ཉིད་ལ་སྐབས་དེའི་ཆབ་སྲིད་ཀྱི་ཁེ་ཉིན་ཞིག་ལས་སྐྱོབ་པའི་གྲོགས་དན་བགྱིས་མྱོང་བར་བརྟེན། རྗེས་སོར་ཁྲི་རྒྱ་ནག་པ་ཚང་མདོ་སྨད་ཡུལ་དུ་བྱིན་པའི་སྐབས་ཤིག་ལ། བླ་མ་དེ་ཉིད་ཀྱིས་སྔོན་གྱི་ཞལ་བཞེས་བཞིན་ལྷ་གཉན་དེ་ཁྲི་ཀ་ས་ཆའི་བསྟན་པ་བསྲུང་བའི་གཞི་བདག་ཏུ་བཀོད་པར་མ་ཟད། ད་དུང་ཡུལ་ལྷའི་བསང་ཚིག་ཅིག་ཀྱང་གསུངས་པ་ནི། ཀྱེ། ཁྲི་ཀའི་ཡུལ་གནས་ལྷ་གཉན་མཐུ་བོ་ཆེ། རྒྱ་ནག་ཤིང་མ་ཐེན་ཙི་ཞེས་གྲགས་ཁྱོད། མ་ལུས་འཁོར་དང་བཅས་པ་འདིར་བྱོན་ཏེ། བསང་གསུར་བཞེས་ལ་འདོད་པའི་དོན་ཀུན་སྒྲུབས། ཞེས་པ་འདི་ཡིན་ལ་ཁྲི་ཀའི་ཡུལ་ལྷ་གཉན་པོར་མཆོད་བཀུར་བྱེད་མཁན་རྣམས་ཀྱིས་དེང་སང་ད་དུང་སྔར་བཞིན་བསང་ཚིག་འདི་ཉིད་ཀྱིས་ཁྲི་ཀའི་ཡུལ་ལྷ་གཉན་པོར་འདོད་གསོལ་ཞུ་བཞིན་ཡོད་དོ། །

རྡོ་སྟག་གཡག

རྡོ་སྟག་གཡག་ནི་འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ༡༦གི་མཚམས་སུ་ཡོད་ཅིང་རྡོ་ཕ་བོང་ཆེན་པོ་སྟག་དང་གཡག་གཉིས་ཀྱིས་གཡུལ་ག་འགྱེད་པའི་ཚུལ་དུ་ཡོད་ཅིང་། ངག་རྒྱུན་ལ། སྔོན་ཆད་སྟག་གཡག་གཉིས་བར་དུ་འགལ་བ་ཆེན་པོ་ཞིག་བྱུང་ནས་ཁོང་ཁྲོ་ཆེན་པོས་འཐབ་སྟེ་རྒྱལ་ཕམ་མ་བྱུང་བས་རྡོ་རུ་གྱུར་པ་ཡིན་ཟེར།

རྡོ་རྟ་སྒ།

རྡོ་རྟ་སྒ་ནི་འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ་༤༥ཡི་མཚམས་ན་ཡོད་ཅིང་། རྡོ་ཡི་རྟ་སྒྲ་ཞིག་དང་འདྲ་བའི་བྲག་རི་ཞིག་ཡོད་པ་དེ་ཡིན།

རྡོ་གུར།

རྡོ་གུར་ནི་འཕྲང་དམར་གྲོང་རྡལ་གྱི་རྐང་ཚ་གོང་མ་སྡེ་བའི་ལྷོ་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ་༦༠ཡི་མཚམས་ན་ཡོད། རྡོ་ཕ་བོང་ཁོག་དང་ལྡན་པ་ནང་དུ་མི་མང་པོ་ཤོང་བ་དུ་མ་ཡོད་ཅིང་། ངག་རྒྱུན་ལ་སྔོན་ཨ་མྱེས་རྫ་དམར་གནས་འདིར་བཞུགས་པའི་གུར་ཡིན་པར་བཤད། ཁོང་སྨན་པ་ཞིག་ཡིན་པས་སྨན་སྒང་དུ་རྩྭ་སྨན་ཕུན་སུམ་ཚོགས་པ་ཡོད་པ་ནི་ཁོང་གི་སྨན་ཁུག་ཡིན་པའི་རྐྱེན་གྱིས་ཡིན་ཟེར། རྡོ་འདི་དག་ནི་རིག་དངོས་ཁྱད་པར་ཅན་ཞིག་ཡིན་སྲིད་ཅིང་གདོད་མའི་དུས་ཀྱི་མིའི་སྡོད་གནས་ཤིག་ཨེ་ཡིན་སྙམ།

 

སྟོང་ཆེ་ལུང་པ།

སྟོང་ཆེ་ལུང་པ་ནི་ཆུ་ནུབ་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ་༧ལྷག་གི་མཚམས་ན་ཡོད་ཅིང་། དེ་ཡང་ལྷོ་ཡི་མ་བུག་འགག་ནས་བྱང་གི་ལྕང་ཚང་མའི་བར་དུ་རིང་ཚད་ལ་ཕལ་ཆེར་སྤྱི་ལེ་༢༩དང་། ཆ་སྙོམས་ཀྱི་ཞེང་ཚད་ལ་སྤྱི་ལེ་༣ཡོད་པའི་ལུང་པ་འདིར་སྟོང་ཆེ་ལུང་པ་ཟེར། ལུང་པའི་ཁ་ལྷོ་ནས་བྱང་དུ་འཁོར་འདུག སྟོང་ཆེ་ལུང་པ་ནི་ཁྲི་ཀའི་ལུང་པ་གསུམ་ནང་གི་གཅིག་ཡིན། ལུང་པ་འདིའི་སྟོད་རྒྱུད་ནི་ཀབ་རོན་གཞུང་ཡིན། ཀབ་རོན་གཞུང་གི་ཆུ་ནི་སྟོང་ཆེ་ལུང་ཁོག་བརྒྱུད་ནས་རྨ་ཆུར་འབབ་ཀྱིན་ཡོད། ངག་རྒྱུན་ལ། ལུང་པ་འདིའི་ནང་དུ་དུད་ཚང་སྟོང་ཡོད་པར་གྲགས་པས་ན་འདི་ལ་སྟོང་ཆེ་རུ་ཐོགས་པར་བཤད།

