མའོ་ཙེ་ཏུང་གི་དུས་སྐབས།

མའོ་ཙེ་ཏུང་(༡༨༩༣།༡༢།༢༦ནས་༡༩༧༦།༩།༩)ནི་རྒྱ་ནག་ཧུའུ་ནན་ཞིང་ཆེན་ཞང་ཐན་གྱི་མི་ཡིན་པ་དང་།རྒྱ་ནག་དམར་ཤོག་ཚོགས་པ་དང་།ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱེད་མཁན་གྱི་མགོ་ཁྲིད་གཙོ་བོའི་གྲས་ཡིན་ཞིང་།༡༩༢༡ནས་༡༩༢༧བར་དམར་ཤོག་ཚོགས་པ་གསར་འཛུགས་དང་འཕེལ་རྒྱས་ཀྱི་ཐོག་མའི་དུས་སྐབས་སུ་མཉམ་ཞུགས་བྱས་པ་མ་ཟད།བྱེད་ནུས་གལ་ཆེན་བཏོན་ཡོད།༡༩༢༧ནས་༡༩༤༩བར།རྒྱ་ནག་དམར་ཤོག་ཚོགས་པ་དང་དམར་དམག་རྒྱ་བསྐྱེད་དང་།མཐར་རྒྱ་ནག་སྐམ་ས་ཆེན་མོའི་སྲིད་དབང་འཕྲོག་ལེན་བྱེད་མཁན་མགོ་ཁྲིད་གཙོ་བོའི་གྲས་ཡིན།༡༩༤༩རྗེས།རྒྱ་ནག་དེ་སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་ཆེད།ཏང་ཕྱི་ནང་གི་ཁ་གཏད་ཚང་མ་ཚར་བཅད་དེ།ས་ཞིང་བཅོས་བསྒྱུར་དང་།གཡས་ལྷུང་ལ་ངོ་རྒོལ།ལོ་གསུམ་གྱི་མུ་གེ རིག་གནས་གསར་བརྗེ་སོགས་ཐད་ཀར་སྐུལ་སློང་དང་བཀོད་འདོམས་བྱེད་མཁན་ཡིན་པ་དང་།ལས་འགུལ་དེ་དག་གིས་རྒྱ་ནག་གི་མི་འབོར་ཕོན་ཆེན་དུས་མིན་འཆི་ལམ་དུ་བརྫངས་པ་མ་ཟད།གྲངས་ཉུངས་མི་རིགས་ཁག་དང་རྒྱ་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་ལ་ཚབས་ཆེའི་གཏོར་སྐྱོན་བཏང་ཡོད།མའོ་ཙེ་ཏུང་ནི་འཛམ་གླིང་གི་དབུ་ཁྲིད་འདས་པོའི་ཁྲོད་བཟང་ངན་གྱི་དཔྱད་གླེང་ཤུགས་རྐྱེན་གཏིང་ཟབ་འཇོག་མཁན་གྱི་མི་སྣ་ཞིག་ཀྱང་ཡིན།
རང་ལོ་བཅུ་བཞིའི་སྟེང་༡༩༠༧ལོ་དབྱི་ཞིའུ་ཟེར་བ་ཞིག་མནའ་མར་བསུས་ཀྱང་།ལོ་གསུམ་གྱི་རྗེས་སུ་བཤལ་ནད་ཀྱིས་གྲོངས་འདུག མའོ་རང་ཉིད་ཀྱིས་བུད་མེད་དེ་བཟའ་ཟླ་ཡིན་པའི་ཁས་ལེན་མི་བྱེད་ནའང་།གཉེན་ཚང་དེར་ཡང་ཡང་འཚམས་ཞུར་བསྐྱོད་ཡོད་ཚོད།༡༩༡༡ལོར་ཧུའུ་ནན་ཞིང་ཆེན་གྱི་ཧྲ་གྲོང་ཁྱེར་དུ་ཡོད་པའི་ཞང་ཤང་སློབ་འབྲིང་དུ་ཚུད་པ་དང་།༡༩༡༢ལོར་ཨང་དང་པོའི་རྒྱུགས་འབྲས་ཐོབ་སྟེ་ཞིང་ཆེན་གྱིས་བཙུགས་པའི་མཐོ་རིམ་སློབ་འབྲིང་དུ་ཞུགས།ལོ་རྗེས་མར་ཞིང་ཆེན་གྱིས་བཙུགས་པའི་དགེ་ཐོན་སློབ་གྲྭ་བཞི་བར་རྒྱུགས་འཕྲོད་པ་དང་།༡༩༡༨ལོར་སློབ་སྦྱོང་མཐར་ཕྱིན།
༡༩༡༩ལོར་ཞང་ཅང་དཔྱད་གླེང་ཟེར་བའི་དུས་དེབ་ཅིག་འགྲེམས་སྤེལ་བྱས་ཀྱང་།ཁུངས་མ་འཁྱོལ་བར་ལས་ཀ་ཤོར།༡༩༢༠ལོར་ཧྲང་ཧེ་རུ་བསྐྱོད་པའི་ལམ་བར་དུ་ཁྲིན་ཏུའུ་ཞིའུ་ངོ་ཤེས་པ་དང་།ཁྲིན་གྱིས་ཁོ་རང་གིས་རྩོམ་སྒྲིག་བྱེད་བཞིན་པའི་ན་གཞོན་གསར་པ་ཟེར་བའི་དུས་དེབ་འགྲེམས་འཚོང་གི་ལས་ཀ་ཞིག་སྤྲད།དུས་དེབ་དེ་བརྒྱུད་དམར་ཤོག་གི་ལྟ་གྲུབ་ལ་དོ་སྣང་བྱེད་མགོ་ཚུགས་ཤིང་།༡༩༢༡ཟླ༧ནང་།ཧུའུ་ནན་གུང་ཁྲན་རིང་ལུགས་སློབ་སྦྱོང་ཚོགས་ཆུང་གི་ཚབ་བྱས་ཏེ།ཧྲང་ཧེ་རུ་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོར་ཞུགས་པ་དང་།ཚོགས་འདུའི་ཚིག་ཐོ་འགོད་མཁན་གྱི་འགན་བླངས།ཚུར་འཁོར་རྗེས།ཧུའུ་ནན་དགེ་ཐོན་སློབ་གྲྭ་གསུམ་པ་རྟེན་གཞི་བྱས་ཏེ།ཟླ༡༠ཚེས༡༠ཉིན་ཧུའུ་ནན་དམར་ཤོག་ཚོགས་པའི་ཡན་ལག་ཁང་བཙུགས་པ་དང་།དེའི་ཧྲུའུ་ཅིའི་འགན་ཁུར།
༡༩༢༠ལོར་དབྱང་ཁའེ་ཧོས་དང་བཟའ་སྒྲིག་བྱས།༡༩༢༢ལོར་དམར་ཤོག་ཚོགས་ཆེན་ཐེངས་གཉིས་པར་ཞུགས་ཆེད་ཧྲང་ཧེ་རུ་བསྐྱོད་ཀྱང་།ཚོགས་འདུ་ཚུགས་ཡུལ་གར་ཡོད་མ་རྙེད་པར་ཚོགས་བཅར་བྱེད་ཐུབ་མེད།༡༩༢༦ཟླ་༦པར།ཀོང་ཀྲོའུ་རུ་འཚོགས་པའི་དམར་ཤོག་ཚོགས་ཆེན་ཐེངས་གསུམ་པའི་སྟེང་།དབུས་ལྷན་ཁང་གི་འཐུས་མི་ལྔའི་གྲས་སུ་ཚུད་པ་དང་།དེའི་དྲུང་ཡིག་ཀྱང་ཞོར་ལྕོགས་བྱས།༡༩༢༤ལོར་ཀོང་ཀྲོའུ་རུ་འཚོགས་པའི་རྒྱ་ནག་གོ་མིན་ཏང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་སྟེང་དབུས་རྗེས་སྣོན་ཨུ་ཡོན་དུ་བདམས།༡༩༢༦ལོར་གོ་མིན་ཏང་གི་ཚོགས་ཆེན་གཉིས་པའི་སྟེང་ཡང་བསྐྱར་རྗེས་སྣོན་ཨུ་ཡོན་དུ་བདམས།
༡༩༢༥ལོར།གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཞི་བ་ཧྲང་ཧེ་རུ་འཚོགས་སྐབས།མའོ་ཡི་དབུས་ལྷན་ཁང་གི་གོ་གནས་ཤོར།༡༩༢༥ཟླ་༡༠ནང་།རྒྱ་ནག་གོ་མིན་ཏང་དྲིལ་བསྒྲགས་ལས་ཁུངས་ཀྱི་འགན་འཛིན་ལས་ཚབ་ཏུ་བསྐོེས།༡༩༢༧ལོར་ཧུའུ་ནན་ཞིང་པའི་ལས་འགུལ་རྟོག་ཞིབ་སྙན་ཞུ་ཟེར་བའི་སྐད་གྲགས་ཅན་གྱི་རྩོམ་ཡིག་དེ་སྤེལ།
༡༩༢༧ཟླ༨ཚེས་༧ཉིན་ཧན་ཁོའུ་རུ་འཚོགས་པའི་དམར་ཤོག་ཚོགས་པའི་ཛ་དྲག་ཚོགས་འདུའི་སྟེང་།མའོ་ཡིས་མེ་མདའི་ཁ་ནས་སྲིད་དབང་ཐོབ་ཟེར་བའི་ལྟ་ཚུལ་ཐོག་མར་བསྟན་པ་དང་།དབུས་དམར་ཤོག་ཚོགས་པས་ཧུའུ་ནན་དུ་གྱེན་ལངས་ལས་འགུལ་སློང་བར་མངགས།ཟླ༩ནང་སྟོན་བསྡུའི་འོས་ལངས་བསླངས་ཏེ་ཁྲང་ཧྲ་གྲོང་ཁྱེར་འཛིན་རྒྱུའི་དམིགས་ཡུལ་ལམ་དུ་མ་སོང་བར།ཅིན་ཀང་ཧྲན་དུ་རྟེན་གཞི་བཙུགས།ཏང་གིས་མེ་མདའ་ལ་བཀོད་འདོམས་བྱེད་དགོས་པའི་རྩ་དོན་གཏན་ལ་ཕབ།༡༩༢༨ལོར་ནན་ཁྲང་འོས་ལངས་ཕམ་ནས་ཡོང་མཁན་ཀྲུའུ་ཏེ་སོགས་དང་མཉམ་འཛོམས་བྱུང་།

ལོ་དེའི་སྟོན་ཁར། ཡུན་ཤིན་རྫོང་གསར་བརྗེ་ཨུ་ལྷན་གྱི་ཀྲུའུ་ཞི་ཧོ་མིན་ཤའོ་ཡི་སྲིང་མོ་ཧོ་ཙི་ཀྲིན་དང་མཉམ་དུ་ཁྱིམ་ཐབ་བཟུང་།(དེ་དུས་དབྱང་ཁའེ་ཧོས་དང་བཟའ་ཚང་ཐོར་མེད།༡༩༣༠ལོར་གོ་མིང་ཏང་གིས་སྲོག་ཐོག་ཏུ་བཏང་།)
༡༩༣0ལོར།ལིན་པེའོ་ཡིས་དར་དམར་ག་དུས་བར་དུ་སྒྲེང་ཐུབ་བམ་ཟེར་བའི་ལན་དུ། “མེ་སྟག་གིས་སྤང་ལྗོངས་སྲེག་ཐུབ་ ”ཅེས་པའི་འཕྲིན་ལན་བཏང་བ་དང་། གྲོང་གསེབ་ཀྱིས་གྲོང་ཁྱེར་བསྐོར་བསྐྱིལ་བྱེད་དགོས་པའི་འཐབ་ཇུས་བཏོན། ཀྲུའུ་ཏེ་སྤྱི་ཁྱབ་བཀོད་འདོམས་པ་དང་། མའོ་ཆབ་སྲིད་ཨུ་ཡོན་བྱས་པའི་དམར་དམག་གིས། གོ་མིན་ཏང་གི་གཙོ་ཤུགས་དམག་དཔུང་གིས་བསྐོར་བསྐྱིལ་ཆེན་པོ་སྔ་རྗེས་ཐེངས་གསུམ་བྱས་པ་རེ་རེ་བཞིན་ཕར་བཟློག
༡༩༣༡ ཟླ་༡༡ པར། ཝན་ནན་ཚོགས་འདུའི་སྟེང་།ཀྲུང་དབྱང་ཅུས་ཀྱི་ཞང་དབྱིན་སོགས་ཀྱིས་མའོ་ལ་སྐྱོན་བརྗོད་བྱས་ཀྱང་།ཟླ་དེ་རང་དུ་འཚོགས་པའི་ཀྲུང་ཧྭ་སོ་ཝེཡཊ་ཐེངས་དང་པོའི་རྒྱལ་ཡོངས་ཚོགས་ཆེན་སྟེང་། དབུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་ཡོད།
༡༩༣༤ ཟླ་༡༠ ཚེས་༡༠ ཉིན། གོ་མིན་ཏང་གིས་གཏོར་རྒོལ་ཚབས་ཆེ་ཐེབས་པའི་དབུས་དམར་ཤོག་དང་དམར་དམག་གི་གཙོ་ཤུགས་དམག་དཔུང་བརྒྱད་ཁྲི་དྲུག་སྟོང་ལྷག་རོས་ཅིན་ནས་བྲོས་བྱོལ་འགྲོ་མགོ་ཚུགས་པ་དང༌། མའོ་ཡིས་དེ་ལ་རྒྱང་བསྐྱོད་ཅེས་མིང་བཏགས།
མའོ་དང་ཅང་ཆིན།
༡༩༣༥ ཟླ་༡ ཚེས་༡༥ ནས་༡༧ བར་ཚོགས་པའི་
ཙུང་དབྱི་ཚོགས་འདུའི་སྟེང་། ཀྲུང་དབྱང་ཆབ་སྲིད་རྒྱུས་ཀྱི་རྒྱུན་ལས་དང་། དམར་དམག་གི་མགོ་ཁྲིད་གསུམ་གྱི་གྲས་སུ་ཚུད་དེ། ཏང་དང་དམག་གི་དབང་ཆའི་རྩེ་མོར་སླེབས།
གོ་གུང་མཉམ་འབྲེལ་གྱིས་རི་འགོག་དམག་འཁྲུག་བྱེད་སྐབས། རང་ཁོངས་དམག་དཔུང་གིས་རི་ཁུལ་དུ་འཇབ་དམག་རྒྱག་དགོས་པའི་བཀོད་མངགས་བྱས་པ་དང༌། ༡༩༤༠ ལོར། གང་མགྱོགས་ཅི་མྱུར་གྱིས་གོ་རིམ་ཡོད་པ་དང་འཆར་གཞི་ལྡན་པའི་སྒོ་ནས། ང་ཚོས་ཚོད་འཛིན་བྱེད་ཐུབ་པའི་ས་ཁོངས་ཡོད་ཚད་ང་ཚོས་ལག་ཏུ་ལོན་ཐབས་བྱེད་དགོས་པ་དང༌། རང་ཚུགས་རང་བདག་གི་སྒོ་ནས་དམག་དཔུང་རྒྱ་བསྐྱེད་དང༌། སྲིད་དབང་འཛུགས་དགོས་པའི་ལམ་སྟོན་བྱས་སྟབས།ཉི་ཧོང་མགོ་འདོགས་བྱེད་སྐབས། དམར་དམག་གི་གྲངས་འབོར་དང་དཔུང་ཤུགས་ཐད་གོ་མིན་ཏང་ལ་ཐད་ཀར་གདོང་གཏུགས་ཀྱི་སྟོབས་ཤུགས་ལྡན་ཡོད།
༡༩༤༢ ལོའི་ཟླ་༢ པར། མའོ་ཡིས་ཡན་ཨན་དག་ཐེར་གྱི་ལས་འགུལ་སྤེལ་ཏེ། ཏང་ནང་གི་ལྟ་བ་མི་མཐུན་པ་
འཛིན་མཁན་རྣམས་ཕྱོགས་ཡོངས་ནས་མཐར་བསྐྲད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་འཛུགས་དང་བསམ་བློ་ཡོད་ཚད་མའོ་ཡི་དར་ཆའི་འོག་ཏུ་བཅུག
༡༩༤༥ ཟླ་༦ ཚེས་༡༩ ཉིན་ཚོགས་པའི་དམར་ཤོག་སྐབས་བདུན་པའི་ཚོགས་འདུ་དང་པོའི་སྟེང་། དབུས་
འཐུས་མི་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་། དབུས་ཆབ་སྲིད་ཅུས་ཀྱི་ཀྲུའུ་ཞི། དབུས་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་བཅས་སུ་བདམས་པ་དང༌། ཟླ་༡༠ ནང་ཁྲུང་ཆིན་དུ་གོ་གུང་མཉམ་འབྲེལ་གྱི་གྲོས་ཆིངས་ལ་མིང་རྟགས་བཀོད། ༡༩༤༨ ལོའི་ཟླ་༣ པར། ཧྲའན་ཞི་བྱང་རྒྱུད་ནས་རྨ་ཆུ་བརྒལ་ཏེ་རྒྱ་ནག་ནང་སར་སྙེགས། ༡༩༤༨ ལོ་མཇུག་ནས་༡༩༤༩ ལོ་མགོ་བར། གཡུལ་འཐབ་ཆེན་པོ་གསུམ་བརྒྱུད་གོ་མིན་ཏང་ཕམ་པར་བརྒྱབ། ༡༩༤༩ ལོར་གོ་མིན་ཏང་གིས་འབྲི་ཆུ་ལྷོ་བྱང་གཉིས་སུ་འཛིན་སྐྱོང་བགོ་བཤའ་རྒྱག་རྒྱུའི་རེ་འདུན་བཏོན་པ་ཁས་མ་བླངས་པར། འབྲི་ཆུ་ལྷོ་རྒྱུད་དུ་དཔུང་བཏེག
༡༩༤༩ ལོའི་ཟླ་༡༠ ཚེས་༡ ཚེས་༢༠ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དངོས་སུ་མགོ་ཚུགས་པའི་ཁྱབ་བསྒྲགས་བྱས་ཏེ། མའོ་ཙེ་ཏུང་གི་དུས་རབས་ཁ་ཕྱེས། །

སྲིད་གྲོས་ཚོགས་འདི་དང་པོ།
༡༩༤༩ལོའི་ཟླ་༩ཚེས༢༡ནས་ཚེས་༣༠བར།རྒྱ་ནག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་དང་པོའི་རྒྱས་འཛོམས་ཚོགས་ཆེན་ཅིན་དུ་བསྐོངས།མའོ་ཙེ་ཏུང་གིས་འགྲོ་བ་མིའི་སྤྱི་འབོར་གྱི་བཞི་ཆའི་གཅིག་ཟིན་པའི་རྒྱ་ནག་མི་དམངས་ད་ནས་བཟུང་ཡར་ལངས་ཟིན་པའི་ཁྱབ་བསྒྲགས་བྱས་ཟིན་པ་དང་།ཚོགས་ཐོག་ཏུ་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན་ཞེས་པ་འཕྲལ་སེལ་རྩ་ཁྲིམས་ཀྱི་ངོ་བོར་གཏན་འབེབས་བྱས།ཚོགས་ཐོག་ཏུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུས་མི་དམངས་སྲིད་གཞུང་འཐུས་མི་ལྷན་ཚོགས་འདེམས་བསྐོ་བྱས་པ་དང་།མའོ་ཙེ་ཏུང་དབུས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞིར་བདམས།ཀྲུའུ་ཏེ་སོགས་ཀྲུའུ་ཞི་གཞོན་པ་དྲུག་བདམས།རྒྱལ་ས་པེ་ཅིན་དང་།རྒྱལ་གླུ སྐར་ལྔའི་དར་དམར་ནི་རྒྱལ་དར་བཅས་སུ་གཏན་འབེབས་བྱས།
༡༩༤༩ཟླ༡༠ཚེས༡ཉིན།དབུས་མི་དམངས་སྲིད་གཞུང་འཐུས་མི་ལྷན་་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་པེ་ཅིན་དུ་བསྐངས་ཏེ།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུས་མི་དམངས་སྲིད་གཞུང་དངོས་སུ་བཙུགས་པའི་ཁྱབ་བསྒྲགས་བྱས།མའོ་ཙེ་ཏུང་མི་དམངས་གསར་བརྗེ་དམག་དོན་འཐུས་མི་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་།ཀྲུའུ་ཏེ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་བཀོད་འདོམས་པ།ཀྲོའུ་ཨེན་ལེ་རྒྱལ་སྲུད་སྤྱི་ཁྱབ་ཁང་གི་སྲིད་བློན་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས་བཅས་ལ་བསྐོ་བཞག་བྱས།ཉིན་དེའི་ཕྱི་དྲོ་དུས་ཚོས་༣སྟེང་།མང་ཚོགས་དང་དམག་མི་འབུམ་གསུམ་ཙམ་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་འཛོམས་ཏེ།རྒྱལ་ཁབ་དངོས་སུ་བཙུགས་པའི་མཛད་སྒོ་འཚོགས།མའོ་་ཙེ་ཏུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་དབུས་མི་དམངས་སྲིད་གཞུང་གི་སྤྱི་བསྒྲགས་སྒྲོག་སྦྱངས་བྱས་པ་དང་།ཀྲུའུ་ཏེ་ཡིས་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་ཁང་གི་བཀའ་རྒྱ་སྒྲོག་སྦྱངས་བྱས་ཏེ།གོ་མིན་ཏང་གི་ཤུལ་ལྷག་དམག་མི་གང་མགྱོགས་རྩ་གཏོར་དང་།ད་དུང་ཐག་ཆོད་མེད་པའི་བོད་དང་ཐེ་ལྦན་རྒྱལ་ཁོངས་གང་མགྱོགས་བཅིངས་འགྲོལ་གཏོང་རྒྱུའི་བཀོད་ཁྱབ་བསྒྲགས།
བཙུགས་པ་ཐག་པའི་རྒྱལ་ཁབ་གསར་བ་འདིཚེས༢ཉིན་སུའུ་ལན་གཞུང་གིས་ངོས་ལེན་ཡོད་པའི་ཁྱབ་བསྒྲགས་བྱས་པ་དང་།ཚེས༥ཉིན་ཕན་ཚུན་གཞུང་ཚབ་་གཏོང་རེས་བྱས།

དྲག་ཆར་རླུང་འཚུབ་ཁྲོད་ཀྱི་ཀྲུ་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
ཀ) ལས་འགུལ་ཆེན་པོ་བརྒྱད།
དང་པོ། མེ་འགོག་ཁྲའོ་རོགས།
༡༩༥༠ལོའི་ཟླ་༦ཚེས༢༥ཉིན།བྱང་ཀོ་རི་ཡའི་དམག་དཔུང་བྱང་གི་འཕྲེད་ཐིག་ཨང་ཚད་༣༨ས་ཐིག་བརྒལ་ཏེ།ལྷོ་ཀོ་རི་ཡའི་ས་ཁོངས་སུ་དཔུང་འཇུག་བྱས་པ་དང་།ཉིན་གསུམ་རྗེས་ཧན་ཁྲིན་བཟུང་།ཨ་རིའི་སྲིད་འཛིན་གྱིས་ཉི་ཧོང་དུ་བཅའ་སྡོད་ཨ་རིའི་གྲུ་གཟིངས་དམག་སྡེ་ཨང་བདུན་པ་ལྷོ་ཀོ་རི་ཡར་རོགས་སྐྱོར་དུ་བསྐྱོད་དགོས་པའི་བཀའ་བཏང་།
ཟླ༡༠ཚེས་༡༩ཉིན།རྒྱ་ནག་གཞུང་གིས་ཕིན་ཏེ་ཧའེ་ཡིས་མགོ་འཁྲིད་པའི་རྒྱ་ནག་མི་དམངས་དང་བླངས་དམག་སྒྲིག་འཛུགས་བྱས་ཏེ།གསང་བའི་སྒོ་ནས་ཡ་ལུའུ་གཙང་པོ་བརྒལ།ཉིན་དེར།ཨ་རིའི་ད་མག་གིས་ཕིན་རང་བཟུང་བ་དང་།ལྷོ་ཀོ་རི་ཡའི་དམག་ཡ་ལུའུ་ཅང་གཙང་པོའི་ཉེ་འགྲམ་དུ་བཏེག ཨ་རིའི་གནམ་དམག་གིས་རྒྱ་ནག་གི་ཏན་ཏུང་གྲོང་ཁྱེར་གཏོར་བཅོམ་བྱས།ཚེས་༢༥ཉིན།རྒྱ་དམག་གིས་ལྦུན་ཅིན་བཟུང་བྱས།མེ་འགོག་ཁྲོའོ་རོགས་ཀྱི་གཡུལ་འགྱེད་མགོ་ཚུགས།ཟླ༡༢ཚེས༥ཉིན།ཕིན་རང་བསྐྱར་དུ་རྒྱ་དམག་དང་བྱང་ཀོ་རི་ཡའི་དམག་གིས་བཟུང་།༡༩༥༡ལོའི་ཟླ༥པར།ཨ་རིས་གཙོས་པའི་རྒྱལ་ཁབ་བཅོ་ལྔའི་མཉམ་འབྲེལ་དམག་དཔུང་ཨང་ཚད་༣༨ས་ཐིག་བརྒལ་ཏེ་གཡུལ་བཤམས་པས།རྒྱ་དམག་ལ་བསད་རྨས་ཚབས་ཆེན་བཟོས།༡༩༥༣ལོའི་ཟླ་༣པར།ཨ་རྒྱ་ཕྱོགས་གཉིས་ཀྱིས་ཀོ་རི་ཡའི་དམག་འཐབ་མཚམས་འཇོག་སྐོར་གྱི་གྲོས་མཐཇུན་ལ་མིང་རྟགས་བཀོད།
གཡུལ་འཐབ་འདི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་ལ་དྲག་པོའི་གདོང་གཏུགས་ཐོག་མ་དེ་ཡིན་ཞིང་།དེའི་ནང་མའོ་ཙེ་ཏུང་གི་བུ་མའོ་ཨན་དབྱིན་ཐེ་བའི་རྒྱ་དམག་བརྒྱད་འབུམ་བརྒྱད་འབུམ་སུམ་ཁྲི་ཙམ་ཤི་གོད་བྱུང་ཡོད་ཀྱང་།སྟོབས་ཆེན་ཨ་རིའི་སྣེ་འཁྲིད་པའི་མཉམ་འབྲེལ་དམག་ས་ཡ་གཅིག་ལྷག་ཚར་བཅད་པས།བཙུགས་མ་ཐག་པའི་དམར་ཤོག་གི་སྲིད་གཞུང་འདི་རྒྱལ་སྤྱིའི་སྟེང་དཔའ་དང་དཔང་གི་གྲགས་པ་འཕེལ་ཡོད་པ་མ་ཟད།དམར་ཤོག་གི་ཇོ་ཇོ་རྒན་པར་འབོད་པའི་ཨུ་རུ་སུ་ཡས་རྒྱ་ནག་འདི་བཙན་རྒྱལ་རིང་ལུགས་དཔུང་ཁག་གི་བཙན་འཛུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན་ཞིག་ཡིན་སྙམ་པའི་བློ་འགུ་སྟེ།རྗེས་ཀྱི་མནའ་འབྲེལ་ལ་རྨང་གཞི་བཙུགས་པ་དང་།༡༩༥༢ལོ་ནས་བཟུང་།སུའུ་ལེན་གྱིས་རྒྱ་ནག་ལ་གཏེར་ཁ་སྔོག་འདོན་དང་བཞུ་སྤྱངས།ཆུ་གློག འཕྲུལ་ཆས་བཟོ་སྐྲུན། ལྕགས་ལམ།རྒྱལ་སྲུང་དྲག་ཆས་བཟོ་སྐྲུན་སོགས་བཟོ་ལས་དང་ཚན་རིག་ལག་རྩལ་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་༡༥༦ཙམ་ལ་གཞི་རྒྱ་ཆེན་པོའི་སྒོ་ནས་རོགས་སྐྱོར་བྱས་ཡོད།(༡༩༦༠ལོར་སུའུ་ལེན་གྱིས་རོགས་མི་སྣ་ཡིོངས་རྫོགས་ཕྱིེར་འཐེན་བྱས།)དེ་བཞིན་དུ་ཨ་རིའི་དམག་ཤུགས་ཐའེ་ལྦན་མཚོ་འགག་ཏུ་སླེབས་ཏེ།ཅང་ཅེ་ཧྲི་ཡིས་བཟུང་བའི་ཐའེ་ལྦན་དེ་ཨ་རིའི་སྲུང་སྐྱོབ་འོག་ཏུ་བཅུག་པ་དང་།༡༩༥༤ལོའི་ཟླ༡༢པར།ཨ་རི་དང་ཐའེ་ལྦན་དབར་ཐུན་འགོག་སྲུང་གི་ཆིངས་ཡིག་བཞག་ཡོད།

