མདོ་སྨད་སྐབས་བཅུ་དྲུག་པའི་དམིགས་བསལ་ཚོགས་ཀྱི་གྲོས་ཆོད་ཁག

༄༅།། བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅུ་དྲུག་པའི་དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་གྲོས་ཆོད་ཁག

གྲོས་གཞི་དང་པོ།  ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་ལྔར་ཕེབས་སྐབས་བརྟན་བཞུགས་བསྟར་འབུལ་ཞུ་ཐབས།

གྲོས་གཞི་དང་པོའི་གྲོས་ཆོད།

༡༽ ༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༤ དང་བོད་ལུགས་ ༨༥ ལོར་༸དགུང་གེགས་ལ་ཁེལ་བཞིན་ཡོད་པས་༸མགོན་པོ་མཆོག་ཚུལ་བསྟན་༸དགུང་གེགས་ཀྱི་མཚན་མ་ཕྲ་མོ་ཙམ་ཡང་མི་བཞེས་པར་བསྟན་འགྲོ་སྤྱི་དང།

བྱེ་བྲག་བོད་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་༸ཞབས་པད་བསྐལ་པ་ཁྲི་ཕྲག་ཏུ་བརྟན་ཅིང། རླབས་ཆེན་ཐུགས་བཞེད་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་སླད། བརྟན་བཞུགས་བསྟར་འབུལ་གྱིས་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ།  སྤྱི་མོས།

༢༽ བརྟན་བཞུགས་ཕུལ་སྟངས་དེ་ཆོལ་ཁ་གཞན་གཉིས་ཀྱི་འབྲེལ་ཡོད་ལས་སྣེ་ཁག་ལ་བརྡ་ལན་འཕྲོད་ངེས་ཀྱིས་གྲོས་མོལ་བྱས་ཏེ་མོས་མཐུན་བྱུང་ན་བོད་ཆོལ་ཁ་གསུམ་ཐུན་མོང་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་ཐོག་ནས་བརྟན་བཞུགས་འབུལ་རྒྱུ། དེ་ལྟར་མ་བྱུང་ཚེ་མདོ་སྨད་རང་ངོས་ནས་གཞིས་བྱེས་མདོ་སྨད་པ་ཡོངས་ཀྱི་ངོ་ཚབ་མཚོན་པའི་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུ་རྒྱུ། ཚད་མཐོའི་མང་མོས།

༣༽ སྤྱི་ལོ་༡༩༦༠ལོར་གནས་མཆོག་རྡོ་རྗེ་གདན་ནས་མནའ་གན་མཐུ་མོ་ཆེ་བཞག་པ་དྲན་གསོའམ་ཡང་ན་མི་རབས་གསར་བ་ཚོས་བསྐྱར་དུ་ཆོལ་གསུམ་གཅིག་སྒྲིལ་གྱི་མནའ་གན་མཐུ་མོ་ཆེ་འཇོག་རྒྱུ།སྤྱི་མོས།

༤ ༸གོང་ས་མཆོག་གིི་དགོངས་གཞི་ཁག་སྤྱི་ཚོགས་ནང་ལ་གོ་རྟོགས་ཡོང་ཆེད་༸གོང་ས་མཆོག་གི་དགོངས་གཞི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དང་།ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་སོགས་ཀྱི་བརྗོད་གཞིའི་སྟེང་རྩོམ་ཡིག་འགྲན་བསྡུར་གཞི་རྒྱ་ཆེ་བ་ཅིག་གོ་སྒྲིག་ཞུ་རྒྱུ།སྤྱི་མོས།

༥༽ ༸གོང་ས་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་གྱི་དགོས་དམིགས་དང་སྔ་ཕྱིའི་བྱུང་རིམ་སོགས་སྤྱི་ཚོགས་ཁྲོད་གོ་རྟོགས་སྤེལ་རྒྱུ།སྤྱི་མོས།

གྲོས་གཞི་གཉིས་པ།༽ ༧སྐུའི་གཅེན་པོ་སྐུ་ངོ་རྒྱལ་ལོ་དོན་འགྲུབ་མཆོག་དགུང་གྲངས་དགུ་བཅུར་ཕེགས་པའི་འཁྲུངས་ཚེས་སྲུང་རྩི་བྱ་ཐབས།