གོ་ར་ལུང་པ།

གོ་ར་ལུང་པ་འཕྲང་དམར་གྲོང་རྡལ་གྱི་མངའ་ཁོངས་སུ་ཡོད་ཅིང་། རྨ་ཆུའི་ལྷོ་ངོས་ཀྱི་ཁྲི་ཀའི་ལུང་པ་གསུམ་གྱི་ནང་གི་གཅིག་ཡིན་ལ། གྲོང་རྡལ་འདིའི་ཁོངས་ཀྱི་ཆེས་རིང་པའི་ལུང་པའང་ཡིན། རིང་ཚད་ལ་སྤྱི་ལེ་༩༠ལྷག་ཡོད། ལུང་པ་འདིའི་ཕུ་མགོ་ནི་བྲག་དཀར་རྫ་འདབས་ལ་ཐུག་ཡོད་པ་དང་། ལུང་མདོ་ནས་ཁྲི་ཀའི་རྨ་ཆུའི་ཁར་ཐོན་ཡོད། ལུང་པའི་ཁ་ཞེང་ཆེ་སར་སྤྱི་ལེ་༤ཙམ་དང་ཆུང་སར་སྨི་༥༠༠ཡས་མས་ཡོད། ལུང་མདོ་ནས་གྱེན་ཕྱོགས་སུ་སྤྱི་ལེ་༣༥ཙམ་གྱིས་ཆོད་པའི་གནས་དེ་ནི་ཆུ་མ་ས་ཁུལ་ཡིན་ཞིང་ལོ་ཏོག་ལེགས་ལ་ལྗོན་ཤིང་ཡང་མོད་པོ་སྐྱེས་མོད། དེའི་ཡན་ཆད་དུ་ནགས་ཚལ་དང་རྩྭ་ས་ཡིན། ལུང་པའི་ཁ་ལྷོ་ནས་བྱང་ཕྱོགས་སུ་འཁོར་ཡོད། ལུང་པ་འདིའི་ནང་དུ་གོ་རའི་གཞུང་ཆུ་ཡོད་ཅིང་། ཆུ་འདི་ནི་འདིའི་བཞུར་རྒྱུན་གྱི་མི་ཕྱུགས་གཉིས་ཀྱི་འཚོ་བ་དང་ཐོན་སྐྱེད་ཐད་ལ་སྤྱོད་ཀྱིན་ཡོད། ལུང་པ་འདིའི་སྟོད་རྒྱུད་ཀྱི་རི་ངོས་སུ་གོ་རོ(རྡོ་གཡའ་མ་དང་བྲག་རྡོ)ཧ་ཅང་མང་བས་ན་མིང་ལའང་དེ་སྐད་དུ་ཐོགས་པར་བཤད། ད་ལྟ་གོ་ར་རུ་འབོད་པ་ནི་ཡུལ་སྐད་ཀྱི་དབང་གིས་གོ་རོ་ཞེས་པའི་རོ་ཡི་སྒྲ་ཟུར་ཉམས་པའི་འབོད་སྟངས་ཤིག་ཡིན་པར་མངོན།

ལྕང་ར་ལུང་པ། ལྕང་ར་ལུང་པའི་ཕུ་མགོ་ནི་ཨ་མྱེས་རྒོད་རྩེ་ལ་ཐུག་ཡོད་ཅིང་། ལུང་མདོ་ནི་སམ་བྷ་སྡེ་བའི་ཉེ་ཕྱོགས་ཀྱི་རྨ་ཆུ་ཁར་འབྲེལ་ཡོད། ལྷོ་བྱང་གཉིས་ཀྱི་རིང་ཚད་ལ་སྤྱི་ལེ་༢༠དང་། ཤར་ནུབ་གཉིས་ཀྱི་ཞེང་ཚད་ལ་སྤྱི་ལེ་༡༥ཙམ་ཡོད། ལུང་པའི་རྒྱ་ཁྱོན་ཅུང་ཆེ་ལ། ཆུའི་ཐོན་ཁུངས་ཀྱང་ཅུང་བཟང་། ཞིང་ས་མང་ཤས་ནི་ཆུ་མ་ཡིན་ཞིང་། ས་ཁུལ་ཉུང་ཤས་ནི་ཐེམ་པ་དང་ལུང་པ་ཡིན། ལུང་ཁོག་འདིར་ལྕང་ར་ནགས་དང་། གནས་ཁམས་ཆེན་ཏེ་སློབ་དཔོན་ཆེན་པོ་སམ་བྷ་ཝའི་སྒྲུབ་གནས། གནའ་ཤུལ་གྲགས་ཅན་ལྕང་རའི་ཤིང་སྒོ་སོགས་ཡོད། དེ་ཡང་ལྕང་ར་ཞེས་པའི་མིང་འདིའི་བྱུང་བའི་ཐད། ཡུལ་འདི་དམངས་ཁྲོད་དུ་གྲགས་ཚོད་ལྟར་ན། ས་ཆ་འདིའི་བོད་སྔ་རབས་པ་ཁག་ཅིག་ནི། ད་ལྟའི་བོད་ལྗོངས་ལྷོ་ཁ་ཁུལ་གྱི་རྒྱ་ཚྭ་རྫོང་མངའ་འོག་གི་ལྕང་ར་ཡུལ་ཚོའི་ཕྱོགས་ནས་མདོ་སྨད་དུ་མཆེད་དེ་ཡུལ་གྲུ་འདིར་འཚོ་སྡོད་བྱས་མྱོང་བས་ན། དེའི་ཐོག་མའི་མཆེད་ཁུངས་ཀྱི་རང་མིང་མ་འགྱུར་བར་འདི་ལ་ཇི་བཞིན་དུ་ཐོགས་པ་ཞིག་ཡིན་པར་བཤད།

