མདོ་སྨད་རྡོ་སྦིས་ཡུལ་གྱི་དམངས་ཁྲོད་རོལ་རྩེད་ཆུང་བ་འགའ་བཤད་པ།

རྡོ་སྦིས་དམངས་ཁྲོད་དུ་ཐུན་མོང་མ་ཡིན་པའི་འགྲན་རྩེད་ཆུང་གྲས་རིགས་མི་ཉུང་བ་ཞིག་ཡོད་ལ། དེ་དག་ལས་ཐེ་གེ་དང་གྲུ་གུ ཐེ་བུ། དོང་ཙེ། སྟར་ཀ ཁ་གྲངས། སྐྱེ་དངོས། ཆ་རྡེའུ། རས་སྐུ་ལ་སོགས་ལ་བརྟེན་ནས་འགྲན་རྩེད་བྱེད་སྲོལ་ནི་གཙོ་བོ་ལོ་ཆུང་བྱིས་པ་རྣམས་ཀྱིས་དགའ་བསུ་བྱེད་པའི་རྩེད་མོའི་རིགས་ཡིན་ཞིང་། འགྱིག་ནི་རྒན་དར་གཞོན་གསུམ་ལས་གཙོ་བོ་རྒན་དར་གཉིས་ཀྱིས་དགའ་བསུ་བྱེད་པའི་རྩེད་མོའི་རིགས་ཡིན་ནོ།།

 

གཅིག བོད་འགྱིག་འདེབས་སྲོལ།

 

འགྱིག་འདེབས་མཁན་གཙོ་བོ་རྒན་པ་དང་དར་མ་གཉིས་ཡིན་ལ། འགྱིག་འདེབས་པའི་དུས་ལ་ངེས་གཏན་མེད་པར་ལོ་གཅིག་གི་ནང་དུ་གང་ཁོམ་གྱི་སྐབས་དང་བསྟུན་ནས་བཏབ་ཆོག དུས་ཀྱི་དབང་དུ་བཏང་ན་དབྱར་ཁ་དང་སྟོན་མཇུག དགུན་དཀྱིལ་སོགས་ལ་འདེབས་པ་མང་། འགྱིག་འདེབས་ས་གནམ་གཤིས་དྲོ་དུས་གཡུལ་ཁ་དང་ཁྱིམ་ཚང་གི་ལྷས་ར་སོགས་ནས་འདེབས་ལ། གནས་དེ་དག་གི་ས་བདེ་འཇམ་གྱི་ཐོག་ཏུ་འགྱིག་རྟགས་ཐིག་ཤར་བཞི་ནས་བཅུ་ཙམ་བྲིས་ཏེ། འགྱིག་འདེབས་མཁན་རྣམས་ཀྱིས་རྡེའུ་དཀར་ནག་གཉིས་སུ་དབྱེ་སྟེ་ནུར་འགྱིག་དང་བཙིར་འགྱིག་བཅས་རང་རང་གི་དགའ་ཕྱོགས་ལྟར་འདེབས་པ་རེད། ནུར་འགྱིག་ནི་འགྱིག་ཐིག་ནང་དུ་འགྱིག་རྡེའུ་གཅིག་རེ་གཅིག་རེས་ནུར་ནས་འགྲོ་བ་ལས་ཡར་ལྡིང་མར་ལྡིང་བྱས་ནས་འདེབས་ཡའི་འགྱིག་རྡེའུ་གང་དགར་ཟ་མི་ཆོག་ལ། དེ་འདེབས་པ་ལ་གཏན་ཁེལ་གྱི་ཆོས་ཉིད་ངེས་ཅན་ཞིག་ཡོད། བཙིར་འགྱིག་ནི་ཕན་ཚུན་གྱི་འགྱིག་རྡེའུ་བཙིར་ནས་འདེབས་ཡའི་འགྱིག་རྡེའུའི་འགྲོ་ལམ་བཅད་དེ་ཕམ་པར་བརྒྱབ་པ་དང་མཉམ་དུ་རང་ཉིད་རྒྱལ་བ་རེད།

