མཚོ་ལྷོ་ཁུལ་ངོ་སྤྲོད།

དེ་ཡང་མདོ་སྨད་ཡུལ་གྱི་ཡ་གྱལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི། སའི་གོ་ལའི་བྱང་གི་འཕྲེད་ཚད་ ༣༤་༣༨°ནས་༣༧°༡༠་ ཡི་མཚམས་དང་། ཤར་གྱི་གཞུང་ཚད་༩༨°༥༥་ནས་༡༠༡°༥༠་ཡི་མཚམས་ན་ཡོད།

ངག་རྒྱུན་ལྟར་ན། ཤེལ་དཀར་གྱི་མཆོད་རྟེན་བཞེངས་འདྲ་བོ། །ཨ་མྱེས་ཀྱི་རྨ་ཆེན་གངས་རི་རེད། །གནམ་སྔོན་པོ་ཐང་ལ་ལྷུང་འདྲ་བོ། །མཚོ་སྔོན་པོ་ཁྲི་ཤོར་རྒྱལ་མོ་རེད། །གནམ་དགུ་ཚིགས་ས་ལ་བབས་འདྲ་བོ། །ཆུ་རྨ་ཆུ་དལ་བ་རིང་མོ་རེད། །ཚོན་སྣ་ལྔས་རི་མོ་བྲིས་འདྲ་བོ། །མཛེས་ཡིད་འཕྲོག་འབྲོག་པའི་རྩྭ་ཐང་རེད། །གསེར་སེར་པོའི་རྦ་རླབས་འཕྱུར་འདྲ་བོ། །སྐྱིད་རོང་བའི་ལོ་ཡག་སྙེ་མ་རེད། །ཅེས་རི་ཆུའི་རིག་གནས་ཡོད་པའི་བཤད་པ་སྣ་ཚོགས་ཡོད་པ་མ་ཟད། ད་དུང་། སྐྱིད་ཕ་ཡུལ་མཛེས་སྡུག་མཚོ་ལྷོ་འདི། །བཟང་ཡ་རབས་ལས་ལ་གོམས་ས་ཡིན། །བྱམས་སྙིང་རྗེའི་མེ་ཏོག་འཁྲུངས་ས་ཡིན། །ལས་རྒྱུ་འབྲས་རྒྱ་མ་དྲང་ས་ཡིན། །ཤྭ་རྐྱང་འབྲོང་གསུམ་རི་དྭགས་ཀྱི་འཇིག་རྟེན་ཡིན། །རྟ་ནོར་ལུག་གསུམ་ཕྱུགས་རིགས་ཀྱི་ཕ་ཡུལ་ཡིན། །གྲོ་ནས་སྲན་གསུམ་འབྲུ་རིགས་ཀྱི་ཕ་ས་ཡིན། །གསེར་དངུལ་ཟངས་གསུམ་གྱི་གཏེར་རིགས་ཀྱི་བང་མཛོད་ཡིན། །གླུ་གར་བྲོ་གསུམ་རྩེད་རིགས་ཀྱི་རྒྱ་མཚོ་ཡིན། །ཤྭ་རྭ་དོམ་མཁྲིས་གླ་རྩི་སྨན་གྱི་འབྱུང་ཁུངས་ཡིན། །གསོམ་དཀར་ཤུག་པ་ཙན་དན་ནགས་ཀྱི་ས་ཆ་ཡིན། །རྨ་ཆུ་འབའ་ཆུ་ཧང་ཆུ་ཆུ་གསུམ་འབབ་ས་ཡིན། ལྷ་མཚོ་གཉན་མཚོ་ཀླུ་མཚོ་མཚོ་གསུམ་འཁྱིལ་ས་ཡིན། །རྟ་འདོ་བར་གོམ་ལག་འཛོམས་ས་ཡིན། །མཛོ་ཁྱུང་དཀར་རྭ་ཁ་གོར་ས་ཡིན། །འབྲི་ཐུལ་མའི་ནུ་ཁ་ཡངས་ས་ཡིན། །ལུག་འཚེར་མོའི་བལ་ཁ་འཇམ་ས་ཡིན། །མེ་ཏོག་གི་མཆོད་པ་མཛེས་ས་ཡིན། །སིལ་ཏོག་གི་འབྲས་བུ་སྨིན་ས་ཡིན། །རྨ་སྔོན་མོས་དཀྲིས་གསུམ་རྒྱག་ས་ཡིན། །སྐྱིད་སྐལ་བཟང་ལོ་ཡག་འཁྲུངས་ས་ཡིན། རྒན་ལོ་ལོན་ཚེ་ཐག་རིང་ས་ཡིན། །ཆུང་བྱིས་པའི་འདབ་ལབ་རྒྱས་ས་ཡིན། །ཞེས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་བར་འཆམ་ཞིང་མཐུན་པའི་ཁྱད་ཆོས་ཅན་གྱི་ཡུལ་གྲུ་ཁྱད་པར་ཅན་ཞིག་ཡིན་པས། ཕྱོགས་བཞིའི་སྐུ་མགྲོན་ཁྲི་སྟོང་མང་པོ་རྐང་དྲུག་བུང་བ་སྦྲང་རྩིར་སྲེད་པ་བཞིན་མ་བོས་རང་ཤུགས་སུ་འདུས་དང་འདུ་བཞིན་ཡོད་པ་ལགས།