རྡར་ཆེ་ཆུང་།

རྡར་ཆེ་ཆུང་ནི་བྲག་རི་ཞིག་སྟེ། ཆུ་ཤར་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ་༡༧གྱི་མཚམས་ཀྱི་གཉན་ལུང་ན་ཡོད་ཅིང་། རི་རྒྱུད་ཤར་ནས་ནུབ་ཏུ་མཆེད་འདུག བྲག་རི་འདིའི་མདོག་ནི་རྡོ་ཐལ་དཀར་པོའི་མདོག་ལྟར་གསལ་བ་དང་། འདིའི་ནུབ་བྱང་རྒྱུད་ཀྱི་སྲིབ་ངོས་སུ་ཤིང་ཕྲན་གྱི་ནགས་རྫུབས་ཡོད་པར་མ་ཟད། ད་དུང་ཤིང་སྟག་པ་དང་། གསོམ་པ། རི་ལྕང་ལ་སོགས་པའི་ལྗོན་ཤིང་གི་རིགས་ཀྱང་མང་དུ་སྐྱེས་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི་༢༥༨༨ཡོད། གནས་འདིར་རྡར་དང་འདྲ་བའི་བྲག་དཀར་པོ་ཆེ་ཅུང་གཉིས་ཡོད་པས་མིང་ལའང་དེ་ལྟར་དུ་ཐོགས། འདི་ནི་ཁྲི་ཀའི་མཛེས་ལྗོངས་བརྒྱད་ཀྱི་གྲས་ཡིན།

གནས་བརྟན་གྲམ་པ།

གནས་བརྟན་གྲམ་པ་ནི་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ་༡༨ཀྱི་མཚམས་ཏེ། གསེར་ཆེན་སྒང་གི་ནུབ་བྱང་ཕྱོགས་ཀྱི་ལུང་པའི་ཕུ་རུ་ཡོད་ཅིང་། རྡོ་ར་ཆུ་ནི་དེ་ནས་བཞུར་འོངས་པ་ཡིན། གྲམ་པ་འདིའི་འགྲམ་ངོགས་ཀྱི་བྲག་ངོས་སུ་འཕགས་པའི་གནས་བརྟན་བཅུ་དྲུག་གི་སྐུའི་སྣང་བརྙན་རང་བྱོན་བཞུགས་ཡོད་པར་གྲགས་པས་མིང་ཡང་དེ་ལྟར་དུ་ཐོགས།

མཆོད་རྟེན།

འདི་ནི་བྱེ་སྣ་ནས་ཤར་ཕྱོགས་སུ་སྤྱི་ལེ་38ཡས་མས་ཡོད་པའི་མཆོད་རྟེན་དེའུ་ལྟག་ཟེར་བ་དེ་ཡིན།སྔོན་བོད་སོག་གཉིས་འཁྲུགས་དུས་སྐམ་ཆེན་སྟག་གི་ཁ་གདངས་པ་འདྲ་བས།ས་དཔྱད་པ་ཞིག་གིས་བོད་ལ་ད་ལྟའི་དེའུ་ལྟག་དེར་མཆོད་རྟེན་ཞིག་བཞེངས་ན་སྐམ་ཆེན་ལ་ལྕེ་སྤྲད་པ་དང་འདྲ་བས་བོད་ཀྱི་དོ་ཟླ་མིན་ཞེས་དེར་མཆོད་རྟེན་ཞིག་བཞེངས་པ་ནས་མཆོད་རྟེན་ཞེས་ཐོགས།གཡུང་དེའུ།གཡུང་དེའུ་ནི་བྱེ་སྣ་ནས་ཤར་ཕྱོགས་སུ་སྤྱི་ལེ་20ཡས་མས་སོང་མཚམས་ན་ཡོད།སྔགས་ཚའི་དགེ་བཤེས་ཀྱི་ས་དཔྱད་དེར་བོན་བརྒྱའི་གཏེར་རྒྱགམང་སྟོད་ཀྱི་ས་འདིར་འདི་ལྟ་བུའི་ས་དཔྱད་ལེགས་པོ་ཞིག་མེད་པར་གླེང་།སྔགས་སའི་དགེ་བཤེས་ཆེན་མོས་འདིར་གཏེར་བརྒྱབ་ཅིང་གཞི་བདག་བཀྲ་ཤིས་འོད་དཀར་བསྟེན་ན་མང་རའི་སྟོད་འདིར་དགེ་ལུགས་པའི་བསྟན་པ་རྒྱས་ངེས་ཞེས་ལུང་བསྟན།སྐབས་དེར་ས་དཔྱད་དུས་ཕོ་རོག་གཅིག་གིས་བལ་གཏེར་ཞིག་ས་ལྟའི་ས་མིག་དེར་འཕངས་པས་ཁོང་གིས་གཏེར་འབུལ་ས་གཤམ་གྱི་དེ་ཡིན་མོད།ད་འདིར་ལྷས་ལུང་ཞེས་དེར་གཏེར་འབུལ་རྒྱུ་བྱས།རྒྱ་ལྡང་སྡེ་བས་ལོ་རེ་བཞིན་གཏེར་འབུལ་བཞིན་ཡོད།