 

གཉིས། ཐེ་གེ་རྩེད་སྲོལ།

 

ཐེ་གེ་ཞེས་པ་ནི་ར་ལུག་སོགས་སྲོག་ཆགས་ཀྱི་རྗེ་ངར་དང་རྐང་མགོ་འབྲེལ་མཚམས་ཀྱི་རུས་པ་རྡོག་པོ་དེར་ཟེར། ཐེ་གེར་ཐོག་འོག་དང་གཡས་གཡོན་བཅས་ངོས་བཞི་ཡོད་ལ། ཐེ་གེ་རྩེད་དུས་ཐོག་ངོས་ལ་ལུག་དང་འོག་ངོས་ལ་ར་མ། གཡས་ངོས་ལ་རྟ་དང་གཡོན་ངོས་ལ་བོང་བུ་ཞེས་འབོད་ཅིང་། ཕོ་གསར(བུ་མོའང་ཡོད)བཞི་ལ་སོ་སོར་ལུག་དང་ར་མ། རྟ་དང་བོང་བུ། སེང་གེ། འགོང་བོ་སོགས་ངེས་བཏགས་བྱས་ཏེ། ཁང་བའི་ཁྱམས་རའི་མཐིལ་ཤིང་སྟེང་དུ་ཐེ་གེ་བརྒྱ་ཡས་མས(དེ་ལས་ཉུང་བའང་ཡོད)ཐང་མ་བརྡལ་བ་ལྟར་གཏོར་ཏེ་མི་རེ་རེའི་སྔ་གཞུག་བྱས་ནས་མཐེ་བོང་དང་དཀྱིལ་མཛུབ་གཉིས་ཀྱིས་རང་རང་ལ་ངེས་བཏགས་བྱས་པ་ལྟར་ལུག་ལ་བརྒྱབ་ནས་ལུག་ལ་ཕོག་ཏུ་འཇུག་པ། བོང་བུ་ལ་བརྒྱབ་ནས་བོང་བུར་ཕོག་ཏུ་འཇུག་པ་བཅས་བྱས་ཏེ། རྩེད་ཐེངས་གཅིག་ལ་སུས་བརྒྱབ་སྟེ་ཕོག་པ་མང་ན་མི་དེ་རྒྱལ་བ་རེད། རང་ལ་ངེས་བཏགས་བྱས་པའི་ཐེ་གེ་དེ་ཐེ་གེ་གཞན་པར་ཐོགས་མི་ཆོག གལ་ཏེ་ཐེ་གེ་གཞན་པར་ཐོགས་ཚེ་རྩེད་ཐེངས་དེ་གོ་མི་ཆོད་པར་བྱས་པ་རེད།

 

གསུམ། གྲུ་གུ་འགྲན་སྲོལ།

 

གྲུ་གུ་ཞེས་པ་ནི་བལ་སྐུད་གྲུག་རིལ་བྱས་ནས་གཙགས་པའི་ཆེ་ཆུང་ལ་ཁུ་ཚུར་ཆེ་ཙམ་ཞིག་ཡོད་པ་དེར་ཟེར། དགུན་ཁ་དང་ལོ་སར་གྱི་སྐབས་སུ་ཕོ་གསར་རྣམས་ཀྱིས་སྡེ་བའི་དཀྱིལ་གྱི་གཡུལ་ཁའི་ནང་དུ་འགྲན་རེས་བྱེད་ལ།འགྲན་རེས་བྱེད་སྐབས་མི་འགའ་ཕྱོགས་གཉིས་སུ་བགོས་ནས་མི་རེ་རེའི་ལག་གཡས་ཀྱིས་གྲུ་གུ་ཐང་ལ་བརྒྱབ་སྟེ་གནམ་ལ་ལྡིང་དུ་འཇུག་པ་དང་མཉམ་དུ་གནམ་ལ་ལྡིང་བཞིན་པའི་གྲུ་གུ་དེ་ལག་པས་འཛིན་ཞོར་དུ་ཕུང་བོ་གཡས་ནས་གཡོན་ལ་འཁོར་ནས་ཐང་ལ་ཅི་ཙམ་རྒྱག་ཐུབ་པ་འགྲན་པ་རེད། འགྲན་ཐེངས་གཅིག་ཚར་རྗེས་རྒྱལ་ཁ་ཐོབ་པའི་ཕྱོགས་དེ་གོང་དུ་བསྡད་ནས་རྒྱང་ཡོང་བའི་གྲུ་གུ་དེ་བར་སྣང་ནས་ལག་པས་འཛིན་དགོས་ལ། འཛིན་ཐུབ་ཚེ་འགྲན་ཐེངས་དེ་མཇུག་རྫོགས་པ་རེད།