༢) བོད་ཞི་བའི་བཅིངས་འགྲོལ།
༡༩༥༠ལོའི་ཟླ༡༠ཚེས༡༧ཉིན།རྒྱ་ནག་གཞུང་གིས་འབྲི་ཆུའི་ཤར་རྒྱུད་མདོ་ཁམས་གཉིས་ཀྱི་ས་སྡེ་ཕལ་མོ་ཆེ་བཅིངས་འགྲོལ་བཏང་ཟིན་པའི་རྨང་གཞིའི་སྟེང་།ཆབ་མདོ་གཡུལ་འཁྲུག་མགོ་ཚུགས།ཚེས༡༩ཉིན་བོད་ཀྱི་གཙོ་ཤུགས་དམག་དཔུང་ཕམ་ཉེས་སུ་བཏང་སྟེ།མདོ་སྤྱི་ང་ཕོད་སོགས་ངོ་ལས་རྣམས་འཛིན་བཟུང་བྱས་པ་དང་།བཅིངས་འགྲོལ་དམག་ཆབ་མདོར་འབྱོར།ཟླ་༡༡ཚེས་༡༧ཉིན།༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ལྗོངས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས། ཟླ༡༢ཚེས་༢༧ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས།༡༩༥༡ལོའི་ཟླ་༥ཚེས་༢༣ཉིན།ང་ཕོད་དབུ་བཞུགས་ཀྱི་བོད་གཞུང་གི་སྐུ་ཚབ་རྣམ་པས་རྒྱ་དཔོན་ཚོའི་འཇིགས་སྐུལ་མ་བཟོད་པར།གཞུང་གིས་མངགས་དན་བྱས་པའི་རང་ཉིད་ཀྱི་དབང་ཚད་ལས་བརྒལ་བའི་སྒོ་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྱིད་གཞུང་གི་བོད་ཞི་བའི་བཅིང་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ཟེར་བར་པེ་ཅིང་དུ་མིང་རྟགས་བཀོད།
༡༩༥༡ལོའི་ཟླ་༡༠ཚེས་༢༦ཉིན་རྒྱ་དམག་ལྷ་སར་འབྱོར།བོད་ཀྱི་ས་སྡེ་ཕལ་མོ་ཆེ་རྒྱ་ནག་གི་མངའ་ཁོངས་སུ་བཅུག

༣) གསར་བརྗེ་ངོ་ལོག་པ་དྲག་གནོན་གྱི་ལས་འགུལ།༡༩༥༠ནས་༥༡བར།
༡༩༥༠ལོའི་ཟླ་༧པར།ས་ཞིང་བཅོས་བསྒྱུར་དང་མེ་འགོག་ཁྲའོ་རོགས་ཀྱི་དམག་འཐབ་བདེ་བླག་ངང་འགྲུབ་ཕྱིར།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གསར་བརྗེ་ངོ་ལོག་པའི་བྱ་སྤྱོད་དྲག་གནོན་ཐད་ཀྱི་མཛུབ་སྟོན་བརྒྱུད་བསྒྲགས་བྱས་པ་དང་།ལོ་དེའི་ཟླ་༡༠བར།རྒྱ་ནག་དབུས་དམར་ཤོག་ཚོགས་པས་རིམ་པ་སོ་སོའི་འཐུས་མི་ལྷན་ཚོགས་ཀྱིས་དྲག་གནོན་དང་གུ་བཤངས་ཟུང་འབྲེལ་བྱེད་དགོས་པའི་སྲིད་ཇུས་ལག་བསྟར་བྱས་ཏེ།ཟླ་དེའི་ནང་ལས་འགུལ་མཇུག་བསྒྲིལ།ལས་འགུལ་འདིས་གོ་མིན་ཏང་གི་སྟབས་ཤུགས་ལྷག་མ་དང་།སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་སྟོབས་ཤུགས་ཕལ་ཆེ་བ་རྩ་མེད་བཟོས་ཏེ་སྔར་མ་གྲགས་པའི་བརྟན་ལྷིང་བྱུང་སྐད།

༤) ས་ཞིང་བཅོས་བསྒྱུར་གྱི་ལས་འགུལ།༡༩༥༠ནས་༥༢བར།
༡༩༥༠ལོའི་ཟླ་༦པར།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་བཅོས་བསྒྱུར་གྱི་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་ཏེ།ས་ཞིང་ཡོངས་རྫོགས་སྤྱི་ཚོགས་ཐུན་མོང་ལ་དབང་བ་གཏན་ལ་ཕབ་པ་དང་།ཟླ༨པར།ས་གནས་སོ་སོའི་གཞུང་གིས་སྔ་རྗེ་སུ་ས་ཞིང་བཅོས་བསྒྱུར་ལས་དོན་ཚོགས་ཆུང་ཟེར་བ་༣༥༧༣༠ལྷག་གྲོང་གསེབ་ཁག་ཏུ་ས་ཞིང་བཅོས་བསྒྱུར་གྱི་ལད་འགུལ་སྣེ་ཁྲིད་བྱེད་དུ་བཏང་།ལས་འགུལ་དེའི་ནང་ཁྲག་བུན་ཡོད་མཁན་གྱི་ཞིང་བདག་ཆིག་འབུམ་ལྷག་དྲག་གནོན་བྱས་པ་དང་།ཞིང་བདག་དང་ཞིང་ཕྱུག་བརྒྱད་ཁྲི་ཉེ་བ་དུས་མིན་རྐྱེན་ལམ་དུ་བཏང་།༡༩༥༢ལོའི་དགུན་ཁ་བར་དུ།གྲངས་ཉུང་མི་རིགས་གནས་ཡུལ་ས་ཁུལ་ཕུད་རྒྱ་ནག་རྒྱལ་ཡོངས་སུ་ས་ཞིང་བཅོས་བསྒྱུར་གྱི་ལས་འགུལ་མཇུག་བསྒྲིལ་ཞིང་།ས་ཞིང་མེད་པའམ་ཉུང་ངུ་ལས་མེད་པའིཞིང་པ་དུང་ཕྱིར་གསུམ་ཙམ་ལ་ས་ཞིང་མུའུ་ཁྲི་བདུན་ཙམ་དང་།ཐོན་སྐྱེད་རྒྱུ་ཆ་གཞན་དག་བགོ་འགྲེམས་བྱས།(༡༩༥༨ལོར་མི་དམངས་ཀུན་ཧྲེ་འཛུགས་གཉེར་སྐབས་འདི་དག་ཚང་མ་ཕྱིར་བསྡུ་བྱས།

༥) གསུམ་རྒོལ་དང་།ལྔ་རྒོལ་ལས་འགུལ།༡༩༥༡་ནས་༥༢བར།
གསུམ་རྒོལ་ནི་ལྐོག་ཟ་ལ་ངོ་རྒོལ་དང་།ཆུད་ཟོས་ལ་ངོ་རྒོལ།དཔོན་ངན་རང་ལུགས་ལ་ངོ་རྒོལ་བཅས་ལ་ཟེར་ཞིང་།༡༩༥༡ལོའི་ཟླ་༡༢ནས་འགོ་བརྩམས་ཏེ།རུལ་སུངས་ཀྱི་ལས་བྱེད་མང་དག་ཅིག་སྲོག་ཐོག་ཏུ་བཏང་།ལོ་རྗེས་མར།ལྐོག་རྔན་སྤྲོད་ལེན་ལ་ངོ་རྒོལ་དང་།ཁྲལ་རིགས་སྐུང་གཡོ་ལ་ངོ་རྒོལ།རྒྱལ་ཁབ་ཀྱི་རྒྱུ་ནོར་རྐུ་འཁྱེར་ལ་ངོ་རྒོལ།རྒྱུ་ཆ་རྐུ་འཕྲི་སླ་བཅོས་ལ་ངོ་རྒོལ།རྒྱལ་ཁབ་ཀྱི་དཔལ་འབྱོར་གསང་གནས་རྐུ་འཁྱེར་ལ་ངོ་རྒོལ་བཅས་ལྔ་རྒོལ་གྱི་ལས་འགུལ་སྤེལ།ལས་བྱེད་རྣམས་ཇེ་སྡུག་ཏུ་སོང་བའི་རྒྱུ་རྐྱེན་དེ་མ་རྕ་ཅན་གྱི་བསླུ་བྲིད་འོག་ཚུད་པ་ལས་བྱུང་བ་ངོས་བཟུང་བས།ལྔ་རྒོལ་གྱི་དམིགས་གཏད་གཙོ་བོ་དེ་མ་རྩ་ཅན་ཡིན་ལ།འབྱོར་ལྡན་ཅན་དང་དེའི་ནང་མི་མང་དག་ཅིག་ལས་འགུལ་འདིས་འཆི་ལམ་དུ་བསྐྱལ་ཡོད།
༦) བསྒྱུར་བཀོད་ཆེན་པོ་གསུམ།༡༩༥༡ནས༥༦བར།
ཞིང་ལས་དང་ལག་ཤེས།བཟོ་ཚོང་ལས་རིགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་བྱས་ཏེ།རྒྱ་ནག་རྒྱལ་ཡོངས་འཆར་འགོད་དཔལ་འབྱོར་གྱི་ལམ་ལུགས་ལ་འཁྲིད་པ་ཞིག་སྟེ།ཞིང་ལུས་ཀྱི་སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་དམ་ཞིང་ལས་མཉམ་ལས་ཅན་གྱི་ལས་འགུལ་དེས་རྒྱལ་ཡོངས་ཀྱི་ཞིང་པ་ཁྱིམ་དུད་བརྒྱ་ཆའི་༩༦།༣མཉམ་ལས་ཁང་དུ་བཅུག་པ་དང་།ལག་ཤེས་ལས་རིགས་ཀྱི་སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་ཀྱིས་རྒྱ་ནག་རྒྱལ་ཡོངས་ཀྱི་ལག་ཤེས་ལས་རིགས་གཉེར་མཁན་བརྒྱ་ཆའི་༩༠ཡན་མཉམ་ལས་ཁང་དུ་བཙུད།མ་རྩ་རིང་ལུགས་བཟོ་ཚོང་ལས་རིགས་ཀྱི་སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་ཁྲོད།
ཞི་བའི་བླུ་ཉོ་ཡི་བྱེད་ཐབས་སྤྱད་དེ།བཤུ་གཞོག་བྱེད་མཁན་རྣམས་རང་སྟོབས་རང་སྤེལ་གྱི་ངལ་རྩོལ་བར་བསྒྱུར་བ་ཞིག་ཡིན།༡༩༥༦ལོར་བསྒྱུར་བཀོད་ཆེན་པོ་གསུམ་མཇུག་བསྒྲིལ་བ་དང་།སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཐོན་འབོར་དེ་བཟོ་ལས་སྤྱིའི་ཐོན་འབབ་ཀྱི་བརྒྱ་ཆའི་༩༠ཡན་ཟིན་ཡོད་པ་དང་།གུང་ཁྲན་རིང་ལུགས་ཀྱི་དཔལ་འབྱོར་མཚོན་རྟགས་སུ་བགྲང་བའི་འཆར་འགོད་དཔལ་འབྱོར་དངོས་སུ་གྲུབ་པས།རྒྱལ་ཁབ་ཀྱི་དཔལ་འབྱོར་ཡོངས་རྫོགས་སྲིད་གཞུང་གི་དོ་དམ་འོག་ཏུ་བཅུག་པ་དང་།ཐ་ན་ཚོང་ཟོག་གི་ཐོན་ཚད་ཀྱང་གཞུང་གི་འཆར་འགོད་ནང་དུ་བཅད།སྒེར་གྱི་རྒྱུ་ནོར་སོ་སོར་བདག་དབང་མེད་པ་དང་།ཐོན་སྐྱེད་རྒྱུ་ཆ་ཡོངས་རྫོགས་སྤྱི་བར་བདག་གི་ཡོད།
༧)
བསམ་བློ་བཅོས་བསྒྱུར་གྱི་ལས་འགུལ།༡༩༥༢ནས་༥༦བར།
འདི་ནི་དེ་སྔ་༡༩༤༢ལོ་ཡན་ཨན་དུ་དམར་ཤོག་ཚོགས་པ་ནང་ཁུལ་ལ་ཀུན་སྤྱོད་དག་ཐེར་ལད་འགུལ་ཟེར་བ་ཞིག་སྤེལ་ཡོད་པ་དེ་བསྐྱར་ཟློས་བྱས་པ་ཞིག་ཡིན་པ་དང་།མི་འདྲ་ས་ནི་ཐེངས་འདིའི་ལས་འགུལ་སྤེལ་ཡུལ་ཤེས་ཡོན་ཅན་ཡིན་ཞིང་།དེ་ཡང་མཐོ་སློབ་ཁག་ཏུ་ཡོད་པའི་རང་དབང་གི་བསམ་བློ་འཛིན་མཁན་དགེ་རྒན་དང་ལས་བྱེད་ཚོར་འབྱོར་ལྡན་གྲལ་རིམ་གྱི་བསམ་བློ་ལྡན་ལུགས་སྐྱོན་དུ་བཟུང་སྟེ།དེ་དག་ལ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་རྒྱུ་མཐུད་བྱེད་དུ་བཅུག་པ་ཞིག་ཡིན་ལ།བྱེད་ཐབས་འདི་བརྒྱུད་དེ་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་དང་མི་མཐུན་པའི་སྒེར་གྱི་བསམ་བློ་དོར་དུ་བཅུག་པའི་ལས་འགུལ་ཞིག་ཡིན།
༨མེ་ཏོག་མཉམ་བཞད་དང་།གཡས་ལྷུང་ལ་ངོ་རྒོལ།

༡༩༥༦ལོའི་ཟླ༢པར་སུའུ་ལན་གྱི་སྲིད་འཛིན་ཧི་རོ་ཆིཕ་ཡིས་སི་ཏི་ལིན་གྱི་བྱས་རྗེས་ལ་སྐྱོན་འདོན་བྱས་པ་དེའི་ཤུགས་རྐྱེན་འོག་ཟླ༤ཚེས༢༨ཉིན་མའོ་ཙེ་ཏུང་གིས་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགན་གླེང་སྤེལ་རྒྱུའི་གྲོས་མགོ་བཏོན་པར།དབུས་ཆབ་སྲིད་ཅུས་ཀྱིས་རྒྱབ་སྐྱོར་བྱས།འབོད་ཚིག་འདི་སྤྱིར་བཏང་ཚན་རིག་དང་རིག་གནས་ལས་དོན་གྱི་བྱེད་ཕྱོགས་ཤིག་ཡིན་ཡང་།དམར་ཤོག་དང་སྲིད་དོན་ཚོགས་པ་གཞན་དག་གིས་དབུས་གཞུང་ལ་བཤད་རྒྱུ་གཏམ་རྒྱུ་མང་དག་ཅིག་བྱུང་བས།མའོ་ཙེ་ཏུང་སྐུ་རླུང་བཞེངས་ཐེངས་གཅིག་གིས་ལས་འགུལ་འདིའི་ངོ་བོར་འགྱུར་བ་བཏང་སྟེ།ཁ་སྡོད་མི་ཚུགས་ནས་ཟླ་བ་གཉིས་ཀྱི་རྗེས།མའོ་ཡིས་དེའི་ཐད་གཏམ་གླེང་བྱེད་སྐབས།སྦྲུལ་ཕྱི་ལོགས་སུ་ཡོང་དུ་བཅུག་ན་མ་གཏོགས་ག་འདྲ་བྱས་ནས་འཛིན་ནམ།
ང་ཚོས་མི་ངན་དེ་དག་ཕྱིར་ཐོན་ནས་སྐད་ཅོར་རྒྱག་ཏུ་བཅུག ཚགས་པར་སྟེང་རྟུག་དྲི་གཏོང་དུ་བཅུག་ནས་ཁོ་ཚོར་སྙིང་སྟོབས་རྒྱས་སུ་ཆུག དེ་ནས་མི་དམངས་ལ་གསལ་བོར་བལྟ་རུ་བཅུག་ན། མི་དམངས་ཀྱིས་ཁོ་ཚོ་ངོ་ཤེས་ཀྱི་རེད། ང་ཚོས་གཅིག་བཙིར་གཅིག་འཇུས། གཅིག་བརྡུང་གཅིག་འཇུས། གྲོང་ཁྱེར་ནང་ནས་འཇུས། གྲོང་གསེབ་ནས་བརྡུང་བ་ཡིན་ན།བྱེད་བདེ་བོ་རེད། གཅིག་གློད་པ་ཡིན་ན། གྲལ་རིམ་སོ་སོ་ཕྱིར་མངོན་པ་དང་། གདོང་རིས་ངོ་མ་ཡང་སྟོན་གྱི་རེད། དམར་ཤོག་ཚོགས་པས་སྲིད་དབང་བཟུང་ནས་ལོ་བརྒྱད་ཀྱང་འགོར་མེད་མོད། བསམ་ཚུལ་དང་ནོར་འཁྲུལ། ནག་ཉེས་དཔང་རྟགས་ཁྲི་སུམ་ཅུ་ལྷག་བྱུང་བ་རེད། དེས་ན་དམར་ཤོག་ཚོགས་པ་སྲིད་སྟེགས་ལས་འབབ་དགོས་པ་རེད་དམ། མའོ་ཙེ་ཏུང་ཡང་བསྐྱར་ཅིན་ཀང་རི་བོར་བསྐྱོད་དགོས་སམ་ཞེས་ལས་འགུལ་འདིའི་དམིགས་ཡུལ་ངོ་མ་གསལ་སྟོན་བྱས་ཡོད།
༡༩༥༧ ལོའི་ཟླ་༦ ཚེས་༨ ཉིན། མི་དམངས་ཉིན་རེའི་ཚགས་པར་སྟེང་“འདི་ནི་ཅིའི་ཕྱིར་ཟེར་བའི་ཆེད་གཏམ་ཞིག་སྤེལ་ཏེ། གཡས་ལྷུང་ཕྱོགས་ཁག་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དངོས་སུ་བསླངས་པ་དང་། རྒྱལ་ཡོངས་སུ་ཏང་ཡོན་འབུམ་བརྒྱད་ལྷག་དང་། ལས་བྱེད་དང་ཤེས་ཡོན་ཅན་ས་ཡ་གཉིས་དང་དགུ་འབུམ་ལྷག་གཡས་ལྷུང་དུ་བཀར། འཐབ་རྩོད་བྱེད་ཐེངས་འདིས་་མི་དམངས་ནང་ཁུལ་གྱི་འགལ་བ་”དེ་“དགྲ་དང་རང་ཕྱོགས་ཀྱི་འགལ་བ་”ལ་རྩིས་ཡོད།

ཁ༽ ལྔ་གཅིག་དགུ་སློབ་མའི་ལས་འགུལ།
མེ་ཏོག་མཉམ་བཞད་ལས་འགུལ་སྤེལ་བཞིན་པའི་མུར། པེ་ཅིན་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོས་སློབ་གྲྭའི་ནང་ཡིག་ཆེན་ཚགས་པར་སྦྱར་འགྲེམས་བྱས་ཏེ། ༡༩༥༧ ཟླ་༥ ཚེས་༡༩ ཉིན་པེ་ཧུ་ཞོ་ཧྲེ་ཟེར་བའི་ཚོགས་པ་བཙུགས་པ་དང་། ཐང་ཆེན་ཞེས་པའི་དུས་དེབ་ཅིག་འགྲེམས་སྤེལ་བྱས། ཐེན་ཅིན་སོགས་གྲོང་ཁྱེར་ཁག་གི་སློབ་ཕྲུག་ཕན་ཚུན་ངོ་གཏུགས་ཀྱིས་ངོ་རྒོལ་ལས་འགུལ་བསླངས། སློབ་མ་ཚོས་མི་དམངས་ཀྱི་མགོན་སྐྱབས་ཆེན་མོ་དང་དུས་གཏན་དུ་མའོ་ཙེ་ཏུང་གི་རྗེས་དུ་འབྲངས་ཟེར་བ་སོགས་མི་སྒེར་ལ་མཆོད་བཀུར་བྱེད་མི་འོས་པ་དང༌། དམངས་གཙོ་ནི་མི་དམངས་ཡོངས་རྫོགས་ལ་བདག་པ་ལས་དེར་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོ་དང་་འབྱོར་མེད་གྲལ་རིམ་གྱི་དམངས་གཙོ”ཞེས་དབྱེ་འབྱེད་བྱེད་མི་རིགས། གྲལ་རིམ་
ཧ་ཅང་བཤད་དྲགས་ན་མིའི་ཀུན་སྤྱོད་བརླགས་ཉེན་ཡོད་ཅེས་དང་། ད་ལྟའི་ཆར་རྒྱ་ནག་ཏུ་གྲལ་རིམ་གསར་པ་ཞིག་བྱུང་ཡོད་པ་དང༌། གྲལ་རིམ་འདིས་ཐོན་སྐྱེད་རྒྱུ་ཆ་དང་དེ་བགོ་འགྲེམས་ཀྱི་དམིགས་བསལ་དབང་ཆ་སྒེར་བདག་བྱས་ཡོད་ཅེས་སོགས་ཀྱི་འདོད་འདུན་གསལ་སྟོན་བྱས་ཡོད། ཟླ་༦ ཚེས་༨ ཉིན། མའོ་ཡིས་“གཡས་ལྷུང་ཕྱོགས་ཁག་ལ་ངོ་རྒོལ་གྱི་འཐབ་རྩོད་བསླངས་ཏེ། སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་དྲག་གནོན་བྱས། སློབ་ཕྲུག་གི་འགོ་ཁྲིད་བཙོན་བཅུག་དང་ངལ་རྩོལ་བསྒྱུར་བཀོད་འོག་འཆི་འདས་བྱུང་ཡོད་པ་དང་། དམར་གསོད་བཏང་བའང་བྱུང་འདུག འདི་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཚུན་གྱི་དམངས་གཙོའི་ལས་འགུལ་ཐེངས་གསུམ་བྱུང་བའི་ཐོག་མ་དེ་ཡིན་ཞིང་། གཉིས་པ་ནི་༡༩༧༨ ལོར་པེ་ཅིན་དུ་
བྱུང་བའི་དམངས་གཙོའི་རྩིག་གྱང་གི་ལས་འགུལ་དང་། ༡༩༨༩ ལོར་དྲུག་བཞི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་”ནི་ཐེངས་གསུམ་པ་དེ་ཆགས་ཡོད།