མང་ར་ལུང་པ།

མང་ར་ནི་མང་ར་རྫོང་གི་ས་ཆའི་ཆ་ཤས་ཤིག་ཡིན།ཡུལ་འདིར་མང་ར་ཞེས་པའི་མིང་ཐོགས་དོན་ནི་སྔོན་གཙང་ཕྱོགས་ཀྱི་མང་ར་བ་སེང་གེ་རྒྱལ་མཚན་ཞེས་པ་དབུས་གཙང་ནས་མང་ར་སྟོད་སྨད་དང་།འཇག་རི་སུམ་མདོ་སྒོམ་ཁང་དུ་ཕེབས་ཏེ་ཡུན་རིང་བཞུགས་པས་མང་ར་ཞེས་འབོད་པར་གྲགས།མང་ར་བ་ཁོང་ནི་དཔལ་གསང་བ་འདུས་པའི་བཀའ་བབས་གསུམ་ཡོད་པ་ལས་བཀའ་བབས་གསུམ་པ་འགོས་ལོ་ཙཱ་བ་དབང་ཕྱུག་ཆོས་ཀྱི་རྒྱལ་པོས་རྒྱ་གར་དུ་པནྜི་ཏ་བདུན་ཅུ་དང་མཁའ་འགྲོ་མ་གཉིས་བཅས་ལས་གསང་བ་འདུས་པའི་ཆོས་དབང་ལུང་བཤད་ཁྲིད་དང་བཅས་པ་རྫོགས་པར་གསན་ནས་ཐུགས་དམ་ཉམས་བཞེས་མཛད་པས་གྲུབ་པ་བརྙེས།ཁོང་དུས་རབས་བཅུ་གཅིག་པའི་ལོ་རབས་བརྒྱད་ཅུ་པ་སྟེ་སྤྱི་ལོ་1630ཡས་མས་སུ་མདོ་སྨད་དུ་ཕེབས་པར་གྲགས།གཞན་མང་ར་ཞེས་པ་ནི་ནོར་མང་པོའི་ར་ཞེས་པ་ཡིན་པས་མིང་དེ་བཏགས་པ་རེད་ཅེས་དེབ་ཅིག་ཏུ་བྲིས་འདུག<<ཚངས་གླུ་གསར་སྙན་>>ལས་སོག་སྐད་ཐུའུར་འན་ཏེ་དང་པོ་ཞེས་གྲགས་ཟེར།<<སྐུ་འབུམ་གདན་རབས་>>ལས།རྨ་ཆུའི་ལྷོ་ངོས་མང་རའི་གཞུང་སོག་སྐད་དུ་ཐུ་རུའུ་འུན་ཏེ་བོད་སྐད་དུ་བསྒྱུར་ན་དང་པོ་ཞེས་གྲགས་པ།ཤར་ན་མཁའ་འགྲོ་མ་བརྒྱ་རྩ་བརྒྱད་ཀྱི་རི་གཉན་བགྲང་མི་རུང་བ།ལྷོ་ན་མང་ཆུ་གཡས་སུ་འཁྱིལ་ནས་རྨ་ཆུར་འདྲེས་པ།ནུབ་ན་རྨ་ཆེན་གངས་རི་བརྗིད་ཆགས་པ།བྱང་ན་མཚོ་ཁྲི་ཤོར་རྒྱལ་མོ་མཛུམ་མེ་བའི་ས་ཆ།ཞེས་གསུངས།ད་ལྟ་ལུང་པ་འདིའི་སྟོད་དུ་སུམ་མདོ་ཡུལ་ཚོ་དང་སྐེད་དུ་ཀོས་ནན་རྫོང་།(མང་རྫོང་།)སྨད་དུ་ཐར་ཤུལ་དང་མང་ར་ཡུལ་ཚོ་ཆགས་ཡོད།

བྱ་མདོའི་ལུང་པ།བྱ་མདོའི་ལུང་པ་ནི་བྱ་དྲུག་གི་མིང་གི་ཟུར་ལས་ཐོགས་པར་བཤད་དེ།ལུང་པ་འདིའི་མིང་ལ་བྱ་ཁོག་ཟེར།བྱ་ཁོག་ལ་བྱ་སྟོད་དང་བྱ་མདོ་གཉིས་ཡོད།བྱ་ཁོག་ཅེས་པའི་མིང་འདི་ཧྲ་ཁུག་ཅེས་སྒྲ་བསྒྱུར་གོ་དོན་དང་ལྡན་པར་བསྒྱུར།སྟོད་དུ་མགོ་མང་གྲོང་རྡལ་དང་གཤམ་དུ་བྱ་མདོ་ཞང་གཉིས་ཡིན།སྟོད་བྱ་སྟོད་ནས་སྨད་ཚལ་རྔ་ལ་ཐུག་ཅིང་ཚལ་རྔ་འགག་ནས་ད་ལྟ་ལུང་གཡང་གློག་འདོན་ས་ཚིགས་བཟོས་ཡོད།ལུང་པ་འདིའི་འབྲུ་དེའུ་ཐང་དུ་དེའུ་འབུར་ཞིག་ཡོད་པ་རྒྱལ་པོ་ཁྲི་ལ་ཞམ་གྱི་བང་སོ་ཡིན་པར་གྲགས།

འཇང་ཆེན།

འཇང་ཆེན་ནི་ལུང་པ་ཞིག་སྟེ། ཕྱོགས་འདིར་ད་དུང་འཇང་ཆུང་ཟེར་བའི་ལུང་པ་ཞིག་ཀྱང་ཡོད། འཇང་ཆེན་ལུང་པ་ནི་ཞོལ་མ་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་༦༠ཡས་མས་ཀྱི་མཚམས་ན་ཡོད་ཅིང་། ལུང་པའི་ཁ་ལྷོ་ནས་བྱང་ཕྱོགས་སུ་འཁོར་ཡོད། ལུང་པ་འདིའི་ཕུ་མགོ་ནི་མཛོ་མོ་གོང་ཁར་ཐུག་ཡོད་ལ། ལུང་མདོ་ནི་རྨ་ཆུ་ཁར་འབྲེལ་ཡོད།