 

བཞི། ཐེ་བོ་རྩི་སྲོལ།

 

ཡུལ་སྐད་དུ་ཐེ་བོ་ཞེས་པ་ནི་ར་ཕག་གི་སྤུ་རྩུབ་པོ་དང་བྱ་སྤུ་བཅས་སོ་སོར་རིང་ཐུང་ལ་སོར་བཞི་ནས་ལྔ་དང་མང་ཉུང་ལ་སྤར་བ་གང་དེ་བཞིར་བགོས་ནས་དོང་ཙེའི་ཁུང་བུའི་ནང་བཅུག་སྟེ་དེའི་བར་ལ་ཤིང་སྐྱེས་པ་ཕྲ་མོ་ཞིག་བརྡབས་ཏེ་སྲ་མོ་བྱས་ནས་གྲུབ་པ་ཞིག་ཡིན། དགུན་ཐོག་དང་ལོ་སར་གྱི་སྐབས་སུ་གསར་བུ་གསར་མོ་རྣམས་ཀྱིས་སྡེ་བའི་རུ་བར་དང་གཡུལ་ཁ་ནས་རྩི་རེས་བྱེད་པ་རེད། རྩི་རེས་བྱེད་དུས་གསར་བུ་འགའ་ཕྱོགས་གཅིག་དང་གསར་མོ་འགའ་ཕྱོགས་གཅིག་བྱས་ཏེ་གསར་བུ་ཚོས་ཐེ་བོ་དེ་རྐང་གཡས་ཀྱི་ནང་ངོས་ནས་རྩེད་པ་དང་། གསར་མོ་ཚོས་ཐེ་བོ་དེ་རྐང་གཡས་ཕྱི་ངོས་ནས་རྩེད་པ་རེད། རྩེད་ཐེངས་གཅིག་ལ་གྲངས་ཀ་མང་བའི་ཕྱོགས་ཏེ་རྒྱལ་བ་ཡིན་པས། རྒྱལ་བའི་ཕྱོགས་དེ་གོང་དུ་བསྡད་ནས་གཡས་རྐང་གིས་ཐེ་བོ་ཐག་རིང་ལ་བརྒྱངས་པ་དང་། ཕམ་པའི་ཕྱོགས་དེ་ཞོལ་ནས་བསྡད་དེ་བརྒྱངས་ཡོང་བའི་ཐེ་བོ་དེ་ལག་པ་དང་ཡང་ན་གྱོན་པའི་ཐུ་བ་ནས་འཛིན་དགོས་པ་དང་འཛིན་ཐུབ་ཚེ་ད་གཟོད་འགྲན་ཐེངས་དེ་མཇུག་རྫོགས་པ་རེད།

 

ལྔ། དོང་ཙེ་འཕེན་སྲོལ།

 