 

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༤༤༥༤༦ལྷག་ཡོད་པ་དང་། མི་གྲངས་ཁྲི་༤༠ ལྷག་ཅིག་ཡོད་པ་ལས་བོད་རིགས་མི་གྲངས་ཁྲི་༣༠ལྷག་ཡོད། ས་ཆའི་དབྱིབས་ཚུགས་ནི་ལྷོ་ནུབ་མཐོ་ཞིང་བྱང་ཤར་དམའ། ཆེས་མཐོ་ས་ནི་ཨ་མ་ཟོ་དགུའི་རྫ་སྒང་ཡིན་ལ་མཐོ་ཚད་མཚོ་ངོས་ལས་སྨི༥༣༠༥ ཡོད། ཆེས་དམའ་ས་ནི་སུམ་པ་འགག་གི་སུམ་པ་ཆུ་བོ་རྨ་ཆུ་ལ་འདྲེས་མཚམས་དེ་ཡིན་ལ། མཐོ་ཚད་ལ་མཚོ་ངོས་ལས་སྨི༢༡༦༨ཡོད། གཡུ་འབྲུག་སྔོན་མོ་ས་ལ་རྒྱུ་འདྲའི་རྨ་ཆུ་དལ་བ་རིང་མོ་ནི། ཐུན་ཏེ་རྫོང་(འབའ་རྫོང་།)ནས་ཞིན་ཧེ་རྫོང་(བྲག་དཀར་རྫོང་།)དང་། དེ་ནས་ཀོས་ནན་རྫོང་།(མང་རྫོང་།)གུང་ཧོ་རྫོང་། (གསེར་ཆེན་རྫོང་།)ཁྲི་ཀ་རྫོང་བཅས་ཁུལ་འདིའི་རྫོང་ཁག་ལྔ་ཡི་ས་ལེ་བར་༤༡༡.༣བརྒྱུད་དེ་ཤར་ཕྱོགས་སུ་བཞུར་བཞིན་གདའོ། །

ཀོས་ནན་རྫོང་(མང་རྫོང་།)གི་རབ་འོག་མ་དང་། ཐུན་ཏེ་རྫོང་(འབའ་རྫོང་།)གི་རྫོང་རུ། ཁྲི་ཀ་རྫོང་གི་གནའ་རྫས་གནས་ཡུལ་སོ་སོ་དང་། གུང་ཧོ་རྫོང་(གསེར་ཆེན་རྫོང་།)གི་སྒོ་མེ་འཁྱིལ་ཁུག་དང་ཆབ་འགག་སྐྱིང་དོང་སོགས་ཡུལ་ནས་སྔ་རྗེས་སུ་གནའ་རྫས་འབོར་ཆེན་གསར་དུ་ཐོན་རྙེད་བྱུང་བར་ཚན་རིག་གིས་དཔྱད་པ་བཏང་བ་ལྟར་ན། ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་འདུས་པ་ལས་འཕེལ་བའི་རང་ཅག་གངས་ཅན་བོད་པའི་རིགས་རྒྱུད་འདིས་མི་ལོ་ཁྲི་ཕྲག་གཅིག་གི་སྔ་རོལ་ནས་ནས་བཟུང་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་དུ་ཞིང་ཕྱུགས་བཟོ་གསུམ་གྱི་ལས་ལ་བརྟེན་ནས་འཚོ་སྡོད་བྱས་པ་ཤེས་ཐུབ་པས། མཛེས་སྡུག་གི་གནས་མཆོག་འདི་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཧ་ཅང་རིང་ཞིང་། མི་རྣམས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་དང་། གཞུང་རྒྱུད་དྲང་ཞིང་ངང་རྒྱུད་འཇམ་ལ། ཕྱི་སྡོད་ཀྱི་བཀོད་པ་མཛེས་ཤིང་ནང་བཅུད་ཀྱི་སེམས་ཅན་མ་ལུས་འཆམ་ཞིང་མཐུན་པ་དང་། བདེ་ཞིང་སྐྱིད་པའི་ཡུལ་གྲུ་ཞིག་ཡིན་སྟབས། ་ལྟར་མིག་མཐོང་ལག་ཟིན་དུ་ཡོད་པའི་རི་ཆུའི་རིག་གནས་སྐོར་གྱི་རྟེན་རྫས་ཕུན་སུམ་ཚོགས་པ་ཞིག་ཤུལ་དུ་བཞག་ཡོད་པའོ། །