ངག་རྒྱུན་ལ། འཇང་ཆེན་གཡུལ་འགྱེད་སྐབས་ཀྱི་ཉིན་ཞིག་ལ། གླིང་གིས་འཇང་འདུལ་བའི་ཆེད་དུ་དམག་འདྲེན་པར་གྲ་སྒྲིག་བྱེད་པའི་དུས་ན། ད་ལྟའི་འཇང་ཆེ་ཆུང་གི་ཕྱོགས་འདིར་ཡོད་པའི་འཇང་གི་དམག་སྒར་ལས་འཇང་ཕྲུག་གཡུ་ལྷ་ཐོག་རྒོད་ཀྱིས་མདའ་མེད་རི་འཕུར་ཤེས་དེ་གཞུ་མོ་ར་རྒོད་འཁྱིལ་བའི་སྟེང་དུ་སྤྲད་དེ་གླིང་སྒར་ལ་འཕེན་གྲབས་བྱེད་དུས། རྨ་ཕར་ཁའི་གླིང་གི་དམག་སྒར་(ད་ལྟའི་བྲག་དཀར་རྫོང་གི་འབྲོང་འཐུས་ཡུལ་ཚོའི་སྟག་ཐང་སྡེ་བའི་ཕྱོགས་ཡིན་པར་གྲགས)ནས་ཚ་ཞང་འདན་མ་བྱང་ཁྲ་ཡིས་ལྷ་མདའ་ཐོག་རྒོད་འཚུབ་ཤེས་དེ་ལྕགས་གཞུ་སྔོན་མོ་རང་འགུགས་ཀྱི་སྟེང་དུ་སྤྲད་ནས་འཕངས་མ་ཐག་ད་ལྟའི་གླག་གི་ཁིས་ཀ་དང་། འཇང་ཆུང་གོང་ཁ། མཛོ་་མོའི་གོང་ཁ། གསེར་ལོག་གོང་ཁ་སོགས་སྔར་མེད་པའི་ཁིས་ཀ་དང་གོང་ཁ་དུ་མ་སྒོ་ཕྱེས་པ་ལྟར་ཧར་གྱིས་གཤགས་པའི་མོད་ལ། འཇང་ཕྲུག་ཀྱང་རེ་ཞིག་དྲན་མེད་དུ་བརྒྱལ་བར་གྱུར་པས་ན། ཕྱིས་སུ་ཚ་ཞང་གིས་ཐེངས་དེར་འཇང་ཕྲུག་གི་གཡུལ་ངོ་ཕྱིར་བཟློགས་པའི་ས་ཕྱོགས་དེར་ལུང་པ་ཆེ་ཆུང་གཉིས་གཤིབས་ནས་ཡོད་པའི་འཇང་ཆེན་དང་ཆུང་བ་ལ་འཇང་ཆུང་དུ་ཐོགས་པར་བཤད་དོ། །

ཀླུ་མཚོ་གཞུང་།

ཀླུ་མཚོ་གཞུང་ནི་ལུང་པ་ཞིག་སྟེ། རྐ་འབའ་སུམ་མདོ་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་སྨི་༥༠༠ཙམ་གྱི་མཚམས་ན་ཡོད།

ངག་རྒྱུན་ལ། པཎྜི་ཏ་སྨྀ་ཏིས་གནས་འདིར་དགོན་པ་ཕྱག་འདེབས་གནང་སྐབས། ཀླུ་མོ་ཞིག་གིས་རི་དྭགས་གཉན་གྱི་རྭ་ཅོའི་ནང་དུ་འོ་མ་ཁྱེར་འོངས་ནས་ཁོང་ལ་དྲངས་པས་ས་ཆ་འདིའི་མིང་ལའང་ཀླུ་མཚོ་གཞུང་དུ་ཐོགས་པར་གྲགས་ཤིང་། སྨྀ་ཏིས་བཏབ་པར་གྲགས་པའི་དགོན་ཤུལ་ད་ལྟའང་མཇལ་རྒྱུ་ཡོད།

རྐ་འབའ་སུམ་མདོ།

རྐ་འབའ་སུམ་མདོ་ནི་ཐང་གཞོང་ཞིག་སྟེ། ཐུན་ཏེ་རྫོང་རྫོང་མཁར་དང་རྐ་འབའ་སུམ་མདོར་གྲོང་རྡལ་ཆགས་སའི་གནས་ཀྱང་ཡིན། རྐ་རྒན་ཆུ་དང་འབའ་ཆུ་གཉིས་ཀྱི་འདྲེས་མདོ་ན་ཡོད་པས་མིང་ཡང་དེ་སྐད་དུ་ཐོགས་པར་བཤད།

ངག་རྒྱུན་ལ། གླིང་གེ་སར་རྒྱལ་པོ་ལྷ་ཡུལ་ཕེབས་སྐབས་ཆིབས་པ་རྐྱང་རྒོད་ལ་དྲིས་པའི་ལན་དུ། རྒྱལ་པོ་ཁྲི་ལ་བཞུགས་འདྲ་བོ། །འབའ་ཡི་རྒྱལ་པོ་གོ་ཆེན་ཡིན། །བློན་པོ་ཁྲི་ལ་བཞུགས་འདྲ་བོ། །འབའ་ཡི་བློན་པོ་ལྷ་བཀྲ་ཡིན། །རྒན་པོས་ར་རྩག་གོན་འདྲ་བོ། །འབའ་ཡི་དགེ་བསྙེན་རབ་གཟིགས་ཡིན། །ཇོ་མོས་གཟན་ཤམ་མནབས་འདྲ་བོ། །འབའ་ཡི་ཇོ་མོ་ལྷ་ལྕམ་ཡིན། །ཝ་དམར་པོ་ཁུང་ལ་འཛུལ་འདྲ་བོ། །འབའ་ཡི་ཝ་ལུང་རྫ་དམར་ཡིན། །ལུག་སྟོང་ལུག་ལྷས་ལ་བསྐྱིལ་འདྲ་བོ། །འབའ་ཡི་རྩི་ཏོ་དཀར་ལྡང་ཡིན། །སྒྲོག་སུམ་རྩ་ཐང་ལ་འཕངས་འདྲ་བོ། །འབའ་ཡི་རྐ་འབའ་སུམ་མདོ་ཡིན། །ཞེས་གསུངས་པ་ལྟར་རོ། །

མཛོ་མོ་དགུ་མཐའ།

མཛོ་མོ་དགུ་མཐའ་ནི་བྲག་རི་ཞིག་སྟེ། དགོན་གོང་མ་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ་༢༠ཙམ་གྱི་མཛོ་མོ་ལུང་པའི་ནང་དུ་ཡོད་ཅིང་། བྲག་རི་འདིའི་མདུན་ཕྱོགས་ན་ཆུ་མགོ་ཞིག་ཀྱང་ཡོད། ངག་རྒྱུན་ལ། གནའ་དུས་སུ་རྒན་མོ་ཞིག་གིས་ཆུ་མགོ་དེའི་ནང་དུ་པགས་པ་འཁྲུད་སྐབས། གར་ཡོང་ངེས་མེད་ཀྱི་མཛོ་མོ་དགུ་འོངས་ནས་མོར་རྡུང་གྲབས་བྱས། དུས་དེར་ཨག་ཚོམ་དཀར་པོ་ཅན་གྱི་རྒད་པོ་ཞིག་གིས་མཛོ་མོ་དགུ་པོ་ཕར་དེད་དེ་འགྲོ་བཞིན་པའི་སྒང་ལ། མཛོ་མོ་དེ་དག་དགུ་མཐའི་བྲག་གསེང་དུ་ཐིམ་པར་གྲགས་པས་མིང་ཡང་དེ་སྐད་དུ་ཐོགས།