ག༽ ཁང་བྱེའུ་དང་མའོ་ཡི་གཡུལ་འགྱེད།
༡༩༥༥ ལོར། མའོ་ཡིས་ཁང་བྱེའུས་སྟོན་ཐོག་ལ་གནོད་འཚེ་བཟོ་བཞིན་ཡོད་པ་ཐོས་འཕྲལ། ་གནོད་པ་བཞི་”སྟེ།ཙི་ཙི་དང་། ཁང་བྱེའུ། སྦྲང་ནག དུག་སྦྲང་བཅས་རྩ་མེད་གཏོང་དགོས་པའི་བཀའ་བཏང་། ས་གནས་སོ་སོ་ནས་ཕྱགས་མ་བར་སྣང་དུ་འཕྱར་དཀྲུག་དང་། ལྕགས་ཀྱི་སྣོད་ཅ་རྡུང་དཀྲོག བཟོ་གྲྭ་དང་རླངས་འཁོར་ཆེ་ཆུང་ཐམས་ཅད་ཀྱིས་དུང་སྒྲ་ཆེ་ཤོས་བསྒྲགས་ཏེ། ཁང་བྱེའུ་སྐྲག་པའམ་ཨ་ཐང་ཆད་དེ་ཤི་རུ་བཅུག
༡༩༥༧ ལོའི་ཟླ་༡༠ ནང༌། “ལོ་༡༢ ནང་ཙི་ཙི་དང་། ཁང་བྱེའུ། སྦྲང་ནག དུག་སྦྲང་གཞི་རྩའི་སྟེང་རྩ་མེད་གཏོང་
དགོས། ཁང་བྱེའུ་གསོད་པ་ནི་སྟོན་ཐོག་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་པས། གྲོང་ཁྱེར་དང་ཤིང་ནགས་ཁུལ་གྱི་ཁང་བྱེའུ་རྩ་མེད་མ་བཏང་ཡང་ཆོག་”ཅེས་བཀའ་རྒྱར་འགྱུར་བ་བཏང་། དེ་ནི་༡༧༧༤ ལོར་གནའ་བོའི་ཇར་མན་གྱི་ཕ་རུ་ཤིཡ་Prussia རྒྱལ་རབས་ཀྱི་རྒྱལ་པོས་འབངས་མི་ཚོཁང་བྱེའུ་གསོད་རྒྱུར་སྐུལ་སློང་བྱས་ཏེ། ཁང་བྱེའུ་རྦད་དེ་སྟོང་མཚམས། ས་གནས་སོ་སོའི་སིལ་རར་འབུ་སྲིན་གྱིས་ཁེངས་པས། རྒྱལ་པོས་ས་གནས་གཞན་ནས་ཁང་བྱེའུ་འགུག་ཐབས་བྱས་པའི་ལོ་རྒྱུས་མའོ་ཡིས་གོ་ཐོས་བྱུང་བ་ལ་བརྟེན་ནས་འགྱུར་བ་བཏང་བ་ཞིག་ཡིན་པར་བཤད། འོན་ཀྱང་བཀའ་དེ་གྲོང་ཁྱེར་མང་པོ་ཞིག་གིས་ལག་ལེན་བསྟར་མེད། ཧྲང་ཧེ་གྲོང་ཁྱེར་གྱིས་ཉིན་གསུམ་ལ་ཁང་བྱེའུ་གསོད་པའི་ལས་འགུལ་སྤེལ་ཏེ།
ཁང་བྱེའུ་ཁྲི་བརྒྱད་ལྷག་བསད་པ་དང་། བྱིའུ་ཚང་ཉིས་འབུམ་དྲུག་ཁྲི་ལྷག་བསྔོགས། ལས་འགུལ་ཐེངས་གཉིས་པར་ཉིན་གཉིས་རིང་ཁང་བྱེའུ་ལྔ་འབུམ་དགུ་ཁྲི་ལྷག་བསད། ལས་འགུལ་འདི་སྤེལ་ནས་ལོ་ལྔ་ཙམ་གྱི་རྗེས་ཏེ། ༡༩༦༠ ལོའི་ཟླ་༣ པར།
མའོ་ཡིས་ཁང་བྱེའུ་གསོད་མི་དགོས་པའི་བཀའ་བཏང་བ་དང༌། དེའི་ཚབ་ཏུ་“ཙི་ཙི་དང༌། འདྲེ་ཤིག སྦྲང་ནག དུག་སྦྲང་རྩ་མེད་གཏོང་དགོས་”ཞེས་བསྒྱུར་བཅོས་བྱས།

ང་༽ དར་དམར་ཆེན་པོ་གསུམ།
༡༩༥༨ ལོའི་ཟླ་༥ ནང༌། མའོ་ཡིས་ར་ཤི་ཡའི་དཔལ་འབྱོར་གྱི་རྣམ་པ་དོར་ཏེ། ལོ་ལྔའི་འཆར་གཞི་ཐེངས་གཉིས་
པའི་ནང་དར་དམར་ཆེན་པོ་གསུམ་(སྤྱི་ཚོགས་རིང་ལུགས་ཀྱི་སྤྱིའི་ལམ་ཕྱོགས་འཛུགས་སྐྲུན། བཟོ་ཞིང་ཐོན་སྐྱེད་མཆོངས་བསྐྱོད་ཆེན་མོ། མི་དམངས་ཀུང་ཧྲེ།)གྱི་ལས་འགུལ་བསླངས།སྤྱི་ཚོགས་རིང་ལུགས་ཀྱི་སྤྱིའི་ལམ་ཕྱོགས་འཛུགས་སྐྲུན་ནི་མའོ་ཡིས་གོ་བཏོན་པ་ལྟར། ཀྲུང་གུང་སྐབས་བརྒྱད་
པའི་ཚོགས་འདུ་ཐེངས་གཉིས་པའི་སྟེང་གྲོས་འཆམ་བྱུང་བ་ཞིག་ཡིན་པ་དང༌། “ད་ལྟའི་ཆར་ཏང་གི་ལས་འགན་གཙོ་བོ་ནི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཡིན་”ཞེས་ཆབ་སྲིད་ལས་བསྡོམས་སུ་བཀོད་ཡོད་ཀྱང༌། དེའི་རྗེས་ཀྱི་དྲིལ་བསྒྲགས་ཡིག་ཆའི་ནང་་མགྱོགས་ཚད་ནི་སྤྱིའི་ལམ་ཕྱོགས་ཀྱི་བླ་སྲོག་ཡིན་ཞེས་འུད་སྒྲོགས་བྱས། ཟླ་༨ པའི་པེ་ཏའེ་ཧོས་རྒྱས་འཛོམས་ཚོགས་འདུའི་སྟེང་བཟོ་ལས་དང་ཞིང་ལས་ཐོན་སྐྱེད་ཀྱི་དམིགས་ཚད་མཐོ་བོ་སྐོར་ཞིག་གཏན་འབེབས་བྱས་ཏེ། དུས་ཐུང་ནང་ཐོན་འབབ་གང་མགྱོགས་མཐོར་འདེགས་གཏོང་རྒྱུའི་རེ་བ་བཅངས་ཏེ། རྒྱལ་ཡོངས་སུ་“དམངས་ཡོངས་ཀྱིས་རྣོ་ལྕགས་བཞུ་སྦྱངས་”དང་། “གྲོང་
གསེབ་མི་དམངས་ཀུང་ཧྲེ་ཅན་གྱི་ལས་འགུལ་སྤེལ།བཟོ་ཞིང་ཐོན་སྐྱེད་མཆོངས་བསྐྱོད་ཆེན་མོས་རྣོ་ལྕགས་བཞུ་སྦྱངས་བྱས་ཏེ། “ལོ་བཅོ་ལྔའི་ནང་དབྱིན་ལན་ལས་བརྒལ་ཏེ་ཨ་རིའི་རྗེས་ཟིན་དགོས་པའི་སྐུལ་སློང་དང་
། ༡༩༥༨ ལོའི་རྣོ་ལྕགས་ཀྱི་ཐོན་འབབ་༡༩༥༧ ལོ་ལས་ལྡབ་གཉིས་སྤར་རྒྱུའི་རེ་བ་བཏོན།
ཞིང་པ་བྱེ་བ་དགུ་ཙམ་ལྕགས་བཞུ་བཟོ་གྲྭར་བསྐྱོད་དེ། ཞིང་ལས་ཐོན་སྐྱེད་བར་མ་ད་བར་མཚམས་ཆད་པ་དང་། རྒྱལ་ཡོངས་ཀྱི་ལྕགས་རིགས་ལས་གྲུབ་པའི་དངོས་ཆས་ཡོངས་རྫོགས་ལྕགས་བཞུ་བཟོ་གྲྭར་བསྐྱལ་
ཏེ། ཕན་ཐོགས་གང་ཡང་མེད་པའི་ལྕགས་སྙིགས་མང་པོ་ཞིག་སྤུངས།
དམིགས་ཚད་མཐོ་དྲགས་པ་དང༌། རང་སྣང་གང་དྲན་གྱི་བཀོད་འདོམས། ཐོན་འབབ་ཀྱི་གྲངས་ཐོ་འུད་སྒྲོགས་སོགས་ལས་རྒྱ་ནག་གི་དཔལ་འབྱོར་རྙོག་ཟིང་ནང་ལྷུང་།།
གྲོང་གསེབ་ཀྱི་མི་དམངས་ཀུང་ཧྲེ་ཅན་གྱི་ལས་འགུལ། ༡༩༥༨ ལོའི་ཟླ་༣ ནང༌། ཁྲིན་ཏུ་ཚོགས་འདུའི་སྟེང་།
“གཞི་རྒྱ་ཆུང་བའི་ཞིང་ལས་མཉམ་ལས་ཁང་འོས་འཚམ་གྱི་སྒོ་ནས་མཉམ་ལས་ཁང་ཆེ་བའི་ནང་ཟླ་བསྒྲིལ་གཏོང་རྒྱུའི་ཐད་ཀྱི་བསམ་འཆར་”གཏན་འབེབས་བྱས་པ་དང་། ཟླ་༨ ཚེས་༢༧ ཉིན་པེ་ཏའེ་ཧོ་ཚོགས་འདུའི་སྟེང་མི་དམངས་ཀུང་ཧྲེ་ནི་གུང་ཁྲན་རིང་ལུགས་ལ་བར་བརྒལ་བྱེད་པའི་སྒྲིག་འཛུགས་ཀྱི་རྣམ་པ་ཡག་ཤོས་ཡིན་པའི་ངོས་འཛིན་བྱས་ཏེ། རྒྱལ་ཡོངས་སུ་“མི་དམངས་ཀུང་ཧྲེ་ཅན་གྱི་ལས་འགུལ”སྤེལ།
མི་དམངས་ཀུང་ཧྲེའི་ནང་། ཞིང་པ་རྣམས་ཚོ་ཆུང་དུ་བཅུག་པ་དང་། ཚོ་ཆུང་ཁ་ཤས་བསྡུས་ནས་ཐོན་སྐྱེད་རུ་ཆུང་།ཐོན་སྐྱེད་རུ་ཆུང་ཁ་ཤས་རུབ་ནས་ཐོན་སྐྱེད་རུ་ཆེན། ཐོན་སྐྱེད་རུ་ཆེན་དུ་མ་བསྒྲིལ་ཏེ་མི་དམངས་ཀུང་ཧྲེ་གྲུབ་པར་བྱས། ལས་འགུལ་དེས་རྒྱ་ནག་རྒྱལ་ཡོངས་ཀྱི་མཉམ་ལས་ཁང་ཆུང་བ་བདུན་འབུམ་བཞི་ཁྲི་ལྷག་མི་དམངས་ཀུང་ཧྲེ་ཉིས་ཁྲི་དྲུག་སྟོང་ཙམ་ལ་ཟླ་བསྒྲིལ་བཏང་། རྒྱལ་ཁབ་ཀྱིས་ལོ་རེར་མི་དམངས་ཀུང་ཧྲེ་སོ་སོར་ཐོན་སྐྱེད་ཀྱི་དམིགས་ཚད་འདོན་གྱི་ཡོད་པ་དང་། ཞིང་པའི་ཐོན་སྐྱེད་ཡོངས་སུ་རྫོགས་པ་རྒྱལ་ཁབ་ཀྱིས་གཅིག་གྱུར་ངང་ཉོ་ཚོང་བྱེད་ཀྱི་ཡོད། སྒེར་ལ་དབང་བའི་ཅ་དངོས་ཡོད་ཚད་མེད་པར་བཟོས་པས། རྨོ་ཟོག་དང་སྒོ་ཕྱུགས། ཞིང་ལས་ཡོ་བྱད། འགྲིམ་འགྲུལ་ཡོ་ཆས། སིལ་ར། སྡོང་ར། ཁྱིམ་བྱ་སོགས་ཡོངས་རྫོགས་གཞུང་བཞེས་བཏང་སྟེ། བཟའ་བཏུང་དང་གྱོན་གོས་མི་དམངས་ཀུང་ཧྲེ་ནས་བགོ་འགྲེམས་བྱེད་པ་དང་།
མི་དམངས་ཀུང་ཧྲེའི་སྒྲིག་འཛུགས་དམག་དོན་ཅན་དུ་བསྒྱུར་ཏེ། རུ་ཤོག་དང་བརྒྱ་ཤོག བཅུ་ཤོག་སོགས་སུ་བགོས་པ་མ་ཟད།
ལས་ཀ་ཚུགས་གྲོལ་གྱི་སྐབས་སོ་སོར་དམག་གླུ་གྱེར་ནས་འགྲོ་གི་ཡོད། ཀུང་ཧྲེའི་བྱེད་སྒོ་གཡུལ་འཐབ་ཅན་ཏེ། ཞོགས་པར་མགོ་ཁྲིད་ཀྱིས་ལངས་བརྡ་བཏང་འཕྲལ། ཞིང་པ་ཚང་མ་ས་གནས་གཅིག་ཏུ་འཛོམས་ཏེ། གྲལ་བསྟར་སྒྲིག་བཞིན་ལས་ཀར་བསྐྱོད་པ་དང་། ཞིང་ཚིགས་སུ་བཟའ་བཏུང་དང་ངལ་གསོ་བྱེད་ལ། སྟོན་བསྡུའི་ལས་བྲེལ་སྐབས་སུ་ཁྱིམ་དུ་མ་ལོག་པར་ཞིང་ཚིགས་སུ་ཉལ་བའང་ཡོད།
དར་དམར་གསུམ་གྱི་མཇུག་འབྲས་ནི་རྒྱ་ནག་རྒྱལ་ཡོངས་སུ་ལོ་གསུམ་གྱི་མུ་གེ་བྱུང་བ་དེ་ཡིན་ཞིང་། རྒྱ་གཞུང་གིས་དེར་“ལོ་གསུམ་གྱི་རང་བྱུང་གནོད་འཚེ་བྱུང་བའི་དུས་སྐབས་”ཞེས་འབོད་ཀྱི་ཡོད། དུས་ཡུན་དེའི་རིང་ཁྱོན་བསྡོམས་མི་ཅི་ཙམ་རྐྱེན་འདས་བྱུང་ཡོད་དམ་ཞེ་ན། ༡༩༩༢ ལོར་དཔར་སྐྲུན་བྱས་པའི་“གོང་མ་གསར་པ་ཚོ། མའོ་དང་ཏིན་དུས་སྐབས་ཀྱི་རྒྱ་ནག་”ཅེས་པའི་ནང་། རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱི་དཔོན་རིགས་རྒན་གྲས་ཤིག་གིས་ཟ་འབྲུ་ལག་དེབ་གཞིར་བཟུང་ཚོད་དཔག་བྱས་ན་མི་བྱེ་བ་གསུམ་ལྟོགས་ཤི་ཐེབས་ཡོད་སྐོར་གསལ་བ་དང་། སྲིད་བློན་ཟུར་བ་ཀྲའོ་ཙི་དབྱང་གིས་བྱེ་བ་བཞི་དང་ས་ཡ་གསུམ་ནས་བྱེ་བ་བཞི་དང་ས་ཡ་དྲུག་བར་ལྟོགས་ཤི་ཐེབས་ལུགས་བརྗོད་ཡོད། ཧོང་ཀོང་སྒོ་འབྱེད་དུས་དེབ་ཀྱི་རྩོམ་སྒྲིག་པ་ཅིན་ཧོས་ཀྱིས་བྱེ་བ་བཞི་དང་བཞི་འབུམ་ནས་བྱེ་བ་བཞི་དང་ས་ཡ་གསུམ་ཆིག་འབུམ་དགུ་ཁྲི་བར་ཚོད་དཔག་བྱས་ཡོད་ལ། ཚའོ་ཧུའུ་ཅི་ཡིས་བརྩམས་པའི་“མུ་གེ་ཆེན་མོ། ༡༩༥༩ ནས་༡༩༦༡ བར་གྱི་རྒྱ་ནག་གི་མི་འབོར་”ཞེས་པའི་ནང་དུས་མིན་འཆི་རྐྱེན་བྱུང་བའི་མི་འབོར་བྱེ་བ་གསུམ་དང་ས་ཡ་གཉིས་བཞི་འབུམ་ལྔ་ཁྲི་བརྒྱད་སྟོང་གི་ཚོད་རྩིས་བྱས་ཡོད། རྒྱ་ནག་གི་མུ་གེ་ཆེན་མོའི་ཡིག་ཚགས།
༡༩༥༩ ནས་༡༩༦༡ ལོ་ཞེས་པའི་སྔོན་གླེང་དུ། “མའོ་ཙེ་ཏུང་གིས་སྐུལ་སློང་བྱས་པའི་མཆོངས་བསྐྱོད་ཆེན་པོའི་ཁྲོད། རྒྱ་ནག་ཏུ་འཇིག་རྟེན་ན་མཐོང་དཀོན་པའི་མུ་གེ་ཆེན་མོ་ཞིག་བྱུང་ཡོད། ཐེམ་ཐོ་དོ་དམ་སྡེ་ཁག་གི་མི་འབོར་ཤི་འདས་ཀྱི་སྡོམ་རྩིས་གྲངས་ཐོ་ལས་བསྟན་པ་ལྟར་ན། དུས་མིན་རྐྱེན་འདས་སུ་གྱུར་པའི་མི་འབོར་བྱེ་བ་གཅིག་དང་ས་ཡ་ལྔ་ལས་མི་ཉུང་བ་བྱུང་ཡོད། ཅེས་གསལ།
ཆབ་སྲིད་ཀྱི་མཇུག་འབྲས་ནི་༡༩༥༨ ལོའི་ལོ་མཇུག་ཏུ་མའོ་ཡི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་གོ་གནས་ཤོར་བ་དང་། དེའི་ཚབ་ཏུ་༡༩༥༩ ལོའི་ཟླ་༤ ནང་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ནས་ལིའུ་ཧྲའོ་ཆི་འདེམས་བསྐོ་བྱས། ( ༡༩༦༨ལོའི་ཟླ་༡༠ བར།) ༡༩༥༩ ལོའི་ཟླ་༧ པའི་ལུའུ་ཧྲན་ཚོགས་འདུའི་སྟེང་དམག་དཔོན་ཡིན་ཏའེ་ཧོས་ཀྱིས་དར་དམར་གསུམ་ལ་སྐྱོན་བརྗོད་ཀྱི་སྙན་ཞུ་ཡིག་འབྲུ་ཁྲི་ཅན་ཞིག་ཕུལ་ཏེ། མདུང་རྩེ་གཏོད་ས་གཙོ་བོ་མའོ་མ་ཡིན་པར། སྐབས་དེར་དཔལ་འབྱོར་ལས་དོན་གཙོ་སྐྱོང་བྱེད་མཁན་ལིའུ་ཧྲའོ་ཆི་དང་ཁོའི་ཕྱོགས་གཏོགས་བཅས་པས་མཆོངས་བསྐྱོད་ཆེན་མོའི་“འབྱོར་ལྡན་གྲལ་རིམ་གྱི་སྨྱོ་མཆོངས་རང་བཞིན་”ལ་འགན་ཁུར་དགོས་ཚུལ་བསྟན་ཡོད་ནའང་། ཏང་ནང་ཁུལ་གྱི་སྐྱོན་བརྗོད་བྱེད་པའི་ཁ་ཕྱོགས་
ལ་གཞིགས་ཏེ། མའོ་ཡིས་“ཡིན་ཏའེ་ཧོས་ཏང་ལ་ངོ་རྒོལ་གྱི་རུ་ཚོགས་”ཞེས་པའི་ནག་ཉེས་བཙུགས་ཏེ། རྒྱལ་སྲུང་བློན་ཆེན་དང་དམག་ཨུ་ཀྲུའུ་ཞི་གཞོན་པའི་གོ་གནས་ཕབ་སྟེ་བཟང་བཙོན་དུ་བཀག ཕིན་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་“གཡས་ལྷུང་སྐབས་འཚོལ་རིང་ལུགས་པ་ཞེས་པར་བཅད།
༡༩༦༢ ལོའི་ཟླ་༡ ནང་ཚུགས་པའི་མི་བདུན་སྟོང་གི་ཚོགས་ཆེན་སྟེང་།མའོ་ཡིས་དབུས་གཞུང་གིས་“རང་ཤེད་རིང་ལུགས་དང་མང་ཚོགས་དང་ཁ་བྲལ་བའི་ནོར་འཁྲུལ་ངོས་ལེན་བྱས་ཡོད་ཀྱང་། ལིའུ་ཧྲའོ་ཆི་ཡིས་རང་ཉིད་འགན་འཁྲིའི་དཔོན་རིགས་གཙོ་བོ་ཡིན་པའི་བྱེད་བབ་ལ་བསམ་ཞིབ་གང་ཡང་མ་བྱས་པར། འདས་
པའི་ཆག་སྒོ་དེ་དག་ནི་”བཅུ་ཆའི་གསུམ་རང་བྱུང་གནོད་འཚེ་དང༌། བཅུ་ཆའི་བདུན་མིའི་ནོར་འཛོལ་ལས་བྱུང་”ལུགས་བཤད། ཤོད་སྟངས་འདི་ནི་ལིའུ་ཡིས་མའོ་ལ་ཐད་ཀར་འགྲན་སློང་གི་བརྡ་རྟགས་ཤིག་ཏུ་བརྩི། ཚོགས་འདུའི་རྗེས། ལིའུ་ཧྲའོ་ཆི་དང་ཏིན་ཞའོ་ཕིན་ལ་བཅོས་བསྒྱུར་དབང་ཆ་སྤྲད་དེ། རང་གསུམ་འགན་གཙང་གཅིག་”གི་སྲིད་ཇུས་ལག་བསྟར་བྱས།$ འདིས་དཔལ་འབྱོར་ལེགས་བཅོས་བྱེད་ཐུབ་ཡོད་ཀྱང་། མའོ་དང་ཁོའི་རྗེས་འབྲངས་ཚོའི་བློར་མ་བབས་པར། ༡༩༦༥ ནས་ལིའུ་ཏིན་ཤོག་ཁག་ལ་སྐྱོན་བརྗོད་བྱེད་མགོ་
ཚུགས་ཏེ། ལོ་རྗེས་མའི་རིག་གནས་གསར་བརྗེའི་རྐྱེན་མགོ་བསླངས།

ང་༽ སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་ལས་འགུལ།
༡༩༦༢ ལོའི་ཟླ་༩ ནང་། པེ་ཅིན་དུ་ཚུགས་པའི་ཀྲུང་གུང་སྐབས་བརྒྱད་པའི་ཚོགས་ཆེན་ཐེངས་བཅུ་བའི་སྟེང་།
མའོ་ཡིས་“གྲལ་རིམ་འཐབ་རྩོད་རྩ་གནད་དུ་འཛིན་དགོས་པ་དང་། དེང་སང་མི་ལ་ལར་ཕག་ཤ་རྒྱ་མ་གསུམ་དང་། ཐ་མག་སྒམ་ཆུང་ཁ་ཤས་ཤིག་སྤྲད་དེ་རྔན་སླུ་བྱེད་ཐུབ་ཀྱི་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་སྤེལ་ན། གཞི་ནས་བཟོ་བཅོས་རིང་ལུགས་སྔོན་འགོག་བྱེད་ཐུབ་”ཅེས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་སྤེལ་དགོས་པའི་ཆབ་སྲིད་ལམ་ཕྱོགས་གསར་པ་བསྟན་པ་དང༌། ལོ་མཇུག་ཏུ། རྒྱལ་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་སྤེལ་མགོ་ཚུགས། དེར་ནང་དོན་གཉིས་ཡོད་པ་ལས། གྲོང་ཁྱེར་དུ་ཐོན་འབབ་ཡར་རྒྱས་དང་རྒྱུ་ཆ་བསྲི་ཚགས་ལ་དམིགས་པའི་“ལྐོག་ཟར་ངོ་རྒོལ་དང་། ཆུད་ཟོས་ལ་ངོ་རྒོལ།
དཔོན་ངན་རིང་ལུགས་ལ་ངོ་རྒོལ་”དང༌། “ལྐོག་རྔན་སྤྲོད་ལེན་ལ་ངོ་རྒོལ་དང་། ཁྲལ་རིགས་སྐུང་ཆད་(ཁྲལ་སྐུང་ཁྲལ་ཆད་)ལ་ངོ་རྒོལ། རྒྱལ་ཁབ་ཀྱི་རྒྱུ་ནོར་རྐུ་ ངོ་རྒོལ། རྒྱུ་ཆ་རྐུ་འཕྲི་སླ་བཅོས་ལ་ངོ་རྒོལ། རྒྱལ་ཁབ་ཀྱི་དཔལ་འབྱོར་གསང་གནས་རྐུ་ཁྱེར་ལ་ངོ་རྒོལ་བཅས་“གསུམ་རྒོལ་ལྔ་རྒོལ་གྱི་ལས་འགུལ་དང༌། གྲོང་གསེབ་ཏུ། ་རྩིས་ཁྲ་གཙང་བཤེར་དང་། མཛོད་ཁང་གཙང་བཤེར།རྒྱུ་ནོར་གཙང་བཤེར། ལས་ཀའི་སྐར་གྲངས་གཙང་བཤེར་བཅས་་གཙང་བཤེར་ཆུང་བ་བཞི་”ཡི་ལས་འགུལ་སྤེལ། ༡༩༦༣ ལོར་དབུས་གཞུང་ནས་ས་གནས་རིམ་པ་སོ་སོའི་ལས་ཁུངས་ཁག་ཏུ་ལས་དོན་རུ་ཁག་འབོར་ཆེན་བཏང་སྟེ། གཞི་རྒྱ་ཆེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་སྤེལ་བས། ཐོག་མའི་དམིགས་བྱ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངན་རུལ་པ་ཡིན་ཡང་། ལས་དོན་རུ་ཁག་གིས་ས་གནས་གཞུང་གི་སྒྲིག་འཛུགས་ཀྱི་དབང་ཆ་འཕྲོག་སྟེ། ས་བདག་དང་ཞིང་ཕྱུག གསར་བརྗེ་ངོ་རྒོལ་བ། གཡས་ལྷུང་བ། མི་ངན་བཅས་་ནག་པོ་རིགས་ལྔ་ཁ་གཏད་དུ་བཞག་པ་མ་ཟད། འཐབ་རྩོད་དང་། གཅར་རྡུང་། སྔོག་བཤེར། ཞྭ་མོ་གཡོག་པ། ཉེས་ཆད་གཅོད་པ་སོགས་ཐོག་མར་སློབ་གསོ་གཏོང་རྒྱུའི་འཆར་གཞི་ལས་ལྡོག་པའི་གྲལ་རིམ་འཐབ་རྩོད་ཀྱི་ལས་འགུལ་ཞིག་ཏུ་བསྒྱུར། ༡༩༦༥ ལོའི་ཟླ་༡ ནང་། དབུས་ཆབ་སྲིད་ཅུས་ཀྱིས་གཙང་བཤེར་བཞི་དེ་“ཆབ་སྲིད་གཙང་བཤེར་དང་། དཔལ་འབྱོར་གཙང་བཤེར། སྒྲིག་འཛུགས་གཙང་བཤེར། བསམ་བློ་གཙང་བཤེར་)བཅས་སུ་བསྒྱུར་བཅོས་བྱས་ཏེ། “ཏང་ནང་ཁུལ་གྱི་མ་རྩ་རིང་ལུགས་ཀྱི་ལམ་ལ་སྐྱོད་མཁན་དབང་འཛིན་ཤོག་ཁག་ (ལིའུ་ཏིང་ཤོག་ཁག)དག་ཐེར་བྱེད་དགོས་པའི་སྐུལ་སློང་བྱས།
ཨ་ལགས་ཙཡུས་བསྟན་འཛིན་དཔལ་འབར་གྱིས་བརྩམས་པའི་ངའི་ཕཡུལ་གྱི་ཡ་ང་བའི་ལོ་རྒྱུས་ཞེས་པའི་ནང་། ༡༩༦༦ལོའི་ཟླ་༧ པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་“རྙིང་བཞི་རྩ་གཏོར་”བྱེད་དུ་འབྱོར་ཏེ། ཉིན་གཅིག་ལ་དགོན་པའི་མཐའ་སྐོར་གྱི་མ་ཎིའི་འཁོར་ལོ་ལྔ་སྟོང་ལྷག་ཡོད་པ་ཚང་མ་རྩ་གཏོར་བཏང་བ་དང་། ལྷ་ཁང་དང་གྲྭ་ཤག་གཏོར་ཤུལ་དུ་ཞིང་ཁ་བཟོས། ཀྱེ་རྡོར་གྲྭ་ཚང་གི་འདུ་ཁང་བཤས་རར་བསྒྱུར། སྐུ་གསུང་ཐུགས་རྟེན་དང་དེ་དག་གི་རིན་པོ་ཆེའི་ཕྲ་རྒྱན་རྣམས་རྒྱ་ནག་ཏུ་ཁྱེར། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་བླ་སྤྲུལ་དང་དགེ་བཤེས་མང་དག་ཅིག་ལ་འཐབ་རྩོད་དང་ཉེས་རྡུང་སྣ་ཚོགས་བཏང་བ་དང་།
ཤོག་ཞྭ་གཡོགས་ཏེ་ཁྲོམ་སྐོར་དུ་ཁྲིད་རྗེས། འབྱོར་མེད་གྲལ་རིམ་གསར་བརྗེའི་གྱེན་ལོག་ཤོག་ཁག་ལ་རྩིས་སྤྲོད་དོ་དམ་བྱེད་དུ་བཅུག དེ་བཞིན་བོད་མི་མང་དག་ཅིག་མནར་གཅོད་བཟོད་ཐབས་བྲལ་ཏེ་རང་ཤི་རྒྱག་དགོས་བྱུང་བའི་གནས་ཚུལ་སྐོར་ཞིག་རྩོམ་པ་པོས་དཔེ་མཚོན་དུ་དྲངས་འདུག (ཞིབ་པར་མཁྱེན་འདོད་ན་དེབ་དེའི་ཤོག་ངོས་༢༠༢ ནས་༢༡༤ བར་གཟིགས།)