གྲོས་གཞི་གཉིས་པའི་གྲོས་ཆོད།

༡༽ དཀའ་ཚེགས་དང་རྙོག་འཛིངས་ཆེ་བའི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་སྐུ་ངོ་རྒྱལ་ལོ་དོན་འགྲུབ་མཆོག་གིས་སྐུ་ཚེ་ཧྲིལ་བོར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་སྐུ་ངལ་ལ་མ་འཛེམས་པར་བློས་བཏང་གནང་ནས་མཛད་རྗེས་རླབས་ཆེན་བཞག་པར་མདོ་སྨད་རྒྱ་ཆེའི་མི་མང་གིས་ངོས་འཛིན་དང་བཀའ་དྲིན་མཚོན་ཆེད་དུ་སྐུ་ངོ་མཆོག་ལ་གཟེངས་རྟགས་ཞིག་འབུལ་ལམ་ཞུ་རྒྱུ།

༢༽ སྐུའི་གཅེན་པོ་སྐུ་ངོ་རྒྱལ་ལོ་དོན་འགྲུབ་མཆོག་དགུང་གྲངས་དགུ་བཅུར་ཕེགས་པའི་འཁྲུངས་ཚེས་སྲུང་རྩིའི་སྐབས་ (༸སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་རིགས་གཅེས་དཔའ་བོའི་གཟེངས་རྟགས་) ཞེས་པ་ལྟ་བུའི་སྐུ་ངོའི་མཚན་ཐོག་ནས་གཟེངས་རྟགས་ཤིག་སྐུ་ཚེ་གང་བོར་བོད་མི་རིགས་བསྟན་སྲིད་ཀྱི་ཆེད་དུ་ཕུལ་བའི་མཛད་རྗེས་གཟེངས་ཐོན་ཅན་གྱི་མི་སྣ་འདེམས་སྒྲིག་གིས་ལོ་དྲུག་རེའི་མཚམས་སུ་འབུལ་རྒྱུ། སྤྱི་མོས།

༣༽ ༸སྐུའི་གཅེན་པོ་ཁྲི་ཟུར་སྐུ་ངོ་རྒྱལ་ལོ་དོན་འགྲུབ་མཆོག་གི་སྐུ་གཟུགས་དང་། འཕྲོད་བཞེས་ཀྱི་གནས་སྟངས་ལ་བལྟས་ནས་ཞབས་ཕྱི་ཞུ་དགོས་གང་ཡོད་མདོ་སྨོད་དབུས་རྒྱུན་ངོས་ནས་གང་ཡོང་ཞུ་རྒྱུ། སྤྱི་མོས།

༤༽ ༸སྐུའི་གཅེན་པོ་ཁྲི་ཟུར་སྐུ་ངོ་རྒྱལ་ལོ་དོན་འགྲུབ་མཆོག་གི་བཀའ་སློབ་ཕྱོགས་སྒྲིག་ཞུ་རྒྱུ། སྤྱི་མོས།

གྲོས་གཞི་གསུམ་པ།༽  ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་སྐུར་འདེབས་དང་གཞི་མེད་ཟུར་ཟ་བྱེད་མཁན་སྤྱི་དང་ལྷག་པར་དུ་མདོ་སྨད་ཆོལ་ཁོངས་ནས་རེ་ཟུང་བྱུང་དང་འབྱུང་བཞིན་པ་དང་འབྱུང་འགྱུར་ལ་གདོང་ལེན་བྱེད་ཕྱོགས།

གྲོས་གཞི་གསུམ་པའི་གྲོས་ཆོད།

༡༽ དོལ་རྒྱལ་རྗེས་འབྲང་པ་རྣམས་ཀྱིས་༸གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་རིགས་འདྲ་མིན་ཅིག་བྱེད་བཞིན་པ་འདི་རིགས་ནི་དངུལ་དངོས་ཀྱི་ཁེ་ཕན་ཁོ་ནའི་བསླུ་བྲིད་འོག་བོད་མི་ནང་ཁུལ་དཀྲུག་ཤིང་བྱེད་བཞིན་ཡོད་པ་ཙམ་ལས། གཞན་ཆོས་དད་རང་དབང་ཡོད་མེད་ཀྱི་གནད་དོན་སོགས་དང་འབྲེལ་བ་སྤུ་ཙམ་མེད་པ་མདོ་སྨད་ཚོགས་ཆེན་རིམ་པས་སྟེང་གྲོས་ཆོད་བཞག་པའི་འབྲུ་དོན་རྣམས་ཐུགས་སྣང་ཆེན་པོས་བསྐྱར་བསྣན་མཇུག་སྐྱོང་མུ་མཐུད་བྱ་རྒྱུ། སྤྱི་མོས།