བརྒྱ་དར་ཤིང་ཉག

བརྒྱ་དར་ཤིང་ཉག་ནི་ཉག་ཁ་ཞིག་སྟེ།ཆུ་ཁོལ་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ35ཙམ་གྱི་མཚམས་ན་ཡོད་ཅིང་།ས་བབ་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི4434ཡོད།ངག་རྒྱུན་ལ།སྔར་བོང་སྟག་གོང་མའི་ལ་ལོ་མང་བོ་ཇག་པས་དེད་རྗེས།སྡེ་བ་འདིའི་དཔའ་བོ་ཞིག་གིས་ཇག་པ་དེ་རྣམས་ཆམ་ལ་ཕབ་སྟེ་རང་སྡེའི་ལ་ལོ་རྣམས་ཕྱིར་འཕྲོག་སྟབས།ཇག་སྡེ་དེའི་མི་རྣམས་ཀྱིས།བོང་སྟག་གོང་མའི་དཔའ་རྒོད་དེ་ལ་མདའ་མདུང་གྲི་གསུམ་གང་གིས་ཀྱང་མི་ཚུགས་ཏེ།དེ་ནི་རྡོ་ལ་གོས་བསྐོན་པ་ལྟ་བུ་ཞིག་རེད་ཅེས་བསྔགས་བརྗོད་བྱས་མྱོང་བར་གྲགས་ཤིང་།དེ་ནས་བཟུང་དཔའ་རྒོད་དེའི་མིང་ལའང་བོང་སྟག་རྡོ་ལ་གོས་བསྐོན་དུ་ཐོགས་པར་བཤད་དོ།།  རྗེས་སོར་དཔའ་རྒོད་དེ་དབུས་ལམ་དུ་གྲོངས་རྗེས།  ཡུལ་མི་ཚོས་རང་ཡུལ་གྱི་ཉེ་ཕྱོགས་སུ་དཔའ་བོ་དེ་ལ་དུར་བཏབ་ཅིང་།དེ་ཉིད་ཀྱི་དགེ་རྩར་དམིགས་ནས་ད་ལྟའི་ཉག་ཁ་འདིར་དར་ཤིང་ཞིག་བཙུགས་པའི་སྟེང་དུ་ཇོ་དར་ལུས་ཚད་བརྒྱ་འཐེན་པ་དེ་ཡུན་རིང་བོར་རླུང་ལ་བསྐྱོད་ཤུགས་ཀྱིས།  དར་ཤིང་དེ་ལའང་ཉག་བབས་པར་གྲགས་པས་ན།དར་ཤིང་དེ་ལ་བརྒྱ་དར་ཤིང་ཉག་ཏུ་ཐོགས་ཤིང་།དེ་ནི་ཕྱིས་སུ་ཉག་ཁ་འདིའི་མིང་དུ་གྱུར་སྐད།