གཉིས་པ། རིག་གནས་གསར་བརྗེ་ཆེན་པོ།
རིག་གནས་གསར་བརྗེ་ཆེན་པོ་ནི། རྒྱ་ནག་གི་དེང་རབས་ལོ་རྒྱུས་སུ་བྱུང་བའི་ཆབ་སྲིད་ཀྱི་ལས་འགུལ་ཆེན་པོ་ཞིག་སྟེ། རྒྱ་ནག་ནང་ལས་འགུལ་འདིའི་ངོ་བོའི་ཐད་ངོས་འཛིན་བྱེད་སྟངས་ནི། ༡། ཏང་གི་འགོ་ཁྲིད་གཙོ་བོས་གནས་བབ་ལ་ཚོད་དཔག་བྱེད་ནོར་བྱུང་དབང་གིས། འོས་འཚམ་མ་ཡིན་པའི་དུས་སུ། འོས་འཚམ་མ་ཡིན་པའི་བྱེད་ཐབས་སྤྱད་དེ་སྐུལ་སྤེལ་བྱས་པའི་ནོར་འཁྲུལ་གྱི་ལས་འགུལ་ཞིག་དང་། ༢། འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་གྱི་ཆ་རྐྱེན་འོག སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་གཉིས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་འཐབ་རྩོད་རྒྱུན་མཐུད་པ་ཞིག ༣། མའོ་ཙེ་ཏུང་དང་ལིའུ་ཧྲའོ་ཆི་གཉིས་དབར་གྱི་དབང་ཆའི་འཐབ་རྩོད་ཅིག ༤། མའོ་ཙེ་ཏུང་གིས་སོ་སོའི་དམིགས་ཡུལ་འགྲུབ་ཆེད་སྤེལ་བའི་རིག་གནས་གསར་བརྗེ་ཞིག་དང་། མང་ཚོགས་ཀྱིས་སོ་སོའི་དམིགས་ཡུལ་འགྲུབ་ཆེད་རང་འགུལ་གྱིས་ཞུགས་པའི་རིག་གནས་གསར་བརྗེ་སྟེ། དུས་ཚོད་གཞིར་བཟུང་རིག་གནས་གསར་བརྗེ་དུས་རིམ་གཉིས་སུ་དབྱེ་བགོས་བྱས་པ་བཅས་ལྟ་སྟངས་ཁག་བཞི་ཙམ་ཡོད།) འདི་ནི་ཉམས་ཞིབ་པ་ཚོས་རྒྱ་ནག་ཧྲིལ་བོའི་གནས་སྟངས་གཞི་ལ་བཞག་སྟེ་རིག་གནས་གསར་བརྗེ་ལ་སྤྱི་ཡོངས་ཀྱིས་བསྐྱར་ཞིབ་བྱས་པའི་སྡོམ་ཚིག་ཅིག་ཡིན་ལ། ལས་འགུལ་འདིའི་དུས་ཡུན་དགར་སྟངས་ཐད། ༡༩༨༡ ལོའི་ཟླ་༦ ཚེས་༢༧ཉིན། ཀྲུང་གུང་སྐབས་༡༡ པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གཏན་འབེབས་བྱས་པའི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཁབ་བཙུགས་ཚུན་གྱི་ལོ་རྒྱུས་གནད་དོན་འགའི་གྲོས་ཆོད་ཅེས་པའི་ཡིག་ཆ་ལྟར་ན། ༡། ༡༩༦༦ ལོའི་ཟླ་༥ ནས་༡༩༦༩ ལོའི་ཟླ་༤ བར་དམར་ཚོགས་ཚོགས་ཆེན་ཐེངས་དགུ་བ་འཚོགས་པའི་བར། ༣། ཚོགས་ཆེན་ཐེངས་དགུ་བ་ནས་༡༩༧༣ ལོའི་ཟླ་༤ བར་དམར་ཚོགས་ཚོགས་ཆེན་ཐེངས་བཅུ་བ་འཚོགས་པའི་བར། ༣། ཚོགས་ཆེན་ཐེངས་བཅུ་བ་ནས་
༡༩༧༦ ལོའི་ཟླ་༡༠ བར་བཅས་དུས་རིམ་གསུམ་དུ་བཀར་ཡོད་པ་དང་། ཨ་རིའི་རྒྱ་ནག་ཉམས་ཞིབ་པ་གྲགས་ཅན་ཇོཧ་ཁིན། ཧྥར་བྷནཀ་ཡིས་བརྩམས་པའི་རླབས་ཆེན་གྱི་རྒྱ་ནག་གི་གསར་བརྗེ་”®️ཞེས་པའི་ནང་། རིག་གནས་གསར་བརྗེ་ཆེན་པོ་༡༩༦༥ ལོའི་ལོ་མཇུག་ནས་༡༩༦༩ ལོའི་ཟླ་བཞི་བའི་བར་ལོ་གསུམ་དང་ཕྱེད་ཀ་ཙམ་དུ་རྒྱུན་མཐུད་ཡོད་པར་ངོས་འཛིན་དང༌། དེ་ཡང་ལོ་གསུམ་དང་ཕྱེད་ཀ་དེ། ༡། ༡༩༦༥ ལོའི་ལོ་མཇུག་ནས་༡༩༦༦ ལོའི་དབྱར་ཀ་བར་་གྲ་སྒྲིག་གི་དུས་རིམ་”དང་། ༢། ༡༩༦༦ ལོའི་ཟླ་༨ ནས་ལོ་དེའི་ལོ་མཇུག་བར་དམར་སྲུང་དམག་གིས་ཡོངས་གྲགས་སུ་ལས་འགུལ་སྤེལ་བའི་དུས་རིམ། ༣། ༡༩༦༧ ལོའི་ཟླ་༡ ནས་༡༩༦༨ ལོའི་ལོ་དཀྱིལ་བར་དབང་རྩོད་དང་དྲག་འཐབ། ༤། ༡༩༦༨ ལོའི་དབྱར་ཀ་ནས་༡༩༦༩ ལོའི་ཟླ་༤ བར་དམར་ཚོགས་དང་སྲིད་གཞུང་གི་དབང་ཆའི་སྡེ་ཚན་བསྐྱར་བཙུགས་བཅས་དུས་རིམ་ཁག་བཞིར་
དབྱེ་བགོས་བྱས་ཡོད། འདི་ནི་གོང་དུ་ངོས་འཛིན་བྱེད་སྟངས་ཐད་དོན་ཚན་བཞིར་དབྱེ་བའི་དོན་ཚན་མཐའ་མ་མའོ་ཡི་རིག་གསར་ཞིག་དང་མང་ཚོགས་ཀྱི་རིག་གསར་བཅས་ཁག་གཉིས་སུ་དབྱེ་སྟངས་དེ་དང་ཅུང་མཐུན་ཆ་ཡོད་པ་དང༌། དུས་རིམ་དགར་སྟངས་འདིའི་ཐད་རྒྱ་ནག་གི་མཁས་པ་མང་བོས་ལྟ་ཚུལ་མི་མཐུན་པ་འཛིན་བཞིན་ཡོད་ལ། རྩོམ་པ་པོ་རང་ཉིད་ཀྱིས་བྲིས་པའི་དེབ་རིགས་གཞན་དུའང་འདི་དང་མི་མཐུན་པའི་ཆ་ཡོད་པ་ལུངས་དྲངས་ནས་སྐྱོན་འདོན་བྱེད་བཞིན་ཡོད། རྒྱ་ནག་གི་མཁས་པ་ཧོ་ཧུའུ་ཡིས།
༡། ༡༩༦༦ ལོའི་ཟླ་༥ ནས་ལོ་དེའི་ཟླ་༨།༩ བར། ཏང་ཨུའི་འགོ་ཁྲིད་འོག་གི་དགག་རྒྱག་དུས་རིམ། ༢། ༡༩༦༦ ལོའི་ཟླ་༡༠ ནས་༡༩༦༨ ལོའི་ཟླ་དགུ་བ་བར། མང་ཚོགས་རང་བཞིན་གྱི་གྱེན་ལོག་དང་། དབང་ཆ་འཕྲོག་རྩོད། ཕྱོགས་ཡོངས་ནས་ནང་འཁྲུག་གི་དུས་རིམ། ༣། ༡༩༦༨ ལོའི་ཟླ་༩ ནས་༡༩༧༡ ལོའི་ཟླ་༩ བར། གསར་བརྗེ་ཨུ་ལྷན་གྱི་འགོ་ཁྲིད་འོག་གི་འཐབ་དགག་བཅོས་གསུམ་གྱི་དུས་རིམ། ༤། ༡༩༧༡ ལོའི་ཟླ་༩ ནས་༡༩༧༦ ལོའི་ཟླ་བཅུ་བ་བར། གཡོན་ལྷུང་ཡོ་བསྲང་དང་གཡས་ལྷུང་ལ་དགག་རྒྱག དག་ཐེར་དང་དག་ཐེར་ལ་ངོ་རྒོལ་ཡང་སྐོར་བསྐྱར་སྐོར་དུ་བྱུང་སྟེ། མི་བཞི་ཤོག་ཁག་ཕམ་པར་བརྒྱབ་པའི་བར་བཅས་དུས་རིམ་ཁག་བཞིར་བགོས་ཡོད།འདིར་༡༩༦༦ ལོའི་ཟླ་༥ ཚེས་༡༦ ཉིན་“ལྔ་གཅིག་དྲུག་བརྡ་ཐོ་”བཏང་བ་ནས་༡༩༨༦ ཟླ་༡༠ བར་རིག་གསར་ལ་ཚད་མཐོའི་གདེང་འཇོག་བྱས་པ་དུས་རིམ་དང་པོ་དང་། ༡༩༦༩ ཟླ་༤ ནས་༡༩༧༣ ཟླ་༨ བར་དམར་ཤོག་ཚོགས་ཆེན་དགུ་བ་ནས་བཅུ་བའི་བར་དུས་རིམ་གཉིས་པ། ༡༩༧༣ ཟླ་༨ ནས་༡༩༧༦ ལོའི་ཟླ་༡༠ ཚེས་༦ ཉིན་མི་བཞི་ཤོག་ཁག་འཛིན་བཟུང་བྱས་པའི་བར་དུས་རིམ་གསུམ་སྟེ། དེའི་སྟེང་ཧྭ་གོ་ཧྲིན་གྱི་བར་བརྒལ་དུས་རིམ་དེ་ལེ་ཚན་རྗེས་མ་དང་མི་འདྲེས་འི་ཆེད་དུ་གཞུག་ལ་བསྣན་ཡོད།
རིག་གནས་གསར་བརྗེ་སློང་དགོས་པའི་རྒྱུ་མཚན་སྐོར་མའོ་ཡི་བཤད་སྟངས་ལྟར་ན། “སྤྱི་ཚོགས་རིང་ལུགས་ནི་རྒྱུན་རིང་གི་ལོ་རྒྱུས་ཀྱི་དུས་རིམ་ཞིག་ཡིན་པ་དང་། ལོ་རྒྱུས་ཀྱི་དུས་རིམ་འདིའི་ནང་། གྲལ་རིམ་དང༌། གྲལ་རིམ་འགལ་ཟླ།གྲལ་རིམ་འཐབ་རྩོད་ཐོག་མཐའ་བར་གསུམ་དུ་གནས་ཡོད་པ་མ་ཟད། སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་ལམ་ཕྱོགས་གཉིས་ཀྱི་འཐབ་རྩོད་གནས་ཡོད་པ་དང་། མ་རྩ་རིང་ལུགས་རོ་ལངས་རྒྱག་རྒྱུའི་ཉེན་ཁ་གནས་ཡོད་ལ། བཙན་རྒྱལ་རིང་ལུགས་དང་སྤྱི་ཚོགས་བཙན་རྒྱལ་རིང་ལུགས་ཀྱིས་མགོ་རྟིང་སློག་པ་དང་བཙན་འཛུལ་གྱི་འཇིགས་སྐུལ་གནས་ཡོད་”པའི་བཞིའི་སྒྲུབ་བྱེད་བཙལ་ཏེ། འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་འོག་མུ་མཐུད་གསར་བརྗེ་བྱེད་དགོས་པའི་འགྲེལ་བཤད་རྒྱག་གི་ཡོད།
མའོ་ཡིས་རང་ཉིད་ཀྱི་མི་ཚེའི་ནང་དོན་ཆེན་གཉིས་བསྒྲུབས་པ་ལས་གཅིག་ནི་གོ་མིན་ཏང་མ་པར་བརྒྱབ་པ་དང་། གཉིས་ནི་རིག་གནས་གསར་བརྗེ་ཆེན་དེ དེ་ཡིན་ཞེས་བཤད་ཡོད།

སྔ་ལྟས། ཧེ་རོས་གནས་དབྱུང་།
༡༩༥༩ ལོའི་ཟླ་༤ པར། མའོ་ཡིས་ལས་བྱེད་ཚོས་སྐད་ཆ་དྲང་པོ་བཤད་ཕོད་ཀྱི་མེད་པའི་སྨྲེ་ངག་བགྲང་ཤོར་དུ།ཧེ་རོས་ནང་བཞིན་“བདེན་པ་བདེན་ཐུབ་དང༌། དྲང་གཏམ་ཞུ་ཕོད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་གལ་ཆེ་བའི་སྐུལ་སློང་བྱས།ཧེ་རོས་ནི་མིང་རྒྱལ་རབས་ཀྱི་གོང་མ་ཅ་ཆིན་ལ་དྲང་གཏམ་ཞུ་ཕོད་མཁན་གྱི་དཔོན་རིགས་ཤིག་ཡིན་པ་དང་། དེའི་རྐྱེན་གྱིས་གོང་མས་གནས་དབྱུང་གིས་བཙོན་དུ་བཅུག་པ་ཞིག་ཡིན། ལོ་དེའི་ཟླ་༦ ནང་། པེ་ཅིང་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་ཝུ་ཧན་གྱིས་་ཏེ་རོས་ཀྱིས་གོང་མར་གཤེ་དམོད་་ཟེར་བའི་རྩོམ་ཡིག་ཅིག་སྤེལ་ཏེ། མའོ་ཡི་དྲང་གཏམ་བཤད་དགོས་པའི་སྐུལ་སློང་དྲིལ་བསྒྲགས་བྱས། ཟླ་༧ པའི་ནང་ལུའུ་ཧྲན་ཚོགས་འདུའི་སྟེང་ཕིན་ཏའེ་ཧོས་ཀྱིས་དབུས་གཞུང་གི་ནོར་འཁྲུལ་སྲིད་ཇུས་ལ་སྐྱོན་བརྗོད་བྱས་པར། མའོ་ཡིས་ཕིན་གནས་དབྱུང་བཏང་། ཟླ་༩ ནང་ཝུའུ་ཧན་གྱིས་མུ་མཐུད“ཧེ་རོས་གླེང་བ་ཞེས་པའི་རྩོམ་ཡིག་ཅིག་སྤེལ་བ་མ་ཟད། ༡༩༦༠ ལོའི་ལོ་མཇུག་“ཧེ་རོས་གནས་དབྱུང་”ཞེས་པའི་ཟློས་གར་འཁྲབ་གཞུང་བརྩམས་ཏེ། ༡༩༦༡ ལོའི་ལོ་སྟོད་དུ་པེ་ཅིང་ནས་འཁྲབ་སྟོན་བྱེད་མགོ་ཚུགས། ༡༩༦༢ ལོར་མའོ་ཡི་བཟའ་ཟླ་ཅང་ཆིན་©️གྱིས་ཧེ་རོས་གནས་དབྱུང་”ལ་དགག་པ་རྒྱག་དགོས་པའི་བསམ་ཚུལ་བསྟན།
༡༩༦༤ ལོའི་ཟླ་༧ པར། ཀྲུང་གུང་དབུས་གཞུང་གིས་ཕིན་ཀྲིན་གྱིས་ཚོགས་གཙོ་བྱས་པའི་“རིག་གནས་གསར་
བརྗེ་མི་ལྔའི་ཚོགས་ཆུང་་བཙུགས་ཏེ། རིག་གནས་དང༌། སློབ་གསོ། གསར་འགྱུར། སྒྱུ་རྩལ། དཔར་སྐྲུན་བཅས་ལས་རིགས་ལྔའི་ལས་དོན་ལ་གཙོ་སྐྱོང་བྱེད་དུ་བཅུག ༡༩༦༥ ལོའི་ཟླ་༡༡ པར། ཧྲང་ཧེ་གྲོང་ཁྱེར་གྱི་ཝིན་ཧོས་ཚགས་པར་སྟེང་།“གསར་དུ་བརྩམས་པའི་ལོ་རྒྱུས་འཁྲབ་གཞུང་ཧེ་རོས་གནས་དབྱུང་ལ་དཔྱད་པ་ཟེར་བའི་རྩོམ་ཡིག་ཅིག་ཐོན་པ་དང་། དེ་ནི་མི་བཞི་ཤོག་ཁག་གི་གཞུང་ལུགས་སྨྲ་བར་སྒྲོགས་པའི་ཡའོ་ཝིན་ཡོན་གྱིས་ཟིན་བྲིས་བཏབ་པ་དང་། ཅང་ཆིན་དང་ཀྲང་ཁྲུན་ཆའོ་གཉིས་མཉམ་ཞུགས་བྱས་ཏེ་བཏོན་པ་ཞིག་ཡིན། རྩོམ་ཡིག་དེར་ཝུའུ་ཧན་གྱི་“ཧེ་རོས་གནས་དབྱུང་”ནི་ཕིན་ཏའེ་ཧོས་ལ་དག་འབུད། །ཆོད་སློག་བྱས་པ་ཞིག་ཡིན་པ་དང་། ཏང་ལ་ངོ་རྒོལ་དང་སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་གྱི་དུག་རྩྭ་ཆེན་པོ་ཞིག་རེད་”ཅེས་བཀོད་ཡོད། དེའི་ཐད་མའོ་ཡིས། “ཧེ་རོས་གནས་དབྱུང་གི་གནད་དོན་ནི་གནས་དབྱུང་རེད། གོང་མ་ཅ་ཆིན་གྱིས་ཧེ་རོས་
གནས་དབྱུང་བཏང་བ་རེད། ༡༩༥༩ ལོར་ང་ཚོས་ཕིན་ཏའེ་ཧོས་གནས་དབྱུང་བཏང་བ་རེད། ཕེན་ཏའེ་ཧོས་ནི་ཧེ་རོས་རེད་ཅེས་བརྗོད་ཡོད། དེ་ལྟར་ན། མའོ་ཙེ་ཏུང་ཁོ་རང་གོང་མ་ཅ་ཆིན་ནང་བཞིན་ཀླད་མེད་ཅིག་ཡིན་ཚུལ་ཤུགས་ཀྱིས་ཁས་ལེན་དགོས་པ་མིན་ནམ།༡༩༦༦ ཟླ་༤ ཚེས་༡༠ ཉིན། མི་དམངས་ཉིན་རེའི་ཚགས་པར་དང་དར་དམར་དུས་དེབ་སྟེང༌། ་ཧེ་རོས་ཀྱིས་གོང་མར་གཤེ་དམོད་དང་ཧེ་རོས་གནས་དབྱུང་གི་ངོ་ལོག་དོན་དངོས་དང་།ཧེ་རོས་ཀྱིས་གོང་མར་གཤེ་དམོད་དང་ཧེ་རོས་གནས་དབྱུང་ནི་ཏང་ལ་ངོ་རྒོལ་དང་སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་གྱི་དུག་རྩྭ་ཆེན་མོ་རེད་ཅེས་པའི་རྩོམ་ཡིག་སྔ་རྗེས་སུ་སྤེལ་ཏེ། རིག་གནས་གསར་བརྗེ་ཆེན་པོ་བསླང་རྒྱུའི་རྟགས་མཚན་དང་པོ་ཐོན།

ཀ༽ རིག་གནས་གསར་བརྗེའི་དུས་རིམ་དང་པོ། (༡༩༦༦ ནས་༦༨ བར།)
༡) ལྔ་གཅིག་དྲུག་བརྡ་ཐོ།
༡༩༦༦ ཟླ་༥ ཚེས་༡༦ ཉིན། དབུས་ཆབ་སྲིད་ཇུས་ཀྱིས་“ཀྲུང་གོ་གུང་ཁྲན་ཏང་དབུས་འཐུས་མི་ལྷན་ཚོགས་ཀྱི་བརྡ་ཐོ་”ཞེས་པ་ཞིག་གྲོས་འཆམ་བྱུང་བ་དང་། མའོ་ཙེ་ཏུང་ཚོགས་བཅར་བྱས་མེད། བརྡ་ཐོའི་ཟིན་བྲིས་ནི་ཁང་ཧྲིན་དང་ཁྲིན་པེ་ཏ་གཉིས་ཀྱིས་བཏབ་པ་དང་། མའོ་ཡིས་བཟོ་བཅོས་བྱས། བརྡ་ཐོའི་ནང་། ༡) ཟླ་གཉིས་པའི་ནང་རིག་གནས་གསར་བརྗེ་མི་ལྔའི་ཚོགས་ཆུང་གི་ཚོགས་གཙོ་ཕིན་ཀྲིན་གྱིས་ཝུའུ་ཧན་དང་ཡིན་ཏའེ་ཧོས། ཧེ་རོས་གནས་དབྱུང་དང་ལུའུ་ཧྲན་ཚོགས་འདུའི་བར་འབྲེལ་བ་གང་ཡང་མེད་ལུགས་ཀྱི་“ ཟླ་གཉིས་པའི་གྲོས་གཞི་ཟེར་བ་ཞིག་བཏོན་པ་དེ་ཕྱིར་བསྡུ་དང་འབྲེལ། མི་ལྔའི་ཚོགས་ཆུང་ནི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་མཐའ་འཁྱོངས་བྱ་རྒྱུར་ངོ་རྒོལ་དང༌། མའོ་ཀྲུའ་ཞིས་གཙོས་པའི་ཏང་ཀྲུང་དབྱང་གི་རིག་གནས་གསར་བརྗེའི་ལམ་ཕྱོགས་ལ་ངོ་རྒོལ། མ་རྩ་རིང་ལུགས་ཀྱི་གཡས་ཕྱོགས་པ་འགེབས་སྲུང་བྱས་ཏེ། མ་རྩ་རིང་
ལུགས་རོ་ལངས་རྒྱག་རྒྱུར་གླེང་ཕྱོགས་གྲ་སྒྲིག་བྱས་་ཡོད་ལུགས་དང་། ༢) རིག་གནས་གསར་བརྗེ་མི་ལྔའི་ཚོགས་ཆུང་ཕྱིར་བསྡུ་བྱས་ཏེ།དེའི་ཚབ་ཏུ་ཆབ་སྲིད་ཅུས་རྒྱུན་ལས་ཁང་གི་གཤམ་འོག་ཏུ་གཏོགས་པའི་ཀྲུང་དབྱང་རིག་གནས་གསར་བརྗེ་ཚོགས་ཆུང་།བཙུགས་པ་དང་།རྒྱ་ནག་རྒྱལ་ཡོངས་སུ་དེའི་རྗེས་ཟློས་བྱས་ཏེ་རིག་གསར་ཚོགས་ཆུང་གཅིག་འཕྲོར་གཉིས་མཐུད་དུ་བཙུགས།བརྡ་ཐོ་དེའི་ནང་ད་དུང་། ཏང་ནང་དང་། སྲིད་གཞུང་ནང་། དམག་དཔུང་ནང་། རིག་གནས་ཀྱི་སྡེ་ཁག་ནང་བཅས་པར་སིམ་འཛུལ་བྱེད་མཁན་མ་རྩ་རིང་ལུགས་ཀྱི་འཐུས་ཚབ་མི་སྣ་དེ་དག་ནི་གསར་བརྗེར་ངོ་རྒོལ་གྱི་བཟོ་བཅོས་རིང་ལུགས་པ་སྐོར་ཞིག་ཡིན་པ་དང་། གོ་སྐབས་རག་པ་ཡིན་ན། ཁོ་ཚོས་སྲིད་དབང་འཕྲོག་རྩོད་བྱས་ཏེ། འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་དེ་མ་རྩ་རིང་ལུགས་ཀྱི་སྲིད་དབང་སྒེར་འཛིན་དུ་བསྒྱུར་རྩིས་བྱེད། མི་འདི་དག་ལས་སྐོར་ཞིག་ང་ཚོས་ངོ་ཆོད་ཡོད་ལ། ཁ་ཤས་ད་དུང་ངོ་ཆོད་མེད། ལ་ལར་ང་ཚོས་ལས་གནས་བཀོད་སྒྲིག་བྱས་ཏེ། ང་ཚོའི་རྒྱུད་འཛིན་པར་གསོ་སྐྱོང་བྱས་ཡོད། དཔེར་ན་ཁརུཤ་ཆིཕ་ལྟ་བུའི་མི་ཡོད། ཁོ་ཚོ་ང་ཚོའི་ཉེ་འཁྲིས་སུ་ཡོད་པས། རིམ་པ་སོ་སོའི་ཏང་ཨུས་ངེས་པར་དུ་འདིའི་ཐད་དོ་སྣང་གཟབ་ནན་བྱེད་དགོས།”ཞེས་དང༌། འབྱོར་མེད་གྲལ་རིམ་རིག་གནས་གསར་བརྗེའི་དར་ཆེན་མཐོན་པོར་བསྒྲེངས་ཏེ། ཏང་ལ་ངོ་རྒོལ་དང་སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་་རིག་གཞུང་གི་དབང་གྲགས་ཅན་བ་དེ་དག་གི་འབྱོར་ལྡན་གྲལ་རིམ་གྱི་ལོག་སྤྱོད་ལམ་ཕྱོགས་ཐེར་འདོན་མཐིལ་ཕྱིན་བྱས་ཏེ། རིག་གཞུང་དང་། སློབ་གསོ། གསར་འགྱུར། སྒྱུ་རྩལ།
དཔར་སྐྲུན་བཅས་ལས་རིགས་ཀྱི་འབྱོར་ལྡན་གྲལ་རིམ་ལོག་སྤྱོད་བསམ་བློར་དགག་རྒྱག་མཐིལ་ཕྱིན་བྱེད་དགོས་པ་དང་། རིག་གནས་ཀྱི་ཁྱབ་ཁོངས་འདི་དག་གི་མགོ་ཁྲིད་དབང་ཆ་འཕྲོག་ལེན་བྱེད་དགོས།”ཞེས་སོགས་བཀོད་ཡོད།
སྐབས་དེར་མི་མང་པོ་ཞིག་གི་སེམས་སུ་འདི་ནི་མའོ་ཡིས་རྒྱ་ནག་སྤྱི་ཚོགས་ལ་ཚོད་ལྟ་ཆེན་པོ་ཞིག་བྱས་ཏེ། རྒྱ་ནག་གི་སྤྱི་ཚོགས་རྙིང་པ་རྩ་གཏོར་གྱིས་སྤྱི་ཚོགས་གསར་པ་ཞིག་འཛུགས་རྒྱུའི་འབད་པ་བསྟེན་པའི་སྣང་བ་འཁྲུལ་ཡོད་མོད། དེང༌སང་དེ་ནི་མའོ་ཡིས་རིག་གནས་གསར་བརྗེ་ཁ་ལ་འཁྱེར་ནས་དབང་རྩོད་ཀྱི་འཕྲུལ་བསྟན་པ་ཞིག་ཡིན་པར་མཁས་པ་མང་ཆེ་བས་ངོས་འཛིན་བྱེད་ཀྱི་ཡོད། དབང་ཆའི་ཐད་མའོ་ལ་རྣམ་རྟོག་ཡོང་གཞི་གཙོ་བོ་ཞིག་ནི། རྒྱ་གུང་ཁྲན་གྱི་ཇོ་ཇོར་བརྩི་བའི་སུའུ་ལན་(ར་ཤི་ཡ།)གྱི་སྲིད་དབང་སྒེར་གཅོད་པ་སི་ཏ་ལིན་ཤི་རྗེས། ཁརུཤ་ཆཕ་ཡིས་སི་ཏ་ལིན་གྱི་ངན་མཚང་ཆ་ཚང་བརྟོལ་བའི་བྱེད་བབ་དེས་མའོ་ལ་བློ་དོགས་བསླངས་པ་དང་། ལིའུ་ཧྲའོ་ཆི་འདི་གང་ནས་བལྟས་ཀྱང་རྒྱ་ནག་གི་ཁརུཤ་ཆིཕ་ཞིག་མ་གཏོགས་འགྲོ་
ས་མེད་པར་ཐག་བཅད་པས་རྗེས་ཀྱི་ཆག་སྒོ་དེ་དག་ཡོང་བ་ཞིག་ཡིན།