༢༽ ལོ་ངོ་འདི་དག་གི་རིང་ལ་༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཆིབས་བསྒྱུར་གནང་སྐབས་དོལ་རྒྱལ་རྗེས་འབྲང་པས་སྤེལ་བའི་བྱ་ངན་དེ་དག་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོའི་སེམས་ལ་བཟོད་ཐབས་བྲལ་བ་ཞིག་དང་། ཧ་ཅང་གི་ཉེན་ཁ་ཅན་ཞིག་ཏུ་ངོས་འཛིན་གྱིས་རྒྱ་གར་དབུས་སའི་གཞུང་དང་། བདེ་སྲུང་ལས་ཁུངས། ས་གནས་སོ་སོའི་བོད་མིའི་སྒྲིག་འཛུགས། དེ་བཞིན་ཕྱིའི་ཡུལ་གྲུ་གང་སར་ཆིབས་བསྒྱུར་བཀའ་དྲིན་སྐྱོང་སྐབས་སྐུ་ཚབ་དོན་གཅོད་སོགས་འབྲེལ་ཆགས་སོ་སོར་སྐུ་ཕྱྭའི་ཉེན་སྲུང་ཞུ་སྒོར་སྔར་ལས་ལྷག་པའི་དམ་གཟབ་བྱ་རྒྱུར་ཚོགས་ཆེན་འདི་ནས་འབོད་སྐུལ་ཞུ་རྒྱུ། སྤྱི་མོས།

༣༽ ༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཆིབས་བསྒྱུར་གནང་སྐབས་ཡུལ་དེར་གནས་སྡོད་མདོ་སྨད་པ་ཡོངས་ཀྱིས་དང་བླངས་ཐོག་ཕེབས་བསུ་དང་། སྐུའི་སྲུང་བྱ་གང་དགོས་ཟབ་ནན་གྱིས་བསྒྲུབ་དགོས་པའི་ལམ་སྟོན་བཀོད་ཁྱབ་སྐབས་ཕྲལ་སོ་སོར་མདོ་སྨད་དབུས་རྒྱུན་ལས་ཁང་ནས་གནང་རྒྱུ། སྤྱི་མོས།

༤༽ དོལ་ཚོགས་ཀྱི་དུས་ངེས་མེད་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་རྫུན་སྒྲིག་སྣ་ཚོགས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་པ་དེའི་དངོས་ཡོད་གང་ཡིན་ཁ་གསལ་གོ་བདེའི་གསལ་བཤད་ཡིག་རིགས་མང་པོའི་ནང་བཟོས་ནས་ས་གནས་རྒྱུན་ལས་དང་འབྲེལ་མཐུད་པ་སོ་སོ་བརྒྱུད་ཕྱི་ནང་མི་རིགས་ཚང་མར་ར་སྤྲོད་བྱས་ཏེ་ཁ་གཏད་གཅོག་དགོས། སྤྱི་མོས།

༥༽ དོལ་ཚོགས་ཀྱིས་དེང་སྐབས་ཧི་མ་ལའི་རི་རྒྱུད་ཀྱི་མི་མང་ནང་ལ་སློབ་ཡོན་སོགས་ཀྱིས་བསླུ་བྲིད་བྱས་ནས་ཁོ་རང་ཚོའི་རྒྱབ་སྐྱོར་པ་བསྐྱེད་སྲིང་བྱེད་བཞིན་ཡོད་པ་དེ་ཚོ་ལ་དངོས་ཡོད་གནས་ཚུལ་གསལ་བརྗོད་ཀྱིས་གདོང་ལེན་བྱེད་རྒྱུ། སྤྱི་མོས།

༦༽ ༧གོང་ས་མཆོག་ནི་བོད་མི་ཡོངས་ཀྱི་མགོན་སྐྱབས་དང་། བོད་མིའི་ངོ་བོ་དང་ཆིག་སྒྲིལ་གྱི་འབྱུང་རྩ་ཆགས་ཡོད་ཀྱང་། ཀླུ་མཁར་བྱམས་ཀྱིས་རྩོམ་ཡིག་སྔ་རྗེས་སྤེལ་བའི་ནང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་། གཞི་མེད་སྐྱོན་འཛུགས་ཇི་སྙེད་ཅིག་ཞུས་ཡོད་པ་དང་། ལྷག་པར་དུ་ཀླུ་མཁར་བྱམས་ཀྱིས་ད་ལོར་བྲིས་པའི་ལོ་ ༡༡༣ ལ་བཞུགས་དགོས་པའི་མི་དེ་ཁྱོད་ཡིན་ཟེར་བ་འདི་ཡོངས་གྲགས་སུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༡༡༣ བཞུགས་རྒྱུའི་སྐུ་ཚེ་ལ་དམོད་བཏབ་པ་ཞིག་ཏུ་ངོས་འཛིན་གྱིས་ཀླུ་མཁར་བྱམས་ཁོ་རང་གིས་ལམ་ནོར་ལྡོག་ཤེས་ཀྱིས་སྔར་བྱས་ལ་དགོངས་སེལ་དང་ཕྱིན་ཆད་དེ་ལྟར་མི་བྱེད་པའི་དམ་བཅའ་མ་བཞག་བར་དུ་མདོ་སྨད་ཆོལ་ཁའི་ཚོགས་ཆེན་འདི་བརྒྱུད་ནས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་གྱི་ཁྱབ་ཁོངས་མདོ་སྨད་པ་ཡོངས་ཀྱིས་ཁོ་དང་འབྲེལ་ཐག་གཙང་བཅད་དགོས་པའི་བཀོད་ཁྱབ་སྤེལ་རྒྱུ། སྤྱི་མོས།