ལོ་ཆུང་བྱིས་པ་རྣམས་ཀྱིས་དགུན་དཔྱིད་ཀྱི་དུས་སུ་སྡེ་བའི་རུ་བར་གྱི་རྡོ་ལེབ་དང་རྡོ་གཡམ་གྱི་ཐོག་ཏུ་དོང་ཙེ་འགྲན་རེས་བྱེད་ཅིང་། དོང་ཙེའི་དཀྱིལ་དུ་ཁུང་བུ་ཆུང་ཆུང་ཞིག་ཡོད་ལ། དོང་ཙེ་ཕྱི་ནང་གི་རི་མོ་མི་འདྲ་བའི་ཁྱད་པར་གསལ་བོ་ཡིན། ཐེངས་གཅིག་གི་འགྲན་རེས་ནང་མི་གསུམ་ནས་བཞི་ཞུགས་པ་དང་མི་རེ་ནས་དོང་ཙེ་གཅིག་རེ་སྟེར་དགོས་ལ། དེ་ཚང་མ་མི་རེ་རེའི་སྔ་གཞུག་བྱས་ནས་རང་གི་ལག་མཐིལ་ལ་བླངས་རྗེས་རྡོ་ལེབ་ཐོག་ཏུ་འཕེན་པ་དང་། དོང་ཙེའི་ནང་ཕྱོགས་ཀྱི་ཁ་ཡར་འཁོར་ཡོད་པ་ཚང་མ་མི་དེར་ཐོབ་པ་རེད། དེ་ལྟར་འཕེན་རེས་ཐེངས་འགའ་བྱས་རྗེས་མི་ལ་ལར་དོང་ཙེ་བཅུ་ཁ་ཉི་ཤུ་ཐོབ་ཐུབ་པ་རེད།

 

དྲུག སྟར་ཀ་རྒྱག་སྲོལ།

 

ལོ་སར་གྱི་སྐབས་སུ་གསར་བུ་རྣམས་ཀྱིས་སྡེ་བའི་གཡུལ་ཁའི་ནང་དུ་སྐོར་དང་སྐོར་བྱས་ནས་སྟར་ཀ་རྒྱག་རེས་བྱེད་པ་རེད། རྒྱག་ཐེངས་གཅིག་གི་ནང་མི་ལྔ་དྲུག་ཙམ་ཞུགས་པ་དང་། མི་རེ་ནས་སྟར་ཀ་གཅིག་རེ་ཐང་དུ་གཤར་ཁ་འཐེན་ནས་བརྩེངས་ཤིང་། བར་ཐག་གི་རིང་ཐུང་ལ་སྨི་བརྒྱད་ནས་བཅུ་ཙམ་ཡོད། རྒྱག་རེས་མགོ་བརྩམས་རྗེས་གསར་བུ་དེ་དག་གིས་གཅིག་འཕྲོར་གཅིག་མཐུད་ནས་གོམ་པ་གསུམ་སྔོན་དུ་སྤོར་ཞོར་ལག་ཏུ་བཟུང་བའི་སྟར་ཀ་དེས་ཐང་དུ་བརྩེངས་པའི་སྟར་ཀ་ལ་རྒྱག་པ་དང་། སུས་བརྒྱབ་ནས་སྟར་ཀ་ལ་ཕོག་ཚེ་སྟར་ཀ་དེ་མི་དེར་ཐོབ་པ་རེད།

 

བདུན། རྣམ་གྲངས་འགྲན་སྲོལ།

 

དབྱར་དུས་སུ་ན་ཆུང་གཞོན་ནུ་རྣམས་ཀྱིས་ཟོག་ལུག་འཚོ་སའི་རྩྭ་ས་དང་ཞིང་ཚིགས་བར་ནས་རྩྭ་འཐུ་སྐབས་སྐྱེ་དངོས་ཀྱི་རྣམ་གྲངས་འགྲན་པ་རེད། དུས་ཚོད་ངེས་ཅན་ཞིག་གི་ནང་སྐྱེ་དངོས་སྣ་ཚོགས་མཚོན་བྱེད་དུ་རྩྭ་དང་མེ་ཏོག་སྣ་ཚོགས་ཀྱི་སྣེ་མོ་བཅད་དེ་སྤར་བ་གང་རེ་བཏུས་ཡོང་ནས་མཉམ་གཅིག་ཏུ་རེ་རེ་བཞིན་གཏུགས་ཏེ་རྣམ་གྲངས་དང་མང་ཉུང་འགྲན་པ་རེད། དེ་ལ་སུ་རྒྱལ་ཕམ་ལ་བལྟ་བའི་དོན་མེད་ལ། གཙོ་བོ་བློ་རིག་འགྲན་པའོ།།