༢) ཀྲུང་དབྱང་རིག་གནས་གསར་བརྗེ་ཚོགས་ཆུང་། ༡༩༦༦ ནས་༦༩ བར།
ཚོགས་ཆུང་འདི་ཟླ་༥ ཚེས་༢༨ ཉིན་བཙུགས་པ་དང་། དེའི་ཚོགས་གཙོ་བོ་ཁྲིན་པོ་ཏ་དང་། ཅང་ཆིན་དང་ཀྲང་ཁྲུན་ཆའོ་སོགས་ཚོགས་གཞོན་དུ་བསྐོས། ཚོགས་ཆུང་འདིས་རིམ་གྱིས་ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ནུས་མེད་དུ་བཏང་སྟེ། དེ་དག་གི་དབང་ཆ་བདག་གིར་བཟུང་། ཚོགས་ཆུང་འདིས་“ཡོད་ཚད་ཕམ་པར་བརྒྱབ་སྟེ། ཕྱོགས་ཡོངས་ནས་ནང་འཁྲུག་སློང་རྒྱུའི་སྐུལ་སློང་བྱས་ཏེ། རྒྱལ་ཡོངས་སུ་“འབྱོར་ལྡན་གྲལ་རིམ་གྱི་ལོག་སྤྱོད་ལམ་ཕྱོགས་ལ་དགག་པ་རྒྱག་དགོས་པའི་ཚ་རླབས་འཕྱུར་དུ་བཅུག་པ་དང་། མདུང་རྩེ་གཏོད་ས་གཙོ་བོ་ལིའུ་ཧྲའོ་ཆི་དང་ཏིང་ཞའོ་ཕིན་གཉིས་ཡིན། དེར་མཐུད་ལོ་༩ ནས་༡༨ བར་གྱི་སློབ་ཕྲུག་ལས་གྲུབ་པའི་དམར་སྲུང་དམག་གིས་“སྦྲེལ་གཏུགས་ཆེན་མོ་ཟེར་བས་རྒྱལ་ཡོངས་སུ་འཁྲུག་ཟིང་བསླངས་ཏེ།@ ས་གནས་སོ་སོའི་ཏང་གི་སྒྲིག་འཛུགས་དང་སྲིད་གཞུང་ནུས་མེད་དུ་བཏང་། ༡༩༦༨ ལོའི་
ཟླ་༩ བར། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་༢༩ ནང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་ཟིན་ཡོད།
༡༩༦༩ ལོར་ཀྲུང་གུང་སྐབས་དགུ་བའི་ཚོགས་ཆེན་གྱིས་དབུས་ཆབ་སྲིད་ཅུས་ཀྱི་མི་འགྲོར་འགྱུར་བ་བཏང་སྟེ། “ཀྲུང་དབྱང་རིག་གསར་”གྱི་མགོ་ཁྲིད་ལྔ་བོ་ཆབ་སྲིད་ཅུས་སུ་འདེམས་བསྐོ་བྱས་པས། ཀྲུང་དབྱང་རིག་གསར་”རང་བཞིན་གྱིས་ཡལ་སྟོངས་སུ་གྱུར། རྗེས་སུ་གོང་འཁོད་མི་ལྔ་ནས་ཅང་ཆིན་དང་། ཀྲང་ཁྲུན་ཆའོ། ཡའོ་ཝུན་ཡོན་གསུམ་ལ་ཁྲིམས་ཆད་ཕོག་པ་དང༌། ཁྲིན་པེ་ཏ་དང་ཁང་ཧྲིན་གཉིས་ལ་ཡོངས་གྲགས་སུ་སྐྱོན་བརྗོད་བྱས་ཡོད།

༣) བཀོད་འདོམས་ཁང་ལ་མེ་སྒྱོགས་འཕེན།
༡༩༦༦ ལོའི་ཟླ་༥ ཚེས་༢༥ ཉིན། པེ་ཅིན་སློབ་གྲྭ་ཆེན་མོའི་དགེ་ལས་བདུན་གྱིས་པེ་ཅིན་སློབ་ཆེན་དང༌། པེ་ཅིན་གྲོང་ཁྱེར་ལ་སྐྱོན་བརྗོད་ཀྱི་ཡིག་ཆེན་ཚགས་པར་ཐོག་མ་དེ་བཏོན་པ་དང་། མའོ་ཡིས་དེ་ནི་“རྒྱལ་ཡོངས་ཀྱི་མར་ལེ་རིང་ལུགས་ཀྱི་ཡིག་ཆེན་ཚགས་པར་ཐེངས་དང་པོ་རེད། རྩོམ་ཡིག་དེ་ཞིན་ཧྭ་གསར་ཁང་དང༌། རྒྱལ་ཡོངས་ཀྱི་ཚགས་དེབ་ཁག་ཏུ་ཆ་ཚང་འགོད་སྤེལ་བྱེད་དགོས་པའི་བཀའ་བཏང་། སྐབས་དེར་དམར་སྲུང་དམག་གིས་སློབ་གྲྭའི་དགེ་རྒན་དང་མགོ་ཁྲིད་ལ་འཐབ་རྩོད་བྱས་ཏེ།སློབ་གྲྭའི་རྒྱུན་ལྡན་གྱི་སློབ་གཉེར་མཚམས་ཆད་པའི་གནས་སྟངས་བཅོས་སྒྲིག་ཆེད། ལིའུ་ཏིན་གཉིས་ཀྱིས་གཞི་རིམ་དུ་ལས་དོན་རུ་ཁག་འབོར་ཆེན་བཏང་བ་དེ་དག་གིས་ས་གནས་སོ་སོའི་ཏང་གི་སྒྲིག་འཛུགས་དང་མཉམ་རུབ་ཀྱིས་སློབ་མ་མནན་པས། མའོ་ཡིས་ལིའུ་ཧྲའོ་ཆི་དང་ཏིན་ཞའོ་ཕིན་ནི་“འབྱོར་ལྡན་གྲལ་རིམ་གསར་བརྗེ་ངོ་ལོག་པའི་བཀོད་འདོམས་ཁང་ཡིན་པ་དང་། རང་ཉིད་ནི་་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བཀོད་འདོམས་ཁང་”ཡིན་ལུགས་བསྒྲགས། ཟླ་༨ ཚེས་༥ ཉིན། མའོ་ཡིས་“བཀོད་འདོམས་ཁང་ལ་མེ་སྒྲོགས་འཕེན། ངའི་ཡིག་ཆེན་ཚགས་པར་ཞིག་ཟེར་བའི་རྩོམ་ཡིག་ཅིག་སྤེལ་ཏེ། མི་ལ་ལ་་ལོག་སྤྱོད་ཀྱི་འབྱོར་ལྡན་གྲལ་རིམ་གྱི་ལངས་ཕྱོགས་སུ་བསྡད་དེ། འབྱོར་ལྡན་གྲལ་རིམ་སྲིད་དབང་སྒེར་འཛིན་བྱེད་ཀྱིན་ཡོད་པ་དང་། ཚ་ཚ་འུར་འུར་གྱི་འབྱོར་མེད་
གྲལ་རིམ་གྱི་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་གནོན་འཇོམས་བྱེད་རྩིས་ཡོད་ཅེས་ཐ་ཚིག་བསྒྲགས།
ཟླ་༨ ཚེས་༨ ཉིན། དབུས་དམར་ཤོག་ཚོགས་པས་“ཀྲུང་གོ་གུང་ཁྲན་ཏང་དབུས་འཐུས་མི་ལྷན་ཚོགས་ཀྱི་འབྱོར་མེད་གྲལ་རིམ་རིག་གནས་གསར་བརྗེ་ཆེན་པོའི་ཐད་ཀྱི་གཏན་འབེབས་》(དོན་ཚན་བཅུ་དྲུག)གྲོས་འཆམ་བརྒྱུད་བསྒྲགས་བྱས་པ་དང་། དེའི་ནང་“ལག་པ་གློད་ནས་མང་ཚོགས་སྐུལ་སློང་”དང༌། “མང་ཚོགས་རྣམས་ལས་འགུལ་ཁྲོད་སོ་སོས་སོ་སོར་སློབ་གསོ་སྤྲོད་དུ་འཇུག་དགོས། རིག་གནས་གསར་བརྗེའི་དམིགས་ཡུལ་ནི། «མ་རྩ་རིང་ལུགས་ཀྱི་ལམ་ལ་འགྲོ་མཁན་དབང་འཛིན་ཕྱོགས་ཁག་འཐབ་ནས་བསྐྱེལ་དགོས་པ་དང་། འབྱོར་ལྡན་གྲལ་རིམ་གྱི་ལོག་སྤྱོད་པའི་རིག་གཞུང་དབང་གྲགས་ཅན་ལ་སྐྱོན་བརྗོད། འབྱོར་ལྡན་གྲལ་རིམ་དང་བཤུ་གཞོག་གྲལ་རིམ་གྱི་འདུ་ཤེས་འཛིན་སྟངས་ཡོད་ཚད་ལ་སྐྱོན་བརྗོད། སློབ་གསོ་བཅོས་བསྒྱུར་དང་། རིག་རྩལ་བཅོས་བསྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་རྨང་གཞི་དང་མི་འཚམ་པའི་སྟེང་གི་བཀོད་པ་ཡོད་ཚད་བཅོས་བསྒྱུར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་ལ་སྨན་ཐབས་བྱ་དགོས་”ཞེས་བཀོད་ཡོད།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་སྟེང་ལིའུ་ཏིན་གཉིས་ལ་སྐྱོན་བརྗོད་དང་སྦྲགས། ཟླ་༨ ཚེས་༡༢ ཉིན་མི་འགྲོ་བཅོས་སྒྲིག་གིས་རྒྱུན་ལས་མི་༡༡ ལས་ལིའུ་ཧྲའོ་ཆི་མིང་རིམ་ཨང་གཉིས་པ་ནས་བརྒྱད་པར་ཕབ། ལིའུ་ཡི་ཚབ་ཏུ་ལིན་པེའོ་བསྐོས་ཏེ། མའོ་ཡི་ཤུལ་རྒྱུན་འཛིན་མཁན་ལིན་པེའོ་ཡིན་ཤག་གི་རྣམ་པ་བསྟན།
མའོ་དང་ལིན་པེའོ་མཉམ་འབྲེལ་ཐོག་་མ་རྩ་རིང་ལུགས་ཀྱི་ལམ་ལ་འགྲོ་མཁན་”ལ་རྡུང་རྡེག་གཏོང་ཆེད། དམར་སྲུང་དམག་སྐུལ་སློང་བྱས་ཏེ། རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་སྲིད་དབང་འཛིན་པར་རྒོལ་རྡུང་བྱས་པས། ས་གནས་འགའ་ཤས་སུ་ཤོག་ཁག་མི་འདྲ་བའི་དམར་སྲུང་དམག་དབར་འཁྲུག་འཛིང་བྱུང་སྟེ། མའོ་ཡིས་ཀྱང་ཁ་ལོ་བསྒྱུར་མ་ཐུབ་པ་ཆགས་ཤིང༌།
མཐར་ཨུ་ཐུག་ནས་དམག་དཔུང་དྲག་གནོན་བྱེད་དུ་མི་གཏོང་ཀ་མེད་ཆགས།