༧༽ དེ་བཞིན་དུ་བོད་མིའི་ནང་ཁུལ་ནས་༸གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་བྱེད་མཁན་རྣམས་ལ་མདོ་སྨད་རྒྱ་ཆེའི་མི་མང་གི་ངོས་ནས་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་མཚམས་འཇོག་བྱེད་དགོས་པར་མ་ཟད་སྤྱི་ཚོགས་ནང་ལ་དེ་དོན་ཁ་གསལ་དོན་གསལ་བཟོ་དགོས། སྤྱི་མོས།

༨༽ ཚོགས་སྡེ་དང་མི་སྒེར། གསར་འགྱུར་དང་རྒྱུད་ལམ་ཁག་འདྲ་མིན་གྱིས་ཆབ་སྲིད་ཀྱི་སྡིངས་ཆ་འདྲ་མིན་བེད་སྤྱད་ནས་༸གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་དང་མཚན་སྨད་བྱེད་མཁན་དག་ལ་གོ་སྐབས་སྤྲོད་བཞིན་ཡོད་པ་དེ་རིགས་སྤྱི་ཚོགས་ཐོག་ཐེར་འདོན་བྱ་རྒྱུ་དང་། འབྱུང་འགྱུར་དེ་རིགས་མི་ཡོང་བའི་ཐབས་ཤེས་བྱ་རྒྱུ།  སྤྱི་མོས།

༩༽ སློབ་གྲྭ་ཁག་གི་གཙོས་གཞི་རིམ་གྱི་མང་ཚོགས་ནང་གི་གཞོན་སྐྱེས་ཁྲོད་ལོག་ལམ་དུ་འགྲོ་བཞིན་པ་ཡོད་མེད་ཞིབ་འཇུག་བྱ་རྒྱུ་དང་། གལ་སྲིད་དེ་རིགས་ཡོད་ན་ས་གནས་རང་ནས་འབྲེལ་ཡོད་བརྒྱུད་གོ་སྐོན་བློ་འགུག་བྱེད་རྒྱུ་དང་། ས་གནས་ནས་གྲུབ་འབྲས་མ་བྱུང་ན་དབུས་ལ་དེ་དོན་སྙན་གསན་ཞུས་ནས་དབུས་ནས་གོ་སྐོན་བློ་འགུག་གིས་ལེགས་ལམ་དུ་ཁྲིད་ཐབས་བྱ་རྒྱུ། སྤྱི་མོས།

༡༠༽ ཆབ་སྲིད་ཀྱི་འབོད་ཚིག་འདྲ་མིན་ཁ་ལ་ཁྱེར་ནས་༸གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་དང་མཚན་སྨད་བྱས་རིགས་ནམ་བྱུང་ལ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་རང་ཁོངས་ཤེས་ཡོན་པ་དག་ལ་འབོད་སྐུལ་བྱས་ཏེ་རྩོམ་ཡིག་གི་ལམ་ནས་གཞིས་བྱེས་གཉིས་ཀར་གསལ་བཤད་ཡོང་ཐབས་བྱ་རྒྱུ། སྤྱི་མོས།

གྲོས་གཞི་བཞི་བ ༽ ཁང་པ་གསར་རྒྱག་ཆེད་དཔལ་འབྱོར་འདུ་འགོད་བྱེད་ཕྱོགས།

གྲོས་གཞི་བཞི་བའི་གྲོས་ཆོད།

༡༽ དབུས་རྒྱུན་སྐབས་བཅུ་དྲུག་པའི་ངོས་ནས་སྤྱི་ཁང་གསར་རྒྱག་བྱ་འཆར་ཡོད་པར་ཚོགས་ཆེན་འདི་ནས་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་དང་། དེ་དང་འབྲེལ་བའི་ལས་དོན་ཁག་མདོ་སྨད་དབུས་རྒྱུན་ནས་ས་གནས་རྒྱུན་ལས་ཁག་ལ་བཀོད་ཁྱབ་གང་ཡོད་དུས་ལྟར་ལས་དོན་མཇུག་འཁྱོལ་ཡོང་ཐབས་ཅི་དགེ་གནང་རྒྱུ།  སྤྱི་མོས།