བོང་སྟག་གོང་མའི་ས་ཡི་བཅུད་དུ་གྲུབ་པའི་སྙིང་དགུ།

བོང་སྟག་གོང་མའི་ས་ཡི་བཅུད་དུ་གྲུབ་པའི་སྙིང་དགུ་ནི་ཆུ་ཁོག་ཡུལ་ཚོའི་ཁོངས་ཀྱི་བོང་སྟག་གོང་མའི་ཆུ་རིང་དང་། རྐ་ཁོག གསེར་ཐང་། གནང་ཐང་། ཆུ་ཁོལ་སོགས་སྡེ་བ་འགའི་ས་ཐོག་ཏུ་ཡོད་པའི་བྲག་ཐོད་དགུ་ཡིན་ཞིང་། ཡོངས་གྲངས་སུ་བོང་སྟག་གོང་མའི་ས་ཡི་བཅུད་དུ་གྲུབ་པའི་སྙིང་དགུ་ཟེར། བྲག་ཐོད་དེ་རེ་རེའི་ཆགས་དབྱིབས་ནི་སྒོ་ཕྱུགས་དང་། རི་དྭགས། འདབ་ཆགས་སོགས་ཀྱི་སྙིང་གི་དབྱིབས་དང་ཀུན་མཚུངས་པས། དེ་རྣམས་ཀྱི་མིང་ཡང་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཡིན་ཏེ། ༡ཆུ་རགས་གཡག་སྙིང་། ཆུ་རིང་སྡེ་བའི་ཤར་ལྷོའི་མཚམས་ཀྱི་ཆུ་རགས་ལ་ངོས་ཀྱི་འགྲམ་ན་ཡོད་ཅིང་། འདིའི་ཆགས་ཚུལ་ནི་སྒོ་ཕྱུགས་གཡག་གི་སྙིང་གི་དབྱིབས་དང་མཚུངས་པས་མིང་ཡང་དེ་ལྟར་དུ་ཐོགས། ༢ཁྱོམ་ཆུང་ཁྱིའི་སྙིང་། རྐ་ཁོག་སྡེ་བའི་བྱང་ཕྱོགས་ཀྱི་ཁྱོམ་ཆུང་ལུང་བ་ན་ཡོད་དེ། འདིའི་ཆགས་ཚུལ་ནི་འདབ་ཆགས་བྱིའུའི་སྙིང་གི་དབྱིབས་དང་མཚུངས་པས་ན་མིང་ཡང་དེ་སྐད་དུ་ཐོགས། ༣རས་རུལ་ར་སྙིང་། ཆུ་རིང་སྡེ་བའི་ལྷོ་ཕྱོགས་ཀྱི་རས་རུལ་ལུང་བ་ན་ཡོད་དེ།  འདིའི་ཆགས་ཚུལ་ནི་སྒོ་ཕྱུགས་ར་ཡི་སྙིང་གི་དབྱིབས་དང་མཚུངས་པས་ན་མིང་ཡང་དེ་ལྟར་དུ་ཐོགས། ༤ གསུས་ལུགས་མ་སྙིང་། ཆུ་རིང་སྡེ་བའི་ཤར་ལྷོའི་མཚམས་ཀྱི་གསུས་ལུགས་ལུང་བ་ན་ཡོད་དེ། འདིའི་ཆགས་ཚུལ་ནི་མ་མོའི་སྙིང་གི་དབྱིབས་དང་མཚུངས་པས་ན་མིང་ཡང་དེ་ལྟར་དུ་ཐོགས། འདི་ལ་ཤེའུ་ལུག་མ་སྙིང་ཡང་ཟེར། ༥ སྟག་ཆེན་རྟ་སྙིང་། གསེར་ཐང་སྡེ་བའི་ནུབ་ཕྱོགས་ཀྱི་སྟག་ཆེན་ལུང་བ་ན་ཡོད་དེ། འདིའི་ཆགས་ཚུལ་ནི་འདོ་རིགས་རྟའི་སྙིང་གི་དབྱིབས་དང་མཚུངས་པས་ན་མིང་ཡང་དེ་ལྟར་དུ་ཐོགས། ༦ སྙན་མོ་འབྲི་སྙིང་། ཆུ་རིང་སྡེ་བའི་ཤར་ལྷོའི་མཚམས་ཀྱི་སྙན་མོ་ལུང་བ་ན་ཡོད་དེ། འདིའི་ཆགས་ཚུལ་ནི་སྒོ་ཕྱུགས་འབྲིའི་སྙིང་གི་དབྱིབས་དང་མཚུངས་པས་ན་མིང་ཡང་དེ་ལྟར་དུ་ཐོགས། ༧ གེར་གྱི་ལུག་སྙིང་། ཆུ་རིང་སྡེ་བའི་ལྷོ་ཕྱོགས་གེར་གྱི་ལུང་བ་ན་ཡོད་དེ། འདིའི་ཆགས་ཚུལ་ནི་གཡང་དཀར་ལུག་གི་སྙིང་གི་དབྱིབས་དང་མཚུངས་པས་ན་མིང་ཡང་དེ་ལྟར་དུ་ཐོགས། ༨ ར་འགག་གཡུ་སྙིང་། གནམ་ཐང་སྡེ་བའི་བྱང་ཤར་མཚམས་ཀྱི་ར་འགག་ལུང་བ་ན་ཡོད་དེ། འདིའི་ཆགས་ཚུལ་ནི་རི་དྭགས་གཡིའི་སྙིང་གི་དབྱིབས་དང་མཚུངས་པས་ན་མིང་ཡང་དེ་ལྟར་དུ་ཐོགས། ༩ རྡོ་རའི་སྟག་སྙིང་། ཆུ་ཁོལ་སྡེ་བའི་ལྷོ་ནུབ་མཚམས་ཀྱི་རྡོ་རའི་གསེར་གཞོང་དུ་ཡོད་དེ། འདིའི་ཆགས་ཚུལ་ནི་གཅན་གཟན་སྟག་གི་སྙིང་གི་དབྱིབས་དང་མཚུངས་པས་ན་མིང་ཡང་དེ་ལྟར་དུ་ཐོགས་སོ། །

 

འབྲོང་འཐུས་ལུང་པ།

འབྲོང་འཐུས་ལུང་བ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་འབྲོང་འཐུས་ཡུལ་ཚོ་སྲིད་གཞུང་གི་ལྷོ་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ40ལྷག་གི་མཚམས་ན་ཡོད་ཅིང་། འདིའི་ཕུ་འགོ་ནི་ལུང་བཟང་གི་ཆེ་ཆེན་ཆེ་ཆུང་དང་། ལུང་བཟང་ཡུལ་ཚོ་དང་ཆུ་ཁོལ་ཡུལ་ཚོ་གཉིས་ཀའི་ས་མཚམས་ཀྱི་རི་སེར་སྒང་བཅས་ལ་ཐུག་ཡོད། ལུང་བ་འདིའི་ལྷོ་ཕྱོགས་ནི་གཙོ་བོར་དམར་མོའི་སྲིབ་ཕྱོགས་ཀྱི་གྲམ་དཀར་དང་། ཟམ་སོ། སྟག་ཐང་། ཟབ་ཆུང་། ཟབ་ཆེན། གཡུ་བཟང་ཐང་སོགས་ལ་འབྲེལ་ཡོད་ཅིང་། འདིའི་ཉིན་ཕྱོགས་སམ་བྱང་ཕྱོགས་ཀྱི་ལུང་ལག་གཙོ་བོ་ནི་སེར་འབའ་ལུང་བ་དང་། སྙིགས་གདིང་ལུང་བ། རས་ཆུམ་ལུང་བ། མདོ་ཆེན་ལུང་བ། ཆུ་བཟང་ལུང་བ། དྷི་ལུང་བཅས་ཡིན་ཞིང་། ལུང་མདོ་ནི་རྨ་ཆུ་ཁར་འབྲེལ་ཡོད།

དཔལ་ཁ་གསེར་གཞོང་རིང་མོ།

དཔལ་ཁ་གསེར་གཞོང་རིང་མོའམ“དཔལ་ཁ”ཞེས་འབོད་པ་འདི་ནི།དུས་རབས་བཅུ་དྲུག་པའི་སྔོན་ཞིག་ནས་བཟུང་།ཡུལ་འདི་རུ་གཉུག་མར་གནས་པའི་བོད་མི་རིགས་རང་གི་ས་དཔྱད་མཁས་པ་དག་གི་གསུང་སྒྲོས་ལས་གྲགས་པའི་ས་དཔྱད་ཀྱི་བརྡ་ཆད་ཅིག་ས་མིང་དུ་ཐོགས་པ་ཞིག་ཡིན་པ་དང་།དེ་དེ་ལྟར་དུ་ཐོགས་དོན་ཡང་།ཁྱིམ་ཚང་གི་སྒོ་བསྐོར་བའི་ས་ཕྱོགས་དེའི་སའི་མཚན་མ་བཟང་བ་ལ“དཔལ་ཁ་བཟང”ཟེར་ལ།དོན་དེ་ཡིན་པ་གསལ་བོར་མཚོན་ཚུལ་བཅས།ཡུལ་འདིའི་རྒན་རབས་པ་དག་གི་ངག་ཏུ་གྲགས་སོ།།