༤) ལིའུ་ཏིན་གཉིས་ཕམ་པར་བརྒྱབ་པ།
ལིའུ་ཧྲའོ་ཆི་ཡིས་དར་དམར་ཆེན་པོ་གསུམ་སོགས་མའོ་ཡི་སྲིད་ཇུས་ལ་བསམ་ཚུལ་མི་མཐུན་པ་འཆང་སྟབས། རིག་གསར་ཁྲོད་“རྒྱལ་ཡོངས་ཀྱི་མ་རྩ་རིང་ལུགས་ཀྱི་ལམ་ལ་འགྲོ་མཁན་དབང་འཛིན་པ་ཆེ་ཤོས་ཀྱི་ཉེས་པ་བཀལ་ཏེ། ༡༩༦༦ ལོར་ཀྲུང་གུང་ཀྲུང་དབྱང་(དབུས་དམར་ཤོག་ཚོགས་པ།)ཀྲུའུ་ཞི་གཞོན་པའི་གོ་གནས་ཕབ་པ་དང་། ༡༩༦༧ལོ་ནས་བཟུང་ཀྲུང་ནན་ཧེ་རུ་ཡོད་པའི་རང་ཤག་ཏུ་བཟང་བཙོན་ལ་བཀག ༡༩༦༨ ལོའི་ཟླ་༡༠ པར། རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཐོག་པའི་གོ་མིང་ཡོད་མཁན་ལིའུ་ཧྲའོ་ཆི་ལ་“ངོ་ལོག་པ། ནང་རུལ་པ། བཟོ་རྐུན་”བཅས་ཀྱི་ཉེས་པ་བཙུགས་ཏེ།d] ཏང་ཕྱི་ནང་གི་ལས་གནས་ཡོངས་རྫོགས་ཕྱིར་བསྡུ་དང་། དུས་གཏན་དུ་ཏང་ཁོངས་ནས་གནས་དབྱུང་བཏང་། སྤྱི་ལོ་༡༩༦༧ ཟླ་༡༠ ཚེས་༡༧ ཉིན་ཁའེ་ཧྲིན་
ཏུ་བཏང་བ་དང་། ཟླ་༡༡ ཚེས་༡༢ ཉིན་ཤི། ཚེས་༡༣ ཉིན་བེམ་པོ་བསྲེགས། དུར་ཁང་གི་ཐོ་གཞུང་དུ་ཤི་མཁན་གྱི་མིང་། ལིའུ་ཝེ་ཧོང་། ལས་གནས། ལས་མེད་ཅེས་བྲིས་ཡོད།།
༡༩༦༦ ལོར་དམར་སྲུང་དམག་གིས་རྒྱ་ནག་རྒྱལ་ཡོངས་སུ་ཕུ་དཀྲུག་མདའ་དཀྲུག་བྱེད་བཞིན་པའི་སྐབས་སུ། ཏིན་ཞའོ་ཕིན་གྱིས་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་ཆེད། སློབ་གྲྭ་ཆེ་འབྲིང་ཁག་ཏུ་ལས་དོན་ཚོགས་ཆུང་བཏང་སྟེ་རྔམ་སྟོན་ཁྲོམ་སྐོར་དང་ཡིག་ཆེན་ཚགས་པར་སྦྱར་འགྲེམས་འགོག་ཐབས་བྱས་ཀྱང་། མའོ་ཡིས་དེ་མ་ཐག་ལས་དོན་ཚོགས་ཆུང་ཕྱིར་བསྡུ་བྱས། ༡༩༦༧ ལོའི་ལོ་སྟོད་དུ། ཝང་ཧུང་ཝུན་གྱིས་སྣེ་འཁྲིད་དེ།
ཧྲང་ཧེ་བཟོ་བའི་གསར་བརྗེ་གྱེན་ལོག་སྤྱི་ཁྱབ་བཀོད་འདོམས་ཁང་ཟེར་བས་ཧྲང་ཧེ་གྲོང་ཁྱེར་སྲིད་གཞུང་གི་དབང་ཆ་འཕྲོག དེར་ཟླ་དང་པོའི་རླུང་འཚུབ་ཟེར། ཟླ་༣ ནང་། རྒྱ་ནག་གི་དམག་གི་གོ་ཐོབ་མཐོ་ཤོས་ཡོད་པའི་ཡོན་ཧྲོའི་གཉིས་དང་སྲིད་བློན་གཞོན་པ་ལྔ་ཡིས་ལིན་པེའོ་དང་ཅང་ཆིན་གྱི་བྱེད་སྟངས་བློར་མ་བབས་པར་སྐྱོན་བརྗོད་ཤུགས་ཆེ་བྱས་པས། མའོ་ཡིས་དེར་་ ཟླ་གཉིས་པའི་ཆུ་རླབས་གྱེན་ལྡོག་ཅིས་དམའ་འབེབས་བྱས། དེར་མཐུད། རྒྱ་ནག་རྒྱལ་ཡོངས་སུ་ངོ་ལོག་པ་འཇུ་བཟུང་གི་ལས་འགུལ་དང་། གསར་བརྗེ་སྐྱོན་བརྗོད་ཆེན་མོའི་ལས་འགུལ། གྲལ་རིམ་དཔུང་སྡེ་གཙང་བཤེར་བཅས་ཀྱི་ལས་འགུལ་སྤེལ། ཟླ་༢ ཟླ་མཇུག་ཏུ་ཏིང་ཞའོ་ཕིན་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གོ་གནས་མེད་པར་བཟོས།
དམར་སྲུང་དམག་གིས་ཏིན་ནི་“གྲལ་རིམ་འཐབ་རྩོད་ཡལ་འཇགས་སྨྲ་བའི་”འཐུས་ཚབ་དང་། མའོ་ཀྲུའུ་ཞི་ལ་ངོ་རྒོལ་བྱེད་མཁན། འཚོ་བའི་ཀུན་སྤྱོད་རུལ་སུངས་(Bidgeཏ་སི་རྩེད་དགའ་བ།)སོགས་ཉེས་པ་བཙུགས། ཟླ་༨ ནང་། དམར་སྲུང་དམག་ཏིན་གྱི་སྡོད་ཤག་ཏུ་བསྐྱོད་དེ་དྲག་པོའི་འཐབ་རྩོད་བཏང་། ཏིན་གྱི་ནུ་བོ་ཏིན་ཧྲུའུ་ཕིན་ཨུ་ཐུག་སྟེ་རང་ཤི་བརྒྱབ་པ་དང་།
བུ་ཆེ་བ་ཏིན་ཕུའུ་ཧྥང་ཁང་རྩེག་བཞིའི་སྟེང་ནས་མཆོངས་ཏེ་སྐེད་པ་མན་གྱི་ལུས་ཕྱེད་ཞ་སྐུམ་དུ་གྱུར། ༡༩༦༨ ལོའི་ཟླ་༩ ཏིན་ཁྱིམ་ཚང་ཀྲུང་ནན་ཧེ་ནས་སྤོས། ཟླ་༡༠ ནང་ཏིན་གྱི་ཏང་ཕྱི་ནང་གི་གོ་གནས་ཡོད་ཚད་མེད་པར་བཟོས། འོན་ཀྱང་ལིའུ་ཧྲའོ་ཆི་དང་མི་འདྲ་བར་དམར་ཤོག་ཚོགས་མིའི་ཐོབ་ཐང་རང་སོར་བཞག ༡༩༦༩ ལོའི་ཟླ་༡༠ པར་ཅང་ཞི་ཞིང་ཆེན་གྱི་ནན་ཁྲང་དུ་བསྐྱལ་ཏེ། རྐང་དམག་གི་སློབ་གྲྭ་ཞིག་ཏུ་བཟང་བཙོན་ལ་བཅུག ༡༩༧༠ ལོར་བཟའ་ཟླ་དང་མཉམ་དུ་འདྲུད་འཐེན་འཁོར་ལོ་བཟོ་གྲྭར་ངལ་རྩོལ་བྱེད་དུ་བརྫངས།
༥) དམར་སྲུང་དམག་
དམར་སྲུང་དམག་ཅེས་པ་ནི་མའོ་ཙེ་ཏུང་གི་དམར་མདོག་སྲུང་སྐྱོབ་ཀྱི་དམག་མི་ཟེར་བའི་དོན་ཡིན་ཞིང་། དམར་མདོག་ནི་དམར་ཤོག་ཚོགས་པའམ་གསར་བརྗེ་ལ་གོ ཚིག་འདི་ཐོག་མར་བེད་སྤྱོད་གཏོང་མཁན་ཆིན་ཧྭ་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་གི་སློབ་མ་ཀྲང་ཁྲིན་ཀྲི་ཟེར་བས་ཡིག་ཆེན་ཚགས་པར་ནང་བཀོད་ཐོན་བྱུང་བ་ལས་དར་ཁྱབ་ཕྱིན་པ་དང་། ཕྱིས་སུ་སློབ་མ་ཚོས་ཡིག་ཆེན་ཚགས་པར་སྦྱར་འགྲེམས་སྐབས། ཚང་མས་དམར་སྲུང་དམག་ཅེས་མིང་འགོད་བྱེད་ཀྱིན་ཡོད།
ཟླ་༨ ཚེས་༡ ཉིན། མའོ་ཙེ་ཏུང་གིས་ཆིན་ཧྭ་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་ལ་ཡི་གེ་བསྐུར་ཏེ། ལོག་
སྤྱོད་པར་གྱེན་ལོག་བྱེད་པ་ནི་ལུགས་མཐུན་ཡིན་”ཞེས་བསྟོད་བསྔགས་བྱས། དེར་མཐུད། རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཐམས་ཅད་སློབ་མཚམས་བཞག་ནས་གསར་བརྗེ་བྱེད་”པའི་རླུང་འཚུབ་ལངས་པ་དང་། སློབ་མ་ཚོས་རང་རང་ས་ནས་དམག་འཐབ་རུ་ཁག་འདྲ་མིན་བཙུགས་ཏེ། རུ་ཁག་གི་མིང་ལ་མའོ་ཡི་སྙན་ཚིག་དང་སྐབས་དེའི་དོན་རྐྱེན་ཆེ་ཁག་སོགས་སྣ་ཚོགས་ཤིག་བཏགས་ཡོད། ཁོ་ཚོས་ཡིག་ཆེན་ཚགས་པར་འབྲི་བ་དང༌། སློབ་གྲྭའི་དགེ་ལས་ལ་འཐབ་རྩོད། རྒྱལ་ཡོངས་སུ་སྐོར་བསྐྱོད་འབྲེལ་གཏུགས། ཉིན་རྟག་པར་ཁྲོམ་སྐོར་བྱེད་པ་དང་། དགོན་པ་དང་ལྷ་ཁང་། རིག་དངོས་དང་གནའ་རྫས་གཏོར་བཅོམ།
རྩོམ་པ་པོ་དང་། གློག་བརྙན་འཁྲབ་སྟོན་པ། ལོ་ཙཱ་བ། དབུས་གཞུང་གི་མགོ་ཁྲིད། ཆོས་ལུགས་མི་སྣ། ལུས་རྩལ་པ་སོགས་སྙན་གྲགས་ཅན་གྱི་མི་སྣ་མང་པོ་ཞིག་ལ་འཐབ་རྩོད་དང་ཁྱིམ་བཤེར་བྱས་པ་དང་། ལོག་སྤྱོད་ཀྱི་རིག་གཞུང་མཁས་དབང་”དེ་དག་དང་། ལས་རིགས་འདྲ་མིན་གྱི་མི་ཚོར་ཡ་ང་བག་ཚ་མེད་པར་གཅར་རྡུང་དང་།བརྙས་དམོད་ཨར་གཏད་ཀྱིས་མནར་ལྕེབས་བཏང་བ་ཁོ་ན་ཉིས་འབུམ་ཙམ་ཟིན་ཡོད།པེ་ཅིན་གྲོང་ཁྱེར་གྱི་ཧྲུའུ་ཅི་ལི་ཞུའེ་ཧྲིན་གྱིས་པེ་ཅིན་དུ་དམར་སྲུང་དམག་གིས་གཅར་རྡུང་བཏང་སྟེ་མི་བསད་པའི་སྐོར་མའོ་ལ་ཡར་ཞུ་བྱེད་སྐབས།མའོ་ཡིས་“རྡུང་ནི་བཟུང་བ་རེད། མི་བཟང་པོས་བཟང་པོ་བཟུང་ན་གོ་འཛོལ་བྱུང་བ་
རེད། མི་བཟང་པོས་ངན་པ་བརྡུང་ན་སྡུག་གྱོང་རེད། མི་ངན་པས་བཟང་པོ་བརྡུང་ན། མི་བཟང་པོའི་གཟི་བརྗིད་རེད་”ཅེས་ལམ་སྟོན་བྱས་ཡོད་པ་དང་།《2 ཟླ་༣ ཚེས་༢༣ ཉིན་ཉེན་རྟོག་པ་བཏང་ནས་གསར་བརྗེ་སློབ་མའི་ལས་འགུལ་དྲག་གནོན་བྱེད་པ་འགོག་སྡོམ་ནན་ཏན་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད། སྐབས་དེ་ཤེད་དུ། བཟོ་བ་དང་ཞིང་པ། དམག་དོན་སློབ་གྲྭའི་སློབ་མ། ལས་བྱེད། རིག་རྩལ་སྡེ་ཁག་གི་མི་སྣ་སོགས་ཀྱིས་ཀྱང ང་སྲུང་དམག་གི་མཚོན་བྱེད་དཔུང་རྟགས་དམར་པོ་འདོགས་དཀྲི་བྱས་ཡོད།
སྦྲེལ་གཏུགས་ཆེན་མོ། སྤྱི་ལོ་༡༩༦༦ ཟླ་༨ ནས་བཟུང་། དམར་སྲུང་དམག་གིས་སློབ་མའི་ངོ་སྤྲོད་ལག་ཁྱེར་
བཟུང་ནས། འགྲིམ་འགྲུལ་གྱི་གླ་གྲོན་གང་ཡང་སྤྲོད་མི་དགོས་པར་རྒྱ་ནག་རྒྱལ་ཡོངས་སུ་ཕན་ཚུན་སྐོར་བསྐྱོད་འབྲེལ་གཏུགས་བྱས་ཤིང་། ཁོ་ཚོའི་བཟའ་བཏུང་ཉལ་འཆག་གི་སྣེ་ལེན་ཆ་ཚང་དབུས་གཞུང་དང་འབབ་ཚིགས་གར་འཁེལ་གྱི་གཞུང་གི་ལས་ཁུངས་ཁག་ནས་འགན་ལེན་བྱེད་དགོས། ཟླ་༨ ནས་༡༡ བར། མའོ་ཙེ་ཏུང་གིས་སྔ་རྗེས་ཐེངས་བརྒྱད་ཙམ་ལ་རྒྱལ་ཡོངས་ས་གནས་གང་ས་ནས་ཡོང་བའི་དམར་སྲུང་དམག་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་ལ་ཐུག་འཕྲད་བྱས། ལས་འགུལ་འདིའི་ནང་རྒྱ་ནག་གི་ལྕགས་ལམ་མ་ལག་གིས་དམར་སྲུང་དམག་བྱེ་བ་གཅིག་དང་ས་ཡ་གཅིག་ལྷག་དབོར་སྐྱེལ་བྱས་སྟབས། གནོན་ཤུགས་མི་བཟད་པའི་གནས་སྟངས་དབུས་གཞུང་ལ་སྙན་གསན་ཞུས་པར། མའོ་ཡིས་གཞི་ནས་“ས་གནས་དེ་ག་རང་ནས་གསར་བརྗེ་བྱེད་དགོས་”པའི་ལམ་སྟོན་བྱེད་དགོས་བྱུང་། །
ཀུན་བཟང་དཔལ་འབྱོར་གྱིས་དེའི་སྐོར་གསར་འགོད་པའི་མཐོང་ཐོས་གཞིར་བཞག་གིས་གིས་བཀོད་པ་ལྟར་ན།ལོའི་ཟླ་༧ ནས་བཟུང་། པེ་ཅིང་དང་། ཧྲའན་ཞི། ཏུང་པེ། ཧྲང་ཧེ། ཀན་སུའུ། ཞན་ཡང་། ཁྲིན་ཏུ་སོགས་ཀྱི་སློབ་ཕྲུག་བསྡོམས་༧༧༠༠ ལྷག་ཙམ་“དམར་སྲུང་དམག་གི་མིང་ཐོག་ནས་བོད་དུ་རིག་གནས་གསར་བརྗེ་བྱེད་དུ་རིམ་འབྱོར་བྱུང་ཡོད་པ་དང་། ཁོ་ཚོས་བོད་ནང་དུ།
༡། ཁྱི་དང་ཞིམ་བུ་མཐོང་ཚད་བསད་པ། ཁང་ཐོག་གི་ལྷ་བཙུགས་རྣམས་གཏོར་བ། སྒེར་གྱི་མེ་ཏོག་ཡོད་རིགས་ཚང་མ་མེད་པར་བཟོས་པ། སྒོ་དང་སྒེའུ་ཁུང་གི་ནག་རྩི་ཚང་མ་བསུབ་འཕྱིས་བྱས་པ།
༢། རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་སྐུ་པར་སྒྲིག་གཤོམ་ཕྱག་མཆོད་ལ་སྐྱོན་བརྗོད་དང་མེད་པར་བཟོས་ཤུལ་མའོ་ཙེ་ཏུང་གི་འདྲ་པར་བཙན་དབང་གིས་འཇོག་ཏུ་བཅུག་པ་མ་ཟད། བླ་དཔོན་མི་དྲག་ཚོར་སྐྱོན་བརྗོད་སྣ་ཚོགས་བྲིས་པའི་ཤོག་ཞྭ་གཡོགས་ཏེ་ཁྲོམ་སྐོར་དང་། མི་མང་འདུ་འཛོམས་སར་རང་སྐྱོན་རང་བརྗོད་བྱེད་དུ་བཅུག་པ།
༣། གཙུག་ལག་ཁང་དང་དགོན་པ་ཆེ་ཁག་ལ་ལྷ་འདྲེ་གདོན་བགེགས་གཙང་འཕྱག་”ཅེས་པའི་མིང་ཐོག་ནས་རྟེན་གསུམ་གཏོར་བཅོམ་དང་རྒྱ་ནང་དུ་དབོར་འདྲེན་བྱས་ཐོག དེ་དག་མགྲོན་ཁང་དང་སྡོད་གནས། ལས་ཁུངས་སོགས་སུ་བསྒྱུར།
༤། བོད་མི་འབོར་ཆེན་ཞིག་ལ་འཐབ་འཛིང་བཏང་ཐོག གྲལ་རིམ་མཐོ་བའི་ཕྲུ་གུས་སོ་སོའི་ཕ་མར་དགག་པ་རྒྱག་ཏུ་བཅུག་པ་དང༌། མི་ཚང་ཆེ་རིགས་ཀྱི་བུ་མོར་འཐབ་འཛིང་གི་མིང་ཐོག་ནས་མི་བཅུ་རེས་བཙན་གཡེམ་བྱས་ཏེ་ནད་པ་བཟོས་པ།
༥། སྤོ་སྤྲ་རྨོག་ཏུ་ཤིང་གཅོད་རུ་ཁག་ཏུ་ཡོད་པའི་བོད་རིགས་བུ་མོ་ཚོར་བཙན་གཡེམ་བྱས་པས་མ་ཚིམས་པར། གྱོན་ཆས་བཤུས་ཏེ་དམར་ཧྲེང་མར་ཁྲོམ་སྐོར་དུ་འཁྲིད་པ་དང་། འཐབ་འཛིང་བཏང་བ།
༦། ནག་ཆུ་ཁུལ་དུ་འབྲོག་པའི་སྐྲ་འབྲེག་ཏུ་བཅུག་པ་དང་འཐབ་འཛིང་ཁྲོམ་སྐོར་བྱས་པས་མ་ཚད། འབྲོག་བདག་ཕོ་མོ་རྣམས་འཁྱགས་པའི་སྟེང་དམར་ཧྲེང་མར་ཉིན་ཕྱེད་ཙམ་བཞག་སྟེ། ཁུལ་དེའི་མི་ཚང་མ་བསྐོངས་ནས་བལྟ་རུ་བཅུག་པ་དང་། ཕ་ཀརྨ་ཤེས་རབ་དང་དེའི་བུ་མོ་ཚེ་རིང་མཚོ་མོ་གཉིས་འཁྱག་པའི་སྟེང་དུ་རྒྱོ་རྒྱག་དགོས་པའི་བཙན་བཀའ་བཏང་བ།
༧། ལྷོ་ཁར་གྲལ་རིམ་མཐོ་བའི་བུ་དང་བུ་མོ་ཚོགས་བསྐོངས་དང༌། ཁྲོམ་སྐོར། ཉིན་མཚན་མང་བོར་སྒྱེ་མོའི་ནང་བླུགས་ཏེ་བཞག་ཐོག ཁ་ཤས་ས་སྟོང་དུ་འཁྲིད་དེ་བཙན་གཡེམ་བྱས་པ། ཉི་མ་མཚམས་ཞེས་པ་བཙན་གཡེམ་བྱས་པ་ལས་ནད་གཅོང་བཟོས་པ།
དེ་བཞིན་རྒྱལ་རྩེ་དང་གཞིས་ཀ་རྩེ། པ་སྣམ་བཅས་སུའང་འཐབ་འཛིང་དང་བཙན་གཡེམ་གྱི་གནས་ཚུལ་གང་མང་བྱུང་འདུག་པའི་གནས་ཚུལ་རྩོམ་པ་པོས་དོན་ཚན་བཅུར་དབྱེ་ནས་བཀོད་འདུག
དེ་བཞིན་བོད་ཀྱི་ལྷ་ཁང་དང་དགོན་པ། གཞིས་ཀ གླིང་ག བླ་བྲང་། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ས་གནས་
སོགས་ཀྱི་མིང་ཆ་ཚང་སྐབས་དེའི་རྒྱ་ནག་གསར་བརྗེའི་དགོས་འདུན་མཚོན་པའི་སྲིད་དོན་གྱི་མིང་གསར་བཏགས་པ་དང་། བོད་པ་རྣམས་ཀྱི་སྔར་ཡོད་བོད་མིང་བཙན་ཤེད་ཀྱིས་རྒྱ་མིང་དུ་བསྒྱུར་དུ་བཅུག་ཡོད།།
རི་ཁུལ་དང་གྲོང་གསེབ་ཏུ་བསྐྱོད་པ། ལིའུ་ཏིན་གཉིས་ཕམ་པར་བརྒྱབ་རྗེས། སྐབས་བབས་ཀྱི་དམིགས་
འཆར་གྲུབ་ཟིན་པ་དང་། སྣེ་རིགས་འདྲ་མིན་གྱི་དམར་སྲུང་དམག་དེ་དག་མའོ་ཡི་བཏང་འཛིན་འོག་ཏུའང་
གནས་ཀྱི་མེད་པས། དམར་སྲུང་དམག་ཕྱིར་བསྡུས་ཀྱིས། ་ན་གཞོན་ཤེས་ཡོན་ཅན་གྲོང་གསེབ་ཏུ་བསྐྱོད་
དགོས་”པའི་ལས་འགུལ་བསླངས། ༡༩༦༧ ལོའི་ཟླ་༡༢ ཚེས་༢༢ ཉིན། མི་དམངས་ཉིན་རེའི་ཚགས་པར་སྟེང་་ང་ཚོར་ཡང་ལག་པ་གཉིས་ཡོད། གྲོང་ཁྱེར་ནས་དཀོར་ཟས་མི་ཟ་ཞེས་པའི་ཆེད་རྩོམ་སྤེལ་བ་དང་། མའོ་ཡི་སྐད་ཆ་ལུང་དྲངས་ཏེ། ་ན་གཞོན་ཤེས་ཡོན་ཅན་གྲོང་གསེབ་ཏུ་སོང་ནས། ཞིང་དབུལ་ཞིང་འབྲིང་འོག་མའི་སློབ་གསོ་བསྐྱར་མ་དང་ལེན་བྱ་རྒྱུ་ཧ་ཅང་གལ་ཆེ། གྲོང་ཁྱེར་ནང་གི་ལས་བྱེད་དང་མི་གཞན་དག་ལ་གོབསྐོན་བྱས་ཏེ། སོ་སོའི་དམའ་འབྲིང་དང་མཐོ་འབྲིང་། སློབ་གྲྭ་ཆེན་མོ་མཐར་ཕྱིན་པའི་བུ་ཕྲུག་གྲོང་གསེབ་ཏུ་སྐྱེལ་དགོས་པའི་སྐུལ་སློང་བྱེད་དགོས། ས་གནས་སོ་སོའི་གྲོང་གསེབ་ཀྱི་བློ་མཐུན་ཚོས་ཁོ་ཚོར་དགའ་བསུ་བྱེད་དགོས། གྲོང་གསེབ་ནི་ཡངས་ཤིང་རྒྱ་ཆེ་ལ། དེར་འཇོན་ཐང་སྟོན་ས་ཡོད། ཅེས་སོགས་བཀོད་ཡོད།
༡༩༦༨ ལོར། དམའ་འབྲིང་དང་མཐོ་འབྲིང་གི་སློབ་མ་བྱེ་བ་གཅིག་དང་ས་ཡ་དྲུག་ཙམ་ ད་ཀྱིས་གྲོང་གསེབ་
ཏུ་བསྐྱལ་བ་དང༌། དེས་གྲོང་ཁྱེར་མི་འབོར་གྱི་བཅུ་ཆའི་གཅིག་ཟིན། དེ་ལྟར་གྲོང་ཁྱེར་དུ་གནས་སྡོད་བྱེད་མཁན་ཁྱིམ་ཚང་ཕལ་མོ་ཆེར་ལས་འགུལ་འདིའི་ཤུགས་རྐྱེན་མ་ཐེབས་པ་མེད་ཅེས་བཤད་ཆོག སློབ་མ་དེ་དག་གྲོང་གསེབ་ཏུ་བསྐྱལ་བས། དམར་སྲུང་དམག་རིག་གནས་གསར་བརྗེའི་དབང་ཆའི་གར་སྟེགས་ནས་བབས་པ་དང་། དམར་སྲུང་དམག་གི་མགོ་ཁྲིད་ཕལ་ཆེ་བའི་མགོ་ཐོག་ཏུ་ཆག་སྒོ་ལྷུང་སྟེ། སྐོར་ཞིག་ལ་དུས་བཀག་ཁྲིམས་ཆད་ཀྱང་ཕོག་ཡོད།

༦) ཧོང་ཁྲིན། སྙེ་མོའི་གྱེན་ལངས། ཟི་ལིང་གི་༨༡༨ དོན་རྐྱེན།
རིག་གསར་གྱི་དུས་ཟིང་ཁྲོད། བོད་རིགས་ས་ཁུལ་དུ་མར་གཞི་རྒྱ་ཆེ་བའི་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཁ་ཤས་ཤིག་བྱུང་ཡོད་པ་དང་། དེ་ལས་རྔ་བ་སོགས་སུ་བྱུང་བའི་ཧོང་ཁྲིན་ཞེས་པ་ནི། གྲུབ་དབང་འཇིགས་མེད་བསམ་གཏན་གྱི་ཡང་སྲིད་དང་མགོ་ལོག་དགའ་ལྡན་རྐང་ལོ།(ཡོན་ཏན་རྒྱ་མཚོ།) ཟམ་ཚ་བཀྲ་ཤིས། གདོང་ཁུ་ཨ་ལགས་སོགས་ཀྱིས་མགོ་འཁྲིད་པའི་བོད་རིགས་ཚོས། རྒྱ་མི་བོད་ནས་ཕར་རྒྱུག་དགོས་ཞེས་སོགས་ཀྱི་དགོས་འདུན་བཏོན་ཏེ། རྒྱ་ནག་བཅིངས་འགྲོལ་དམག་དང་དམངས་དམག་ལ་དྲག་པོའི་ངོ་རྒོལ་བྱས་པ་ཞིག་ཡིན་ཞིང་། དེའི་སྐོར་རྒྱ་གཞུང་གི་ཡིག་ཆ་ལྟར་ན། རྔ་བ་ཁུལ་དུ། ༡༩༦༨ ལོའི་ཟླ་༡༠ ཚེས་༡༧ ཉིན།རྔ་བ་དང་། མཛོད་དགེ། རྐ་ཁོག ཟུང་ཆུ་སོགས་རྫོང་དུ་མང་ཚོགས་ཀྱི་རྩ་འཛུགས་གཉིས་དབར་ཁྱབ་ཁོངས་ཅུང་རྒྱ་ཆེ་ལ། ། མི་འབོར་ཅུང་མང་བའི་དྲག་འཐབ་བྱུང་བ་དང་། ཟི་ཁྲོན་ཞིང་ཆེན་གསར་བརྗེ་ཨུ་ལྷན་དང་། ཁྲིན་ཏུ་དམག་ཁུལ་ཁང་ལས་དོན་ཚོ་ཆུང་གིས་ཀྲུང་དབྱང་དམག་ཨུ་དང་། ཀྲུང་དབྱང་རིག་གསར་ཚོགས་ཆུང་ལ་སྙན་སེང་ཞུས་ཏེ།མཆན་བཀོད་མཛུབ་སྟོན་ཐོབ་པ་བརྒྱུད།མང་ཚོགས་ཀྱི་རྩ་འཛུགས་འདི་དག་ལོག་སྤྱོད་རྩ་འཛུགས་ཡིན་པར་གཏན་འབེབས་བྱས་པ་དང་།ས་ཁུལ་འདི་དག་གི་ཤོག་ཁག་དབར་གྱི་དྲག་འཐབ་དེ་གསར་བྱུང་ཟིང་འཁྲུག་ཡིན་པར་གཏན་འབེབས་ཀྱིས།དྲག་པོས་ཞོད་འཇགས་གཏོང་རྒྱུའི་ཐག་བཅད།ཡིག་ཆ་འདིའི་ནང་གནད་དོན་འདི་ཤིན་ཏུ་མངོན་ཆུང་དུ་བྲིས་པ་ཙམ་ལས།འགུ་ལོག་གི་ལོ་རྒྱུས་གཉན་པོ་གཡུ་རྩེའི་བསངས་དུད་ཅེས་པར།༡༩༦༨ལོར་མདོ་སྨད་ཀྱི་རྔ་བ་ཁུལ་དང་།འགུ་ལོག་གི་རྫོང་འགའ།གཙོས་ས་ཁུལ་བཅས་ནས་མི་ཁྲི་བཅུ་ལྷག་གྲོང་ཁྱེར་དམར་བོའི་ཧུང་ཁྲིན་ཚོགས་པར་ཞུགས་ནས་གུང་ཁྲན་ཏང་གི་འོག་ལ་སྡོད་འདོད་མེད་པའི་རྔམ་སྟོན་ཁྲོམ་སྐོར་རབས་དང་རིམ་པར་བྱས་ཞེས་དང་།ལོ་གཉིས་རིང་ལ(་༡༩༦༩ཟླ་༡༠བར་ཕམ།)རྒྱ་ནག་གིས་མི་མང་དམར་གསོད་བྱས་པ་ཁྱོན་མི་གྲངས་༦༠༠ཟིན་པ་དང་།བཙོན་ཁང་ནང་བཅུག་པའི་མི་གྲངས་ཁྱོན་༣༠༠༠ལྷག་ཡིན་པ་རེད།ཅེས་བཀོད་པར་གཞིགས་ན་དེ་ནི་མང་ཚོགས་ཤོག་ཁག་དབར་གྱི་དྲག་འཐབ་ཅིག་ཡིན་མིན་པ་དང་།ངོ་ལོག་གི་དུས་ཡུན་ཅི་ཙམ་རིང་མིན་དང་གཞི་རྒྱ་ཅི་ཙམ་ཆེ་མིན་རོབ་ཙམ་མཐོང་ཐུབ།དེ་བཞིན་“༡༩༦༩ ལོའི་ལོ་སྟོད་ནས་བཟུང་། སྔ་རྗེས་སུ་སྟེང་ཆེན་དང་། དཔལ་འབར། སྙེ་མོ། རྣམ་གླིང་། བཞད་མཐོང་སྨོན། ལྷ་རྩེ། ངམ་རིང་། འབྲི་རུ་སོགས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱི་དྲག་པོའི་གྱེན་ལངས་བྱུང་སྟེ། ཀྲུང་དབྱང་ནས།
བོད་ལྗོངས་ཀྱི་ས་ཁུལ་འགའ་ཤས་ཀྱི་གྲལ་རིམ་དགྲ་བོ་ཉུང་ཤས་ཤིག་གིས། མི་རིགས་ཀྱི་བློ་ཁ་དང་། ཆོས་ལུགས་རྨོངས་དད་བེད་སྤྱད་དེ། མང་ཚོགས་ངན་སྐུལ་བཙད་འདེད་ཀྱིས་རྒྱལ་ཁབ་དང་མང་ཚོགས་ཀྱི་རྒྱུ་ནོར་འཕྲོག་བཅོམ་དང་། འགྲིམ་འགྲུལ་གཏོར་བཤིག་བཏང་བ་ནི་གསར་བརྗེ་ངོ་ལོག་གི་རང་བཞིན་ཡོངས་སུ་ཚང་བ་ཞིག་རེད་ཅེས་མཆན་བཀོད་མཛུབ་སྟོན་བྱས།།གཞིས་རྩེ་ས་ཁུལ་ཁོངས་ཀྱི་རྣམ་གླིང་དང་བཞད་མཐོང་སྨོན། ལྷ་རྩེ། ངམ་རིང་བཅས་རྫོང་བཞིའི་ཆུས་ཉེར་ལྔ་དང་ཤང་༡༣༠ ཙམ་གྱི་གསར་བརྗེ་ཨུ་ལྷན་གྱི་དབང་ཆ་འཕྲོག་པ་དང་། རོགས་རེས་ཚོ་ཆུང་༧༠༡ དང་ཀུང་ཧྲེ་༤༣ རྩ་ཐོར་བཏང་། ལས་བྱེད་དང་མང་ཚོགས་༥༤༢ མ་གཅར་རྡུང་དང་། དེའི་ཁྲོད་གཅོང་ཅན་བཟོས་པ་མི་༢༧ དང་། བསད། ༡༩༦༩ ལོར་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་མཚམས། སྔ་རྗེས་སུ་མི་བཞི་སྟོང་སུམ་བརྒྱ་བརྒྱད་ཅུ་གྱ་བདུན་ཙམ་རུབ་འདུས་སྦྱོང་བརྡར་བྱས།09དེའི་སྐོར་བོད་གཞུང་བདེ་སྲུང་ལས་ཁུངས་ནས་ཡིག་ཆ་ཕྱོགས་བསྒྲིགས་གནང་བའི་ནང་སྐབས་དེའི་ངོ་རྒོལ་སྐོར་གྱི་རགས་རྩིས་བྱས་པ་ལྟར་ན། འབྲི་རུ་དང་སྟེང་ཆེན། རྣམ་གླིང་། ལ་འབར། སྙེ་མོ། ལྷ་རྩེ། བཞད་མཐོང་སྨོན་བཅས་ནས་གྱེན་ལངས་བྱས་པའི་བོད་རིགས་ཀྱི་མི་འབོར་(ལྷ་རྩེ་དང་སྙེ་མོའི་གྲངས་ཐོ་མི་གསལ་)ཆིག་ཁྲི་དྲུག་སྟོང་སུམ་བརྒྱ་ཙམ་ཡོད་པ་དང་།
བོད་རིགས་དམར་གསོད་དང་། ལྟོགས་ཤི། སྲོག་ཐོག་བཏང་བ་སོགས་དུས་མིན་རྐྱེན་འདས་སུ་གྱུར་བ་ཧ་ལམ་ཆིག་སྟོང་བཞི་བརྒྱ་དྲུག་ཙམ་འདུག(རྣམ་གླིང་གི་གྲངས་ཐོ་མི་གསལ།) (2)ཅེས་པ་གཉིས་དབར་གྲངས་འབོར་ཐད་ཧེ་བག་ཆེ་ནའང་། རྒྱ་ནག་གི་ས་ཁུལ་གཞན་དང་མཚུངས་བསྡུར་བྱེད་ཐབས་མེད་པ་ཞིག་ཡིན། འོད་ཟེར་གྱིས་བྲིས་པའི་བོད་ཀྱི་སྙེ་མོའི་དོན་རྐྱེན་ཞེས་པའི་རྩོམ་ཡིག་ཏུ། མང་ཚོགས་ཀྱིས་བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག་ཅེས་སོགས་ཀྱི་ཁ་གཡང་བསྒྲགས་ཡོད་པ་དང་
། སྤྱི་ལོ་༡༩༧༠ ནས་༡༩༧༡ བར་དོན་རྐྱེན་དེའི་རྐྱེན་གྱིས་ཁྲིམས་ཁང་ནས་སྲོག་ཁྲིམས་བཅད་པ་༢༩༥
ཙམ་ཡོད་ལུགས་ཚིག་ཐོ་བཀོད་འདུག
ཧོང་ཀོང་སྒོ་འབྱེད་དུས་ཁབ་ཁང་གིས་དཔར་འགྲེམས་བྱས་པའི་“རིག་གསར་གྱི་དམར་གསོད་ཆེན་མོ་”ཞེས་དེབ་ཏུ་བཀོད་པ་ལྟར་ན། ཟི་ལིང་གི་༨༡༨ དོན་རྐྱེན་ནི། རྒྱ་ནག་གི་རིག་གནས་གསར་བརྗེའི་ལས་འགུལ་ནང་དམག་དཔུང་གིས་དྲག་གནོན་བྱས་ཏེ་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཐོག་མ་དེ་ཡིན་པ་དང་། སྐབས་དེའི་མཚོ་སྔོན་དམག་ཁུལ་ཁང་གི་སི་ལིན་ཡོན་གཞོན་པ་ཀྲའོ་ཡུང་ཧྥུ་ཟེར་བ་ཞིག་གིས་ནང་ཁུལ་དབང་རྩོད་ཀྱི་འགྲན་བསྡུར་ཁྲོད་དོ་ཟླ་རྣམས་ཕམ་ཉེས་སུ་བཏང་སྟེ། དོན་གྱིས་མཚོ་སྔོན་གྱི་ཞི་དྲག་དབང་ཆ་འཛིན་བཞིན་པའི་སྐབས་ཏེ། ༡༩༦༧ ལོའི་ཟླ་༢ ཚེས་༢༣ ཉིན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དུ་ཡོད་པའི་སློབ་མའི་གྱེན་ལོག་ཤོག་ཁག་༦༨༡༨ དམར་སྲུང་འཐབ་འཛིང་རུ་ཁག་ཟིར་བར་མེ་མདའ་དང་མེ་སྒྲོགས་ཀྱི་མདེལ་
ཆར་ཕབ་སྟེ། མི་༡༧༤ བསད་པ་དང་། མི་༢༠༤ རྨས། དོན་རྐྱེན་འདི་ནི་སྐབས་དེའི་རྒྱ་ནག་དབུས་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཡེ་ཅན་དབྱིན་ལ་བཀའ་འཁྲོལ་ཞུས་ཐོབ་ཀྱིས་དྲག་གནོན་བྱས་པ་ཞིག་ཡིན་པ་དང་། ཚེས་༢༤ ཉིན། ཀྲའོ་ཡུང་ཧྥུ་ཡིས་མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭའི་གསར་བརྗེའི་དགེ་སློབ་༡༢ དྲག་གནོན་བསད་རྨས་བྱས་འདུག དེའི་སྐོར་རྒྱུས་ཡོད་ཅིག་ལ་དྲི་བརྩད་བྱས་པར། སྐབས་དེར་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མ་བུ་མོ་གཅིག་དང་བུ་གཉིས་བཅས་གསུམ་བསད་འདུག་པ་དང་། གསུམ་ག་སོ་སོའི་ཉལ་ཁང་དུ་བསད་སྐད།