 

བརྒྱད། ཆ་རྡེའུ་འགྲན་སྲོལ།

 

བུ་མོ་ཆུང་ཆུང་དང་དར་མ་རྣམས་ཀྱིས་རྡེའུ་ནག་པོའམ་དཀར་པོ་ལྔ་སྟེ་ཆ་རྡེའུ་ཞེས་པ་འགྲན་རེས་བྱེད་ལ། ཆ་རྡེའུ་འགྲན་རེས་བྱེད་དུས་མི་གཉིས་སམ་གང་རུང་གིས་སྔ་ཕྱིར་བྱས་ནས་ཆ་རྡེའུ་ལྔ་བོ་དེ་རེ་རེ་བྱས་ཏེ་ཐང་ནས་རང་གི་ལག་མཐིལ་ལ་ལེན་པ་དང་། དེ་ནས་སྔ་གཞུག་ཏུ་མཛུབ་མོའི་བར་ནས་ཐང་ལ་འཕེན་པ། ཡང་བསྐྱར་ཐང་ནས་གཅིག་རེ་གཅིག་རེ་ལག་མཐིལ་ལ་བླངས་ནས་ལག་རྒྱབ་ལ་འཇོག་པ་སོགས་འགྲན་ཚུལ་རིགས་བཅུ་ཙམ་ཡོད་པ་དེ་འགྲན་ཐེངས་གཅིག་ཀྱང་མ་འཆུག་མ་ནོར་བར་རྩེད་ཨེ་ཐུབ་འགྲན་པ་རེད། ཆ་རྡེའུ་འགྲན་ཚུལ་རིགས་བཅུ་ཡོད་པ་དེར་ཁེར་ལེན་དང་གཉིས་ལེན། གསུམ་ལེན་དང་སྤར་བཅིངས།མགོར་ལེན་དང་རྟུག་གཏོང་སོགས་མིང་གི་རྣམས་གྲངས་མི་འདྲ་བ་མང་ངོ་།། ཡང་གཅིག་བཤད་ན། ཁེར་ལེན་ཟེར་བ་ནི་ལག་པས་བླངས་ཏེ་མཛུབ་མོའི་བར་ནས་རྡེའུ་རེ་རེ་བྱས་ནས་ཐང་ལ་འཕེན་པ་དེར་ཟེར། གཉིས་ལེན་ནི་གཉིས་རེ་ཐང་ལ་འཕེན་པ་དང་། གསུམ་ལེན་ནི་རྡེའུ་གསུམ་རེ་འཕེན་པ་ནས་སྤར་བའི་ནང་ལེན་ཞོར་དུ་རྡེའུ་གཅིག་བར་སྣང་ལ་འཕེན་པ་དེར་ཟེར། མགོར་ལེན་ནི་རྡེའུ་ལྔ་བོ་ཚང་མ་ལག་རྒྱབ་ལ་ལེན་པ་དེར་ཟེར། རྟུག་གཏོང་ཞེས་པ་ནི་བྱ་ཡིས་རྟུག་པ་གཏོང་བ་ལྟར་མཛུབ་མོའི་བར་ནས་རྡེའུ་གཅིག་རེ་གཅིག་རེ་ཐང་ལ་འཕེན་པ་དེར་ཟེར། འདི་ནི་གཙོ་བོ་སྔ་གཞུག་མི་འཆུག་པ་དང་ལག་མྱུར་མིན་འགྲན་པ་རེད།

About རྩོམ་སྒྲིག་པ།