གྲོས་གཞི་ལྔ་བ།༽ དང་བླངས་དཔྱ་དངུལ་ལག་དེབ་སྐོར།

གྲོས་གཞི་བཞི་བའི་གྲོས་ཆོད།

དང་བླངས་དཔྱ་དངུལ་ལག་དེབ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པར་ངོས་འཛིན་ཡོད་པའི་རྣམ་པ་གསལ་པོར་ཐོན་ཆེད་དང་། རང་ཉིད་བོད་ཀྱི་ཡུལ་མི་ཡིན་པར་ཁྲིམས་མཐུན་གྱི་ངོས་འཛིན་ཐོབ་ཐབས། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡུན་གནས་ཐུབ་ཐབས་བཅས་ཀྱི་ཆེད་ཡིན་པ་ངོས་འཛིན་ཡོད་པའི་ཐོག རྒྱལ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་སོ་སོར་གནས་པའི་མདོ་སྨད་རྒྱ་ཆེའི་མི་མང་ཡོངས་ལ་སྐབས་བཅུ་དྲུག་པའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་འདི་བརྒྱུད་ནས་དཔྱ་དངུལ་ལག་དེབ་ཀྱི་དངུལ་བབ་ཆད་ལྷག་མེད་པར་འབུལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང་། ས་གནས་སོ་སོའི་མི་མང་ནང་དེ་དང་འབྲེལ་བའི་དཀའ་ངལ་ཡོད་རིགས་ས་གནས་རྒྱུན་ལས་སོ་སོས་གཙོ་འགན་ཁུར་བའི་ཐོག་དབུས་དང་མཉམ་འབྲེལ་གྱིས་རོགས་ཕན་གང་ཡོང་གནང་རྒྱུ། སྤྱི་མོས།

དྲུག་པ ༽   སྤྱི་སྨན་བསམ་འཆར།

༡༽ མཐོ་རིམ་སློབ་གྲྭ་ཁག་ལ་སློབ་གཉེར་གནང་བཞིན་པའི་རང་ཁུངས་སློབ་མ་དག་གི་གནས་ཚུལ་རྒྱུས་ལོན་བྱས་ཏེ་དཀའ་ངལ་ཡོད་རིགས་ལ་དུས་ལྟར་རོགས་སྐྱོར་གནང་ཐབས་བྱ་རྒྱུ། སྤྱི་མོས།

༢༽ ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེའི་གནས་སྟངས་གང་ཆགས་རྒྱུ་ལོན་དང་། ཁོང་གི་ནང་མིར་རོགས་སྐྱོར་གང་དགོས་མདོ་སྨད་དབུས་རྒྱུན་ལས་ཁང་ནས་འགན་ཁུར་རྐང་ལེན་ཞུ་རྒྱུ། སྤྱི་མོས།

༣༽ རང་ཁོངས་མདོ་སྨད་མི་མང་ནང་ཕྲུ་གུ་བཞི་པ་སྐྱེ་མཁན་སུ་ཡོད་ལ་ཕྲུ་གུའི་སློབ་སྦྱོང་མ་ཐོན་བར་དུ་སློབ་ཡོན་ཆ་ཚང་མདོ་སྨད་པ་སྤྱི་སྒེར་གང་རུང་ངོས་ནས་འབུལ་ཐབས་གནང་རྒྱུ། སྤྱི་མོས།

༤༽ ཆོལ་གསུམ་ཆིག་སྒྲིལ་ཚོགས་པ་དང་ལྷན་གྲོས་བསྡུར་བརྒྱུད་སྔར་མུས་རྒྱུན་འཁྱོངས་ཡོངས་ཐབས་དང་།  དེ་ལྟར་མ་བྱུང་ཚེ་ཆོལ་གསུམ་ཆིག་སྒྲིལ་ཚོགས་པ་སྒོ་རྒྱག་དགོས། སྤྱི་མོས།

ཕྱི་ལོ་ ༢༠༡༧ ཟླ་ ༠༩ ཚེས་ ༡༨ ཉིན་སྐབས་བཅུ་དྲུག་པའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་ནས་གཏན་འབེབ་ཞུས།

About ལས་འབྱེད།