ཁ༽ རིག་གནས་གསར་བརྗེའི་དུས་རིམ་གཉིས་པ།
༡༩༦༩ ལོའི་ཟླ་༤ ནས་༡༩༧༣ ལོའི་ཟླ་༨ བར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དགུ་བ་ནས་བཅུ་བ་ཚུགས་པའི་དུས་རིམ་འདིའི་ནང་།(2 ཚོགས་ཆེན་དགུ་བའི་ཏང་གི་སྒྲིག་གཞིར་“བློ་མཐུན་ལིན་པེའོ་ནི་བློ་མཐུན་མའོ་ཙེ་ཏུང་གི་སྙིང་ཉེ་བའི་འཐབ་གྲོགས་དང་ཤུལ་རྒྱུན་སྐྱོང་མཁན་ཡིན་”ཞེས་གཏན་འབེབས་བྱས་པ་ནས། ༡༩༧༡ ལོར་མའོ་གསོད་རྩིས་ཀྱི་ལྐོག་འཆར་ཕྱི་གྱར་གྱིས་སྲོག་མགོ་མ་ཐོན་པ་དང༌། དེར་མཐུད། ཀྲོའུ་ཨིན་ལེ་ཡིས་གཙོ་སྐྱོང་འོག་ཆབ་སྲིད་དང་དཔལ་འབྱོར།ཕྱི་འབྲེལ་སོགས་གྲུབ་འབྲས་ཅུང་མངོན་སྐབས། ཅང་ཆིན་སོགས་ཀྱིས་ཀྲོའུ་ལ་སྐྱོན་འདོགས་བྱེད་ཤུགས་ཆེ་རུ་བཏང་མའོ་ཡང་ནག་མོའི་ཁ་དབང་དུ་སོང་སྟེ། གཡོན་ཐལ་གྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས།
༡) དགུ་གཅིག་གསུམ་གྱི་དོན་རྐྱེན། ལིན་པེའོ་ཕམ་བྲོས།ལིན་པེའོ་ནི་དམག་འཐབ་ལ་མཁས་ཤིང་། གཡུལ་འཁྲུག་གི་བྱས་རྗེས་ཡོད་མཁན་ཞིག་ཡིནའང་། ལུས་སྟོབས་ཞན་ལ། སྐྲ་སངས་པའི་ཀླད་ཡུད་འགེབས་བྱེད་དུ་རྒྱ་ཞྭ་འབྲལ་མེད་གྱོན་པས།
གཟུགས་བྱད་ཆེ་བའི་མའོ་ཡི་འཁྲིས་སུ་ཧ་ཅང་མངོན་ཆུང་ཡིན། ཁོ་པར་མགོ་ཁྲིད་ཀྱི་ཟིལ་ཤུགས་གང་ཡང་མེད་ནའང་། གཡོ་སྒྱུ་ཆེ་ལ། ལྷག་པར་ནང་དཀྲུག་ལ་ཤིན་ཏུ་བྱང་ཆ་ཆེ་བ་ཞིག་ལ་བརྩི། ཁོས་ཅང་ཆིན་དང་མཉམ་དུ་ལིའུ་ཏིན་ཕམ་པར་བརྒྱབ་སྟེ།
དབུས་གཞུང་གི་མགོ་ཁྲིད་ཨང་གཉིས་པར་སླེབས་ཤིང་། མའོ་ཡི་བློ་དགུག་ཕྱིར། “མའོ་ཀྲུའུ་ཞིའི་གསུང་བཤད་ནི་ཆུ་ཚད་མཐོ་ཤོས་དང་། སྙན་གྲགས་ཆེ་ཤོས། ཟིལ་རྔམ་ཆེ་ཤོས་ཡིན། གསུང་ཚིག་རེ་རེ་བདེན་པ་དང་། གསུང་ཚིག་གཅིག་གིས་ཚིག་ཁྲི་ཡི་གོ་ཆོད། ཅེས་སོགས་རབ་བཏགས་ཀྱི་འུར་བསྟོད་རྒྱལ་ཡོངས་སུ་བསྒྲགས་པས། “གསོལ་འདེབས་ངག་ནས་མི་ཆད། གསུང་བཏུས་ལག་ནས་མི་འབྲལ་”༡2 ཟེར་བའི་ཤོད་སྟངས་དར།།
སྤྱི་ལོ་༡༩༧༠ ལོའི་ལུའུ་ཧྲན་ཚོགས་འདུའི་སྟེང་། ལིན་པེའོ་ཡིས་དེ་སྔ་ལིའུ་ཧྲའོ་ཆི་བསྒྱེལ་ནས་སྟོང་པར་ལུས་པའི་“རྒྱལ་ཁབ་ཀྲུའུ་ཞིའི”ལས་གནས་བསྐྱར་གསོ་བྱེད་དགོས་པའི་བསམ་ཚུལ་བཏོན་པ་ནས་བཟུང་། མའོ་ཡིས་ལིན་ལ་དོགས་པ་ཟ་མགོ་ཚུགས་པ་དང༌། ལིན་གྱི་དབང་ཆ་གཅོག་ཐབས་ལ་དམིགས་པའི་བྱེད་ཐབས་རབ་དང་རིམ་པ་སྤེལ་ཤུགས་ཇེ་ཆེ་དང་། ས་གནས་སུ་ལྟ་སྐོར་དུ་བསྐྱོད་པའི་གོ་སྐབས་དང་བསྟུན་ནས་མངོན་གསལ་དོད་པོས་ཡིན་ལ་མཚང་འདོན་བྱས་པས། ལིན་གྱིས་བུ་ལིན་ལི་གོ་དང་མཉམ་དུ་“༥༧༡ འཆར་གཞི་”༡3 བསྒྲིགས་ཤིང་། གནམ་དམག་གཙོ་བོར་བྱས་པའི་དྲག་ཤུགས་ལ་བརྟེན་ནས་མའོ་སོགས་གཙོ་དྲག་རྣམས་བསད་དེ་དབང་ཆ་འཕྲོག་རྒྱུ་དང་། དེ་ལྟར་ལམ་ལྷོངས་མ་བྱུང་ཚེ་རྒྱ་ནག་གི་ས་ཁོངས་བཅད་བགོས་ཀྱི་སྲིད་དབང་འཛུགས་རྒྱུའི་འཆར་གཞི་བཏིང་། དེའི་སྐོར་ཧོང་ཀོང་དུ་འདོན་འགྲེམས་བྱེད་བཞིན་པའི་“མིན་པའོ”ཚགས་པར་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཟླ་༩ ཚེས་༨ ནས་ཚེས་༡༠ བར། ཧྲང་ཧེ་རུ་མའོ་ལ་འཇབ་རྒོལ་ཐེངས་གྲངས་དུ་མ་ཕོག་ཉེན་བྱུང་བ་དང་། དབུས་སྤྱི་བདེ་ལས་ཁུངས་སུ་ལིན་ཤོག་ཁག་གི་ཆབ་སྲིད་ཀྱི་ལྐོག་གཡོ་འགངས་ཆེན་ཞིག་ཡོད་པ་དང་།
ལིན་གྱིས་ཉེ་འཁོར་དམག་དཔོན་སྐོར་ཞིག་ལ་དམིགས་བསལ་དྲག་སྦྱོང་སྤྲོད་བཞིན་པའི་གསང་གནས་འབྱོར་བ་དང་། དེ་མིན་པེ་ཅིན་མེ་འཁོར་འབབ་ཚིགས་སུ་མའོ་ལ་སྲོག་ཉེན་བྱུང་བ་དང་། མའོ་ཡི་རང་ཤག་དུ་ལྐོག་གསོད་བྱེད་མཁན་འཛུལ་བ་སོགས་ཀྱི་གནས་ཚུལ་ཐོན་ཡོད། དོན་ལ་ཚེས་༡༡་ནས་བཟུང་ལིན་དང་ཁོའི་ཉེ་འཁོར་གཙོ་གྲས་རྣམས་གར་སོང་ཆ་མེད་དུ་གྱུར་པ་དང༌། སྤྱི་ལོ་༡༩༧༡ ཟླ་༩ ཚེས་༡༣ ཉིན་ལིན་པེའོ་དང་བུ། བཟའ་ཟླ་ཡེ་ཆུན་བཅས་གནམ་གྲུར་བསྡད་དེ་ར་ཤི་ཡར་བསྙེགས་པས། སོག་པོའི་ས་ཐོག་ཏུ་གནམ་གྲུ་བརྡབ་སྟེ་ཚང་མ་ལྔ་ལམ་དུ་ཕྱིན། དེར་ཡོངས་གྲགས་སུ་དགུ་གཅིག་གསུམ་དོན་རྐྱེན་ཟེར། ༢༠༠༦ ཟླ་༩ ནང་ཉི་ཧོང་གི་ཚགས་པར་ཞིག་ཏུ་སོག་པོ་གཞུང་གི་གསང་བའི་ཡིག་ཆ་ལུང་འདྲེན་བྱས་པའི་ནང་།
སྐབས་དེར་གནམ་གྲུའི་ནང་རྒྱག་རེས་ཤོར་ཡོད་ཚུལ་བཀོད་འདུག དོན་རྐྱེན་འདིའི་འབྱུང་རྐྱེན་ཐད་ཁ་ཤས་ཀྱིས་གནམ་གྲུའི་སྣུམ་རྫོགས་ཏེ་བརྡབ་ཚུལ་དང༌། ཁ་ཤས་ཀྱིས་རྒྱ་དམག་གིས་རྗེས་འདེད་བཏང་སྟེ་གཏོར་ཚུལ་སོགས་བཤད་སྟངས་སྣ་ཚོགས་ཤིག་ཡོད། ལོ་དེར་ཟླ་༡༠ ཚེས་༡ ཉིན་གནམ་བདེ་སྒོ་མོ་ཆེར་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོའང་ཕྱིར་འཐེན་བྱས།
དོན་རྐྱེན་འདིས་རྒྱ་ནག་ཏུ་མངོན་མེད་ཀྱི་བསམ་བློ་བཅིངས་འགྲོལ་གྱི་སྣེ་བསླངས་པ་དང༌། ལྷག་པར་དུ་ཟླ་གཅིག་གི་རྗེས་ཙམ་ནས། ལིན་པེའོ་ཡི་་ནག་ཉེས་ཐེར་འདོན་བྱེད་ཆེད། ཁོའི་བུ་ལིན་ལི་གོ་སོགས་ཀྱིས་ཟིན་བྲིས་བཏབ་པའི་“༥༧༡ ལས་གཞིའི་རྩ་གནད་》དཔང་རྟགས་ཀྱི་ཚུལ་དུ་ཡོངས་བསྒྲགས་བྱས། ་རྩ་གནད་དེའི་ནང་། མའོ་ཙེ་ཏུང་ནི་གོང་མ་ཆི་ཧྲི་ཧོང་ལས་ཀྱང་གདུག་རྩུབ་ཆེ་བའི་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་པོ་གཏུམ་དྲག་ཅན་ཞིག་ཡིན་ཚུལ་དང༌། ཁོ་ཚོའི་དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་ཁ་ལ་འཁྱེར་བའི་བཀས་བཀོད་རྒྱུད་འཛིན་གྱི་གོང་མའི་སྲིད་གཞུང་མགོ་རྟིང་སློག་རྒྱུ་ཡིན་ཚུལ་མང་ཚོགས་ཀྱི་མཐོང་ཐོས་སུ་གྱུར་སྐབས། མང་ཚོགས་ཕན་ཚུན་དབར་བསམ་བློ་བརྗེ་རེས་གང་ཡང་བྱེད་མི་ཆོག་པའི་གནས་སྟངས་འོག “༥༧༡ལས་གཞིའི་རྩ་གནད་ཀྱིས་རྒྱ་ནག་སྐམ་ས་ཆེན་མོ་ཡོངས་སུ་རྫོགས་པར་བསམ་བློ་བརྗེ་རེས་ཀྱི་བྱེད་ནུས་ཐོན་ཡོད། ༤ རྩ་གནད་དེ་རྒྱ་ཁྱབ་ཏུ་སྤེལ་སྒྲོགས་བྱས་པས། རྒྱ་ནག་གི་མི་རབས་གཞོན་པ་ཚོའི་སེམས་སུ་“དམངས་གཙོ་ ”གི་ས་བོན་བཏབ་ཡོད།2)

༢) “གཅིག་རྡུང་གསུམ་རྒོལ་གྱི་ལས་འགུལ།།
སྤྱི་ལོ་༡༩༧༠ ལོའི་ཟླ་༡ ཚེས་༣༡ ཉིན། ཀྲུང་གུང་ཀྲུང་དབྱང་གིས་“གསར་བརྗེར་ངོ་ལོག་པས་གཏོར་བཤིག་གི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་སྐོར་གྱི་མཛུབ་སྟོན་ཞེས་པ་ཞིག་བསྒྲགས་པ་དང་། དེའི་ཕྱི་ཉིན། ཀྲོའུ་ཨན་ལའེ་ཡིས་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་ཐད་ཀྱི་བརྡ་ཐོ་”ཞེས་པ་དང་། “ལྐོག་ཟ་རྐུ་འཁྱེར་དང་། མགོ་བདེ་གླགས་ཚོང་ལ་ངོ་རྒོལ་སྐོར་གྱི་མཛུབ་སྟོན་་ཟེར་བའི་ཡིག་ཆ་མའོ་ཙེ་ཏུང་ལ་ཞིབ་བཤེར་བྱེད་དུ་སྤྲད་དེ། ཟླ་༢ ཚེས་༥ ཉིན། ཀྲུང་དབྱང་ནས་ཡིག་ཆ་འདི་གཉིས་དུས་མཉམ་དུ་བཀྲམ་སྟབས། ཡིག་ཆ་དེ་གསུམ་གྱི་བསྡུས་མིང་ལ་གཅིག་རྒོལ་གསུམ་རྡུང་ཟེར། ལས་འགུལ་འདིའི་དམིགས་གཏད་ནི། གསར་བརྗེ་ངོ་རྒོལ་པ་ཡོངས་ལ་རྡུང་རྡེག་དང་། ལྐོག་ཟ་རྐུ་འཁྱེར་ལ་ངོ་རྒོལ། མགོ་བདེ་གླགས་ཚོང་ལ་ངོ་རྒོལ།རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱ་རྒྱུ་དེ་ཡིན་ཞིང་། རྒྱ་གཞུང་གི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ། ཆབ་སྲིད་ལས་འགུལ་གྱི་ཚུལ་དུ་སྤེལ་བ་ཞིག་ཡིན་སྟབས། མི་མང་དག་ཅིག་ལ་སྲོག་ཁྲིམས་དང་། དུས་བཀག་བཙོན་འཇུག ཆབ་སྲིད་ཀྱི་
དབང་ཆ་འཕྲོག་པ་སོགས་ཀྱི་ཆད་པ་ཕོག་ཡོད། ཨ་མདོ་རྔ་བ་ཁུལ་དུ་འདིའི་ཁར་ད་དུང་གཏིང་འབྲུ་གཅིག་སྟེ། གབ་སྦས་ཀྱི་གྲལ་རིམ་དགྲ་བོ་གཏིང་འབྲུ་ཟེར་བ་ཞིག་བསྣན་འདུག་པ་ནི། སྐབས་དེར་རྔ་ཁུལ་དུ་རྒྱ་གཞུང་ལོ་ངོ་ ཀྱི་ཧོང་ཁྲིན་གྱེན་ལངས་བྱུང་བ་ལ་དམིགས་པ་ཡིན་ནམ་སྙམ།

༣) ཏིན་ཞའོ་ཕིན་རོ་ལངས་ཐེངས་གཉིས་པ།
༡༩༧༢ ལོའི་ཟླ་༨ ཚེས་༦ ཉིན། ཏིན་གྱིས་ཅང་ཆིན་བརྒྱུད་མའོ་ཙེ་ཏུང་ལ་ལས་ཀ་བྱས་ཆོག་པའི་སྙན་ཞུ་ཞིག་
ཕུལ་བར། མའོ་ལ་ལིན་པེའོ་ཤི་རྗེས་ཤུལ་འཛིན་མཁན་བློས་ཐུབ་ཅིག་རྙེད་ཀྱི་མེད་པའི་སྐབས་དང་འཁེལ་ནས་དེ་དོན་ཁས་བླངས་ཤིང༌། ཏིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པར་བསྐོས། དེའི་རྗེས་དབུས་དམར་ཤོག་ཚོགས་པའི་འཐུས་མི་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ལྷན་ཚོགས་ཀྱི་ཀྲུའི་ཞི་གཞོན་པར་བདམས་ཏེ། དབང་ཆའི་ལྟེ་བར་སླེབས། ༡༩༧༤ ལོའི་ཟླ་༤ནང༌། ཏིན་ཞའོ་ཕིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་ཏེ། མའོ་ཡི་“འཛམ་གླིང་གསུམ་”གྱི་ལྟ་ཚུལ་ངོམ་སྒྲོགས་བྱས།(༡) ཟླ་༥ རྗེས་ནས་ཀྲོའུ་ཡི་སྐྲན་ནད་ཇེ་ཐུར་ཕྱིན་ཏེ། ཏིན་གྱིས་སྲིད་ཚབ་བྱས།

ག༽ རིག་གནས་གསར་བརྗེ་ཆེན་པོའི་དུས་རིམ་གསུམ་པ།
དུས་རིམ་འདིའི་མཚོན་རྟགས་གཙོ་བོ་ནི། ༡༩༧༣ ལོའི་ཟླ་༨ ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་
ཐེངས་བཅུ་བའི་སྟེང་། མི་བཞི་ཤོག་ཁག་”ཆབ་སྲིད་ཅུས་རྒྱུན་ལས་སུ་བདམས་ཏེ། སྤྱི་ལོ་༡༩༧༦ ཟླ་༡༠ ཚེས་༦ ཉིན་འཛིན་བཟུང་བྱས་པའི་བར་ཏེ། ་མི་བཞི་ཤོག་ཁག་”ནི་རིག་གསར་གྱི་དུས་སྨད་དུ་མའོ་ཡི་བསམ་བློ་ལག་བསྟར་བྱེད་མཁན་གྱི་ཆབ་སྲིད་ཤོག་ཁག་ཅིག་ཡིན་ལ། ཁོ་ཚོའི་འབོད་ཚིག་ནི་“སྤྱི་ཚོགས་རིང་ལུགས་ཀྱི་རྩྭ་ལས་མ་བྱུང་རུང་། མ་རྩ་རིང་ལུགས་ཀྱི་མྱུ་གུ་དགོས་པ་མེད་ཟེར་གྱི་ཡོད།
༡) “མི་བཞི་ཤོག་ཁག་ གྲུབ་སྟངས།ལིན་པེའོ་ཤི་རྗེས། པེ་ཅིན་ནས་མའོ་ལ་ཤུལ་རྒྱུན་སྐྱོང་མཁན་བློར་འབབ་པ་ཞིག་མ་རྙེད་པས། ༡༩༧༢ ལོའི་ཟླ་༩ནང་ཝང་ཧོང་ཝུན་ཧྲང་ཧེ་ནས་པེ་ཅིང་དུ་གནས་སྤོས་བཏང་བ་དང་།།
༡༩༧༣ ལོའི་ཚོགས་ཆེན་སྐབས་༡༠ སྟེང༌། ཝང་ཧོང་ཝུན་ཐད་ཀར་དབུས་གཞུང་གི་ཀྲུའུ་ཞི་གཞོན་པ་ཨང་གཉིས་པར་བསྐོས་ཏེ། མིང་རིམ་ཀྲོའུ་ཨིན་ལེ་ཡི་གཞུག་ཏུ་བཞག་པས། མའོ་ཡི་ཤུལ་རྒྱུན་སྐྱོང་མཁན་ཡིན་པའི་རྟགས་གསལ་བོར་མངོན། ཝང་དང་མའོ་ཡི་བཟའ་ཟླ་ཅང་ཆིན། ཀྲང་ཁྲུན་ཆའོ། ཡའོ་ཝུན་ཡོན་བཞི་དབུས་ཆབ་སྲིད་ཅུས་རྒྱུས་ལས་ནང་ཤོག་ཁག་གཅིག་ཏུ་གྲིལ་བས། ཁོ་ཚོར་་མི་བཞི་ཤོག་ཁག་ ཟེར་ཞིང༌། དོན་ལ་ཁོ་ཚོའི་ཕ་རྒན་མའོ་ཙེ་ཏུང་ཡིན་པས།“མི་ལྔ་ཤོག་ཁག་”ཀྱང་ཟེར་གྱི་ཡོད། 28༡༩༧༣ ལོའི་ཟླ་༩ ནང་། ཅང་ཆིན་དང་ཡའོ་ཝུན་ཡོན་གྱི་ཐད་ཀའི་བཀོད་འདོམས་འོག ་པེ་ཅིང་སློབ་ཆེན་དང་། ཆིན་ཧྭ་སློབ་ཆེན་གྱི་སྐྱོན་བརྗོད་ཆེན་མོའི་ཚོགས་ཆུང་ཟེར་བའི་མིང་ཐོག་ནས་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ཀྱི་སྐྱོན་མཚང་ཐེར་འདོན་ལ་དམིགས་པའི་རྩོམ་ཡིག་སྤེལ་མགོ་ཚུགས་པ་དང་། སྔ་རྗེས་སུ་“དར་དམར་”དུས་དེབ་དང་། མི་དམངས་ཉིན་རེའི་ཚགས་པར། པེ་ཅིན་ཉིན་རེའི་ཚགས་པར་སོགས་སུ་རྩོམ་ཡིག་༢༠༠ ལྷག་སྤེལ།

༢) ལིན་དགག་ཁུང་དགག་གི་ལས་འགུལ།
མི་བཞི་ཤོག་ཁག་གིས་རྒྱའི་སྲོལ་རྒྱུན་རིག་གནས་ལ་སྐྱོན་བརྗོད་བྱེད་པའི་ལས་འགུལ་དེའི་མཐོ་རླབས་ནི་སྤྱི་ལོ་༡༩༧༩ལོའི་ཟླ་༡ ཚེས་༡ ནས་མགོ་ཚུགས་པ་དང་། མི་དམངས་ཉིན་རེའི་ཚགས་པར་དང་། དར་དམར་དུས་དེབ། བཅིངས་འགྲོལ་དམག་གི་ཚགས་པར་སོགས་སུ་དུས་གཅིག་ཏུ་ཕྱི་ལོའི་ལོ་གསར་གྱི་དཔྱད་གཏམ་སྤེལ་བའི་ནང་། “མུ་མཐུད་ཁུང་བཀུར་ཧྥ་རྒོལ་”ིགྱི་བསམ་བློར་སྐྱོན་བརྗོད་བྱེད་དགོས་པ་དང་།” ་ཁུང་དགག་ནི་ལིན་དགག་གི་ཆ་ཤས་ཤིག་ཡིན།”ཞེས་དང་། དེ་ནས་དམག་དཔུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ནས་འ འགུལ་སྤེལ་མགོ་ཚུགས།
དོན་ངོ་མར་ལས་འགུལ་འདིའི་དམིགས་འབེན་གཙོ་བོ་ཀྲོའུ་ཨིན་ལེ་དང་ཏིན་ཞའོ་ཕིན་གཉིས་ཡིན་མོད། མའོ་ལ་འདི་གཉིས་གོ་གནས་ཕབ་རྒྱུའི་རྒྱུ་མཚན་ཡང་དག་ཅིག་རག་མེད། སྤྱི་ལོ་༡༩༧༥ ལོའི་ཟླ་དཀྱིལ་དུ་འཚོགས་པའི་སྐབས་བཞི་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྟེང་། ཀྲོའུ་ཨིན་ལེ་སྲིད་བློན་རང་འཇགས་དང་། ཏིན་སོགས་སྲིད་བློན་གཞོན་པར་བསྐོས། ཟླ་༢ ནས་ཀྲོའུ་ཡི་སྐྲན་ནད་ཇེ་སྡུག་ཏུ་སོང་སྟེ། མའོ་ལ་ཆོག་མཆན་ཞུས་པ་བརྒྱུད། ཏིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་གཙོ་སྐྱོང་བྱས། ཅང་མ་འགོར་བར། མའོ་དང་ཕྱོགས་གཏོགས་ཚོས་“འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་གྱི་གཞུང་ལུགས་་ལ་སློབ་སྦྱོང་བྱེད་དགོས་པའི་སྐུལ་སློང་བྱས་པ་དང་། ཟླ་༨ ཚེས་༡༤ ཉིན། མའོ་ཡིས་རྒྱ་ནག་གི་གནའ་རྩོམ་གྲགས་ཅན་བཞིའི་གྲས་“ཆུ་ངོགས་གཏམ་རྒྱུད་”འདིའི་སྙིང་པོ་ནི་མགོ་འདོགས་རེད། ལྡོག་ཕྱོགས་ཀྱི་ཁྲིད་གཞི་བྱས་
ཏེ། མི་མང་ཚང་མར་མགོ་འདོགས་ཤོག་ཁག་ངོ་ཤེས་སུ་འཇུག་དགོས། ཆུ་ངོགས་གཏམ་རྒྱུད་ཀྱིས་དཔོན་ངན་ལ་ངོ་རྒོལ་བྱེད་པ་ལས་གོང་མར་ངོ་རྒོལ་བྱེད་ཀྱི་མེད། ཁྲའོ་ཀེ་དཔའ་བོ་བརྒྱ་དང་བརྒྱད་ཀྱི་ཕྱི་ལོགས་སུ་བཀར། སུང་ཅང་གིས་མགོ་བཏགས།
བཟོ་བཅོས་རིང་ལུགས་བྱས་པ་རེད་”ཅེས་བཤད་པས། ཡའོ་ཝུན་ཡོན་གྱི་ཉིན་དེ་རང་ལ་གཏམ་བཤད་དེའི་སྙིང་དོན་ལ་སློབ་སྦྱོང་བྱེད་དགོས་ལུགས་མའོ་རང་ལ་ཡིག་ཐོག་སྙན་ཞུ་ཕུལ་བ་དང་། ཆུ་ངོགས་གཏམ་རྒྱུད་ལ་དགག་པའི་ལས་འགུལ་དེ་ནི་མི་བཞི་ཤོག་ཁག་སྐབས་ཤིག་རིང་དལ་ཅག་གེར་ཡོད་པ་བསྐྱར་ལངས་ཀྱི་མཚམས་ཤིག་ཏུ་བརྩི། ཟླ་༡༡ ནང་མའོ་ཡི་བུ་མའོ་ཡོན་ཞིན་(སྐབས་དེར་མའོ་ཡི་འབྲེལ་མཐུད་པ་ཟེར་བའི་གོ་གནས་ཁུར་ཡོད།)གྱིས་ཏིན་ཞའོ་ཕིན་གྱིས་རིག་གནས་གསར་བརྗེ་ལ་དགའ་མོས་བྱེད་ཀྱི་མེད་ལུགས་ཐེངས་འགར་ཞུས་འབྲས་སུ། མའོ་ཡིས་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་བསྐོངས་ཏེ། ཏིན་ལ་སྐྱོན་བརྗོད་བྱས་པ་དང༌། ཏིན་གྱི་མགོ་ཁྲིད་འོག་རིག་གསར་ལ་གདེང་འཇོག་དཔྱད་སྡོམ་བྱེད་དགོས་ལུགས་ཨར་ལ་གཏད་ཀྱང་། ཏིན་
གྱིས་ཁས་ལེན་མ་བྱས་པས། ཏིན་ལ་དགག་རྒྱག་གི་རྩོམ་ཡིག་རབས་དང་རིམ་པར་སྤེལ་བ་དང་། སྤྱི་ལོ་༡༩༧༦ ཟླ་༢ ནང་མའོ་ཡིས་དངོས་སུ་“ཏིན་དགག་དང་། གཡས་ལྷུང་ཁྲ་ལོག་ ད་ལ་རྒོལ་ལན་སློག་པའི་ལས་འགུལ་སྤེལ།