ཡུལ་འདི་གའི་སྐབས་དེའི་བོད་ཀྱི་ས་དཔྱད་པ་དག་གིས།དཔལ་ཁའི་རྫ་བརྒྱུད་རིང་མོ་དང་དཔལ་ཁའི་གསེར་གཞོང་རིང་མོ་གཉིས་ལ་སའི་དགེ་མཚན་ངོ་མཚར་བ་དང་ལྡན་པ་མཐོང་ནས།ཡུལ་གྲུ་འདིའི་བོད་ཁྱིམ་ཚང་མས་རང་རང་གི་སྦྲ་སྒོ་དང་ཕྱུགས་ཟོག་གི་ར་སྒོ་དག་གི་དཔལ་ཁ་ནི།ད་ལྟའི་དཔལ་ཁའི་རྫ་བརྒྱུད་ཀྱི་ཕྱོགས་ནས་འཚོལ་དགོས་ཚུལ་གསུངས་པ་ནི།དེང་སང་གི་བར་དུ་ཡུལ་འདི་དང་འདིའི་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་སྲོལ་ཞིག་ཏུ་གྱུར་སྟབས།ཡུལ་འདི་གའི་རྒན་རབས་པ་དག་གིས་ད་ལྟ་ད་དུང་ཚུལ་དེ་ངག་རྒྱུན་དུ་གླེང་བཞིན་པའི་ཁར།སྒོའི་བསྐོར་ཕྱོགས་ཀྱི་སྲོལ་དེ་ཡང་ད་རུང་མ་ཉམས་པར་ཡོད།

གཞན་ཡང་།དཔལ་ཁ་ས་ཆའི་གནས་བསྟོད་དུ་ཡང་།ས་དཔལ་ཁ་དཔལ་ཁ་ཡག་ས་ཡིན།།ས་དཔལ་ཁའི་ཨ་མྱེས་བུམ་རི(བ་ཡན)ནི།།གཡུའི་བུམ་པ་བདུད་རྩིས་གང་འདྲ་རེད།།ས་དཔལ་ཁའི་གསེར་གཞོང་རིང་མོ་ནི།།གསེར་སེར་བོའི་ཐང་མ་གདལ་འདྲ་རེད།།ས་དཔལ་ཁའི་ཨ་མྱེས་གཉན་ཆེན་དང་།།རྫ་མཐོན་པོ་རྫ་རྒན་རི་ཕྱོར་སོགས།།བློན་རིག་ཆེན་གྲལ་ལ་བསྒྲིགས་འདྲ་རེད།།ས་དཔལ་ཁའི་རྫ་བརྒྱུད་རིང་མོ་འདི།།དཔལ་ཕུན་ཚོགས་གཡང་གི་འབྱུང་གནས་ཡིན།།ལྷ་དཀོན་མཆོག་མཆོད་པའི་གནས་རི་ཡིན།།སྦྲ་མཐིང་སྨུག་ཅན་གྱི་ཁྱིམ་སྒོ་དང་།།ཕྱུགས་ཁྱ་ཁྱའི་ར་སྒོ་བསྐོར་ས་ཡིན།།སྒོ་ཕྱོགས་དེར་བསྐོར་ན་ཆར་ཆུ་མོད།།སྒོ་ཕྱོགས་དེར་བསྐོར་ན་ལོ་ཕྱུགས་ལེགས།།སྒོ་ཕྱོགས་དེར་བསྐོར་ན་ལྷ་ཆོས་དར།།སྒོ་ཕྱོགས་དེར་བསྐོར་ན་མི་ཆོས་དར།།སྒོ་བསྐོར་ཕྱོགས་འགྲིགས་པའི་རྟེན་འབྲེལ་གྱིས།།ས་དཔལ་ཁར་བཀྲ་ཤིས་དགེ་མཚན་འབར།།ས་དཔལ་ཁ་དཔལ་ཁ་ཡག་ས་ཡིན།།དེ་ཟེར་ཡང་ཟེར་ལ་བདེན་ཡང་བདེན།།ས་དཔལ་ཁ་དཔལ་ཁ་དེ་ནས་ཐོགས།།ཞེས་པ་ལ་སོགས་པའི་བཤད་རྒྱུན་དེང་སང་གི་བར་དུ་རྒྱུན་འབྱམས་སུ་གྱུར་ཡོད།

འོན་ཀྱང་།དུས་རབས་བཅུ་དྲུག་པའི་རྗེས་སུ།སོག་པོའི་ཚོ་སྡེ་ཁག་ཅིག་ས་འདིར་བསྡད་སྐབས་ནས་བཟུང་སྟེ།ཁོ་ཚོས་བོད་རང་སྐད་ཀྱི་དཔལ་ཁ་ཞེས་པའི་སྔར་ཡོད་ས་མིང་དེའི་སྒྲ་མ་འཁྱོངས་པར།ཧོ་ཁ་དང་ཧོད་ཁ།ཧའོ་ཁ་དང་ཧོལ་ཁ་སོགས་ངེས་གཏན་མེད་པའི་སྒྲ་སྣ་ཚོགས་པར་སྦྱར་བ་ནས་བཟུང་།དེ་ད་ལྟའི་བར་དུ་མ་དག་རྒྱུན་འབྱམས་སུ་བརྒྱུད་པའི་རྒྱུ་མཚན་གྱིས།དཔལ་ཁ་རུ་གྲགས་པའི་ས་མིང་འདི་ཉོག་པར་གྱུར།ཡིན་ན་ཡང་།ས་མིང་འདིའི་བོད་ཀྱི་རང་སྐད་དངོས་ནི་དཔལ་ཁ་ཞེས་པ་འདི་ཡིན་པར་བརྗོད་ཅིང་དེ་ཉིད་བདེན་པར་འདོད་དོ།།

About རྩོམ་སྒྲིག་པ།