 

གང་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཆའི་ཆགས་ཚུལ་ནི། གཙོ་བོ་མདོ་སྨད་གཞི་བདག་ཡོངས་ཀྱི་རྒྱལ་པོར་འབོད་པའི་གངས་རི་ཨ་མྱེས་རྨ་ཆེན་དང་། ཨ་མྱེས་བྲག་དཀར། འབའ་སྟོད་ཀྱི་མཐོན་པོ་བཅུ་གསུམ་དང་འབའ་སྨད་ཀྱི་བློན་པོ་བཅུ་གསུམ། བློན་པོ་གསེར་ཆེན། ཨ་མ་ཟོ་དགུ། ཨ་མྱེས་རྒོད་རྩེ། ཨ་མྱེས་སྲིན་པོ་ལ་སོགས་གངས་རི་དང་གནས་རི་མཐོན་པོའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བ་དང་། བཏུལ་ཐང་གོང་ཞོལ་བར་གསུམ་དང་། མུ་གེ་ཐང་། གཡུ་བཟང་ཐང་། རྒོ་ཐང་། འབྲོང་ཐང་། རྔ་ཐང་། བྱ་ཐང་ལ་སོགས་ཁོད་རྒྱ་ཡངས་ཤིང་ཆེ་བའི་གཞོང་ཐང་ཆེན་པོ་དག་དང་། ད་དུང་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་། བེ་རུ་དུག་མཚོ། ལྷ་མཚོ། ཀླུ་མཚོ། ཡུན་དར་མཚོ། ཀུན་དགའ་མཚོ་སོགས་སྐར་ཚོགས་ཐང་ལ་ལྷུང་འདྲའི་མཚོ་མཚེའུ་དང་། རྨ་ཆུ། འབའ་ཆུ། ཧང་ཆུ། གསེར་ཆུ། འཇང་ཆུ། འབྲོང་ཆུ། རིག་སྨོན་ཆུ་སོགས་ཆབ་ཆུ་བོ་མང་པོ་དགུ་ཚིགས་ཀྱི་རི་མོ་ས་ལ་བྲིས་པ་དང་ཀུན་ནས་མཚུངས་ཏེ། གོང་གསལ་གྱི་གནས་རི་དང་། མཚོ་མཚེའུ། ཆབ་ཆུ་བོ་རེ་རེ་ལ་གནས་པའི་གཞི་བདག་མཐུ་རྩལ་ཅན་དང་། ཡིད་ཀྱི་དབང་པོ་འཕྲོག་པའི་ངག་རྒྱུན་སྙན་མོ། མགོ་ནག་སྐྱིད་སྡུག་གི་སྐྱབས་བཅོལ་བའི་གསོལ་མཆོད་དང་བསང་མཆོད་ལ་སོགས་རི་ཆུའི་རིག་གནས་ཕུན་སུམ་ཚོགས་པས་གྲུབ་པ་ཞིག་ཡིན་ནོ། །

 

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱོགས་བཞི་སྟེ། བྱང་ཕྱོགས་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་འབྲེལ་ཡོད། ནུབ་ཕྱོགས་ནི་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་དང་འབྲེལ་ཞིང་། ལྷོ་ཕྱོགས་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་འབྲེལ་ཡོད་ལ། ཤར་ཕྱོགས་ནི་མཚོ་ཤར་ས་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་འབྲེལ་ཡོད། མདོར་ན་ས་ཡི་དགེ་བཅུ་ཡོངས་སུ་འཛོམས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཡབ་མེས་གོང་མ་རྣམས་ཀྱིས་དུས་ཡུན་ཧ་ཅང་རིང་པོའི་ནང་དུ་རང་རང་གི་བློ་གྲོས་ལ་བརྟེན་ནས་རང་བྱུང་ཁམས་ཆེན་པོར་འཐབ་རྩོད་དང་ཞིང་ཕྱུགས་བཟོ་གསུམ་གྱི་ངལ་རྩོད་ཁྲོད་དུ་རིམ་བཞིན་ཡུལ་ལྷ་གཞི་བདག་ཧ་ཅང་མང་པོ་དང་འབྲེལ་བའི་རི་ཆུའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་གསར་སྐྲུན་དང་འཕེལ་རྒྱས་སུ་བཏང་ནས་དུས་ད་ལྟའི་བར་བརྒྱུད་ཡོང་བ་ཡིན་ནོ། །

About རྩོམ་སྒྲིག་པ།