༢) བཞི་ལྔ་གནམ་བདེ་སྒོ་མོའི་དོན་རྐྱེན།
༡༩༧༦ ལོའི་ཟླ་༡ ཚེས་༨ ཉིན། ཀྲོའུ་ཨིན་ལེ་ཤི། པེ་ཅིང་དང་ནན་ཅིང་སོགས་ནས་མང་ཚོགས་རང་འགུལ་གྱིས་མྱ་ངན་གྱི་བྱེད་སྒོ་བརྩམས། ཟླ་༢ ནང་“ཏིན་དགག་དང༌། གཡས་ལྷུང་ཁྲ་ལོག་གི་རླུང་ཡན་ལ་རྒོལ་ལན་སློག་”པ་དང་མཉམ་དུ། ་མི་བཞི་ཤོག་ཁག་”གམ་ཤོག་ཁག་གཞན་སུས་ཀྱང་ཚོད་མ་ཐིག་པ་དང་། མིང་གྲགས་ཅི་ཡང་མེད་པའི་མའོ་ཡི་ཕ་ཡུལ་ཧུའུ་ནན་ཞིང་ཆེན་གྱི་ཧྲུའི་ཅི་དང་པོ་ཧྭ་གོ་ཧྲིན་སྲིད་བློན་ལས་ཚབ་ཏུ་བསྐོས། ཟླ་༣ དཀྱིལ་སྨད་ནས་བཟུང་ཀྲོའུ་ལ་མྱ་ངན་ཞུ་བའི་བྱེད་སྒོ་རིམ་བསྟུད་དུ་ཐོན་པ་དང་། ཟླ་༤ ཚེས་༤ ཉིན་རྒྱ་ནག་གི་དམངས་སྲོལ་ཕ་མེས་དུར་མཆོད་ཀྱི་ཉིན་མོ་དང་སྟབས་འཁེལ་ཏེ། པེ་ཅིང་གི་མང་ཚོགས་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་འདུས་ཤིང་། ཀྲོའུ་ལ་གུས་པ་མཚོན་པའི་མྱ་ངན་ཞུ་ཚིག་སྦྱར་
འགྲེམས་དང་། མེ་ཏོག་ཕྲེང་བ་འབུལ་གཤོམ། མི་ཁ་ཤས་ཀྱིས་་མི་བཞི་ཤོག་ཁག་”ལ་སྐྱོན་བརྗོད་དང་། རིམ་པས་མཚང་འདོན་རྩོམ་ཡིག་ཀྱང་ཐོན། ཟླ་༤ ཚེས་༥ ཉིན། ཐང་ཆེན་དུ་མི་ས་ཡ་གཉིས་ལྷག་འཛོམས་པ་དང་། རྒྱ་གཞུང་གིས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གཡས་གཡོན་གྱི་མེ་ཏོག་ཕྲེང་བ་བསྡུས་པས། མང་
ཚོགས་ངར་ལངས་ཏེ་རླངས་འཁོར་དང་ཁང་པ་མེར་བསྲེགས་དང་། ཉེན་རྟོག་པ་དང་དམག་མི། དམངས་དམག་སོགས་ཀྱིས་དྲག་གནོན་བྱས། དགོང་མོ་དེར་ཐང་ཆེན་ནས་ཕྱིར་འཐེན་མ་བྱས་པའི་མི་༢༠༠ ལྷག་བཀག་བསྐྱིལ་བྱས།
འདིར་“གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་དང་པོ་ཡང་ཟེར་ཞིང་། ་མི་བཞི་ཤོག་ཁག་”དང་རང་གི་བུ་ཡིས་ཞུ་ལོག་གི་དབང་དུ་ཕྱིན་ཏེ། ཉལ་སར་ལུས་པའི་མའོ་ཡིས་དེ་ནི་“གསར་བརྗེ་ངོ་ལོག་གི་བྱ་སྤྱོད་་ཅིག་ཡིན་པའི་སྡོམ་ཚིག་བཀོད། ༡༩༧༨ ལོའི་དགུན་ཁར། དོན་རྐྱེན་འདིར་དཀར་འདོན་བྱས།།

ང་། བར་བརྒལ་གྱི་དུས་རིམ། ཧྭ་གོ་ཧྲིན།30
༡༩༧༦ ལོའི་ཟླ་༤ ཚེས་༧ ཉིན། དབུས་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་སྟེང་ཧ་གོ་ཧྲིན་སྲིད་བློན་དུ་བསྐོས་པ་དང༌།མའོ་ཡི་འདོད་འདུན་ལྟར་ཏིན་ཞའོ་ཕིན་གྱི་དམར་ཤོག་ཚོགས་མིའི་ཐོབ་ཐང་གཅིག་པུ་རང་སོར་བཞག་སྟེ་གོ་གནས་ཡོངས་རྫོགས་མེད་པར་བཟོས། ཟླ་༩ ཚེས་༩ ཉིན་མའོ་ཙེ་ཏུང་དབུགས་ཀྱི་རྒྱུ་བ་ཆད།3] མའོ་ཤི་ཁར་ཧྭ་གོ་ཧྥུན་ལ་“སྔོན་མའི་བྱེད་སྟངས་ལྟར་གྱིས་ཞེས་ཁ་ཆེམས་བཞག་པ་དང་། དེ་སྔ་ཁྱོད་ཀྱིས་བྱ་བ་བསྒྲུབས་ན་ངའི་སེམས་བདེ་”ཞེས་བརྗོད་པའི་“ཆེས་མཐོའི་མཛུབ་སྟོན་འདི་འཕྱར་ནས་དབུས་གཞུང་གི་དབང་ཆ་བདག་གིར་བཟུང་། ཁོས་“མི་བཞི་ཤོག་ཁག་”འཛིན་བཟུང་དང༌། ཏིན་ཞའོ་ཕིན་རོ་ལངས་
ཐེངས་གསུམ་པ་རྒྱག་ཏུ་བཅུག་པས། རྒྱ་ནག་ལ་ལོ་རྒྱུས་ཀྱི་དུས་རིམ་གསར་པ་ཞིག་ཕྱེས།

༡) མི་བཞི་ཤོག་ཁག་འཛིན་བཟུང་།
མའོ་ཤི་མ་ཐག རྒྱ་ནག་དབུས་གཞུང་གི་དབང་ཆ་བགོ་འགྲེམས་ལ་མཚམས་ཚིགས་གསལ་བོ་མེད་པའི་དབང་གིས། ཕྱོགས་སོ་སོ་ནས་དབང་རྩོད་ཀྱི་ཚ་ངར་འཕྱུར་ཏེ། ཧུ་ཡིས་ཕྱོགས་སྔར་ལངས་པའི་་མི་བཞི་ཤོག་ཁག་་གཞོམ་ཆེད། ལག་གང་སྔ་བརྩད་དེ། སྐབས་དེར་དམག་གི་དབང་ཆ་ལག་ཏུ་ཡོད་པའི་ཡེ་ཅིན་དབྱིང་དང་མཉམ་འབྲེལ་གྱིས། ཟླ་༡༠ ཚེས་༦ ཉིན་ཅང་ཆིན་སོགས་ཚོགས་འདུར་འབོད་འགུག་གིས། དབུས་སྐུ་སྲུང་
དམག་སྡེའི་འགོ་བ་ཝང་ཏུང་ཞིན་ལ་སྐུ་སྲུང་དམག་སྡེ་༨༣༤༡ བཀོད་སྒྲིག་བྱེད་དུ་བཅུག་སྟེ། ་མི་བཞི་ཤོག་ཁག་”དང་ཕྱོགས་གཏོགས་རྣམས་འཕྲལ་མར་འཛིན་བཟུང་གིས་ཟུར་བཀར་ཞིབ་བཤེར་བྱས། ཚེས་༡༨ ཉིན་ཧྭ་གོ་ཧྲིན་གྱིས་དབུས་དམར་ཤོག་ཚོགས་པའི་མིང་ཐོག་ནས་“མི་བཞི་ཤོག་ཁག་ཕམ་པར་བརྒྱབ་པའི་བརྡ་ཁྱབ་བཏང་། ༡༩༧༧ ལོའི་ཟླ་༨ པར་ཏང་གི་ཚོགས་ཆེན་བཅུ་གཅིག་སྟེང༌། ་རིག་གནས་གསར་བརྗེ་”དངོས་སུ་མཇུག་བསྒྲིལ་བའི་ཁྱབ་བསྒྲགས་བྱས། ༡༩༨༡ ལོར། རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་གིས་ཡོངས་བསྒྲགས་ཁྲིམས་བཤེར་བྱས་ཏེ། མི་བཞི་ཤོག་ཁག་ལ་ལོ་༢༠ ནས་ཚེ་བཙོན་ནམ།ལོ་གཉིས་རྗེས་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཆད་བཅད།
༢) ཏིན་ཞའོ་ཕིན་རོ་ལངས་ཐེངས་གསུམ་པ།

མི་བཞི་ཤོག་ཁག་བཟུང་རྗེས་ཀྱི་ཉིན་བཞི་རྗེས། ཏིན་གྱིས་ཧྭ་གོ་ཧྥུན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་ནའང་། ཧྭ་ཡིས་“ཁྱོད་ཀྱིས་ནོར་འཁྲུལ་བཟོས་མྱོང་ཡོད་པས། ངེས་པར་དུ་མུ་མཐུད་སྐྱོན་བརྗོད་དང་ལེན་བྱེད་དགོས་ཞེས་ཁ་ཡ་བྱས་མེད།
སྤྱི་ལོ་༡༩༧༧ ཟླ་༤ ཚེས་༡༠ ཉིན་ཏིན་གྱིས་བསྐྱར་དུ། “ཧྭ་ཀྲུའུ་ཞིའི་གནད་འཛིན་རྒྱལ་སྐྱོང་གི་བྱེད་ཕྱོགས་དང་། ད་ལྟའི་གནད་དོན་ཁག་གི་ལས་དོན་བཀོད་སྒྲིག་ལ་རྒྱབ་སྐྱོར་གཙང་མ་ཡོད་”ལུགས་སོགས་ཀྱི་སྙན་ཞུ་ཞིག་སྤྲད་པས། ཧྭ་དང་ཆབ་སྲིད་ཅུས་ཀྱིས་དེར་མོས་མཐུན་བྱས་པ་དང་། ཟླ་༧ ནང་ལས་འགན་ཡོངས་རྫོགས་བསྐྱར་གསོ་བྱས། ཟླ་༨ ནང་དབུས་དམར་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། དབུས་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པར་བསྐོས་པ་དང་། ༡༩༧༨ ལོའི་ཟླ་༣ ནང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས། ཏིན་ཞའོ་ཕིན་ནི་གོ་གནས་འདི་ཙམ་གྱིས་བློ་ཁ་ཁེངས་མཁན་ཞིག་མིན་ལ། ཧཱ་ནི་ཉམས་མྱོང་དང༌། བསླབ་པ་རྒན་གཞོན། མིང་གྲགས་གང་ཐད་ ང་ཉིད་དང་བསྡུར་རིན་མེད་པ་ཞིག་ཡིན་པས། ཏིན་གྱིས་སོ་སོའི་མགོ་ཐོག་ཏུ་ཁུར་འདོད་གཏན་ནས་མེད།

ཅ༽ རིག་གནས་གསར་བརྗེའི་ཤུགས་རྐྱེན་དང་མཇུག་འབྲས།།
དྲག་ཆར་རླུང་འཚུབ་ལྟ་བུའི་རིག་གནས་གསར་བརྗེའི་ལས་འགུལ་དེས་རྒྱ་གཞུང་གི་མངའ་ཁོངས་སུ་འཚོ་སྡོད་བྱེད་མཁན་ཡོངས་སུ་རྫོགས་པར་ཤུགས་རྐྱེན་ཐེབས་ཡོད་པ་སྨོས་མེད་ཁར། ལས་འགུལ་གཅིག་མཇུག་གཉིས་མཐུད་དུ་སྤེལ་བ་དེ་དག་གིས་དཔལ་འབྱོར་གྱི་འཕེལ་རིམ་ཧྲིལ་གྱིས་བཀག་པ་དང་། འཐབ་རྩོད་རྡུང་རྡེག་འོག་བསད་པ་དང་། མནར་ལྕེབས་སོགས་དུས་མིན་འཆི་གོད། དགོན་པ་ལྷ་ཁང་དང་རིག་དངོས་གཏོར་བཤིག་གི་གྱོང་གུན་སུས་ཀྱང་གྲངས་ཀར་དགོད་ཐབས་མེད་ལ། སྐབས་དེའི་ཡིག་ཆ་ཕལ་ཆེ་བ་མེད་བརླག་ཏུ་བཏང་ཚར་བས། རྗེས་སུ་གསར་བ་རྙེད་རྒྱུའང་ཅང་མེད། སློབ་གསོ་ལས་རིགས་ནི་ལས་འགུལ་འདིའི་གནོད་སྐྱོན་ཕོག་ཆེ་ཤོས་གྲས་ཤིག་ཡིན་ཞིང་། སློབ་གྲྭ་ཚང་མར་སློབ་ཁྲིད་མཚམས་བཞག་པ་དང་། མཐོ་སློབ་ཀྱི་
རྒྱུགས་སྤྲོད་ཕྱིར་བསྡུ་བྱས་ཏེ། དགེ་ལས་དང་ཆེད་མཁས་པར་དམའ་འབེབས་གཅར་རྡུང་གིས་བསད་པའམ་ལྕེབ་ཏུ་བཅུག་པ།དཔེ་མཛོད་ཁང་ཁག་གི་ཡིག་རྙིང་མེར་བསྲེགས་སོགས་འཇིགས་ཡེར་བའི་ནམ་ཟླ་ཞིག་བྱུང་བ་དང་། མི་ལ་ལས་དེང་སང་རྒྱ་ནག་ནང་འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་ཧ་ཅང་ཉམས་ཆག་ཕྱིན་པ་དེ་རིག་གསར་སྐབས་འུ་ཐུག་པའི་གནས་སྟངས་འོག་ཕན་ཚུན་འཐབ་རྩོད་བྱེད་རེས་དང་། བཙོང་རེས། ཐེར་འདོན་བྱེད་རེས་བྱས་པའི་ཉེར་ལེན་ལས་བྱུང་བར་འདོད་པ་དང་། སྐབས་དེར་བསམ་མ་ཤེས་པའི་དམར་སྲུང་དམག་དང་། འཐབ་རྩོད་ཕོག་མཁན་སུ་ཡིན་ཡང་། ད་ཆ་ཕ་མའམ་སྤོ་བོ་རྨོ་མོ་ཆགས་ཟིན་ཡོད་ལ། ལུས་སེམས་གཉིས་ཀར་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་མཁན་དང་མྱོང་མཁན་དེ་དག་གི་བུ་ཕྲུག་ཚོར་ཁོ་ཚོའི་ལྟ་སྤྱོད་ཀྱི་བག་ཆགས་བཞག་ཡོད་སྟབས།རིག་གསར་ཀྱི་ཤུགས་རྐྱེན་ནི་ལས་འགུལ་དེ་བརྒྱུད་མ་མྱོང་བའི་མི་རབས་གསར་བ་ཚོ་དང་།ཐ་ན་ད་དུང་མི་རབས་ཁ་ཤས་ལ་ཤན་ཤུགས་ཐེབས་རྒྱུ་ཡིན་ཚུལ་མཁས་པ་ཚོས་གཡེང་བྱེད་ཀྱིན་ཡོད།ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུའང་མའོ་ཙེ་ཏུང་རིང་ལུགས་ལ་རྗེས་འབྲངས་བྱེད་མཁན་མང་དག་ཅིག་བྱུང་ཡོད་པ་མ་ཟད།
སློབ་མ་མང་དག་ཅིག་གིས་དམར་སྲུང་དམག་གི་སྦྲེལ་གཏུགས་དང་གཏོར་བཤིག་གི་ཐལ་ཆེའི་བྱེད་ཐབས་ལད་ཟློས་བྱས་ཡོད་པ་དང༌། ལྷག་པར་དུ་ཧྥ་རན་སིར་༡༩༧༨ ལོར་རྒྱལ་ཡོངས་སུ་ཟིང་ཆ་ཚབས་ཆེ་བྱུང་སྟེ། སློབ་ཕྲུག་དང་བཟོ་བ་ཚོས་ལག་ཏུ་མའོ་ཡི“གསུང་བཏུས་འཁྱེར་ནས་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། ཨ་རིའི་སློབ་ཕྲུག་ཚོས་ཀྱང་ཝེ་ཏི་ནམ་(ཡོ་ནན།)དམག་འཐབ་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཏེ། དམག་དཔུང་ཕྱིར་འཐེན་ལ་ནུས་པ་འགངས་ཆེན་ཐོན་ཡོད་པ་དང་། དབྱིན་ཇིས་སྐྱོང་བའི་ཧོང་ཀོང་དུའང་གུང་ཁྲན་ཏང་གིས་སྐུལ་སློང་བྱས་པའི་བཟོ་བས་ལས་མཚམས་བཞག་པའི་ངོ་རྒོལ་ལས་འགུལ་ཐེངས་
འགར་བྱུང་མཐར། དྲག་པོའི་ཟིང་ཆའང་བསླངས་ཡོད། བཙན་བྱོལ་ནང་དུའང་ན་གཞོན་སྐོར་ཞིག་གིས་བོད་ཀྱི་དམར་ཤོག་ཚོགས་པ་བཙུགས་ཏེ་གྲགས་ཆེ་བ་ཞིག་བྱུང་འདུག་ཀྱང་། མཐར་ཁུངས་མ་འཁྱོལ་བར་ཡལ་འཇགས་སུ་ཕྱིན།རྒྱ་གཞུང་གིས་རིག་གནས་གསར་བརྗེ་ལ་གདེང་འཇོག་བྱེད་སྟངས་ནི། “མགོ་ཁྲིད་པས་(མའོ་ཙེ་ཏུང་)ནོར་འཁྲུལ་ངང་སྐུལ་སྤེལ་བྱས་པ་དང་། ངོ་ལོག་ཤོག་ཁག་(ལིན་པེའོ་དང་ཅང་ཆིན།)གིས་བེད་སྤྱོད་བཏང་སྟེ། ཏང་དང་རྒྱལ་ཁབ། མི་རིགས་སོ་སོར་ཆག་སྒོ་ཚབས་ཆེན་བཟོས་པའི་ནང་ཟིང་ཞིག་ཡིན་”2ཞེས་དང་། དེ་ལངས་པའི་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་པ་ལས་གཅིག་ནི། མའོ་ཙེ་ཏུང་གིས་རྒྱལ་ནང་གི་གཞི་རིམ་གནས་ཚུལ་དང་འཕེལ་རྒྱས་ཀྱི་དུས་རིམ་ལ་རྡར་གཅོད་བྱེད་ནོར་ཤོར་བ་དང༌། སྐབས་དེའི་གྲལ་རིམ་འཐབ་རྩོད་ཀྱི་གནས་སྟངས་ལ་ཐལ་དྲགས་པའི་ཚོད་དཔག་བྱས་པ་ལས་བྱུང་བ་དང༌། ཕྱོགས་གཞན་ནས་མའོ་ཙེ་ཏུང་གིས་ཀྲུང་གོའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་
ལ་རླབས་ཆེ་བའི་བྱས་རྗེས་བཞག་སྟེ། ཁོང་གི་སྙན་གྲགས་ཚད་མཐོ་ཤོས་སུ་སླེབས་པ་དང་། མི་དམངས་ཀྱི་སེམས་ནང་གི་རླབས་ཆེ་བའི་གཙོ་འཛིན་ཆགས་པའི་རྒྱབ་ལྗོངས་འོག མའོ་ཙེ་ཏུང་རིམ་གྱིས་མང་ཚོགས་དང་ཁ་བྲལ་ནས་སྒེར་གཅོད་དང་། ཀྲུང་དབྱང་གི་ཡན་ཆད་དུ་བཀོད་པས། ཏང་དང་རྒྱལ་ཁབ་ཀྱི་ཐུན་མོང་མགོ་ཁྲིད་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལ་དོ་ཕོག་ཚབས་ཆེན་ཐེབས་”ཞེས་བཀོད་ཡོད།

མི་སི་ནར་གྱི་མིག་ནང་གི་མའོ་ཡི་དཔལ་འབྱོར་འཛུགས་སྐྲུན་ཐད་ཀྱི་བྱས་རྗེས།
རྒྱ་ནག་གཞུང་ཕྱོགས་དང་རྒྱ་རིགས་ཀྱི་ཉམས་ཞིབ་པ་ཕལ་ཆེ་བས་ད་ལྟའི་དཔལ་འབྱོར་གྱི་གྲུབ་འབྲས་ཐམས་ཅད་ཏིན་གྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་པ་ལ་བརྟེན་ནས་བྱུང་ལུགས་དང་།མའོ་ཡི་དུས་སྐབས་སུ་དཔལ་འབྱོར་འཛུགས་སྐྲུན་ལ་དར་འཕེལ་ཅི་བྱུང་གླེང་རིན་མེད་པ་ཞིག་ཏུ་སྒྲོག་གི་ཡོད་ནའང་། མེ་ཌི་སིན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་མི་སི་ནར་(Maunsem)གྱིས་དེ་ལས་ལྡོག་པའི་ལྟ་ཚུལ་འཛིན་གྱི་ཡོད། ཁོའི་ལྟ་སྟངས་ལྟར་ན། མའོ་ཙེ་ཏུང་གིས་རྒྱ་ནག་དེ་འཛམ་གླིང་སྟེང་ཆེས་རྗེས་ལུས་ཀྱི་ཞིང་ལས་རྒྱལ་ཁབ་ཅིག་ནས། ལོ་རབས་བདུན་ཅུའི་ནང་འཛམ་གླིང་གི་བཟོ་ལས་སྟོབས་ལྡན་གྱི་རྒྱལ་ཁབ་ཨང་དྲུག་པར་བསྒྱུར་ཐུབ་ཡོད་པ་དང༌། འདི་ནི་དངོས་ཟོག་གི་ཐོན་ཁུངས་ཧ་ཅང་ཞན་པའི་རྨང་གཞིའི་སྟེང༌། དགྲ་ཟླའི་འདུ་
ཤེས་ཀྱིས་བསྟམས་པའི་རྒྱལ་སྤྱིའི་ཁོར་ཡུག་ཅིག་ཏུ་ཕྱིའི་རོགས་རམ་ཧ་ཅང་ཉུང་བའི་གནས་སྟངས་འོག ལོ་ཉི་ཤུ་རྩ་གྲངས་ཀྱི་དུས་ཡུན་ནང་བསྒྱུར་བཅོས་ཀྱིས་ཡར་རྒྱས་བཏང་བ་ཞིག་ཡིན་པ་དང་། དེ་བཞིན་༡༩༦༧ ལོར་རྡུལ་ཕྲན་མཚོན་ཆ་གས་གཏོར་གྱི་ཚོད་ལྟ་ལམ་ལྷོངས་བྱུང་བ་དང༌། ༡༩༧༠ ལོར་མིས་བཟོས་སྲུང་སྐར་བར་སྣང་དུ་བཏང་ཡོད།
མའོ་ཙེ་ཏུང་གི་“གྲོང་གསེབ་བཟོ་ལས་ཅན་གྱི་ལས་འགུལ་”ནི་“མཆོངས་བསྐྱོད་ཆེན་མོའི་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཤིག་ཡིན་པ་དང༌། ཞིང་པ་བྱེ་བ་གཉིས་དང་ས་ཡ་གསུམ་(སྐབས་དེར་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་བསྡོམས་དུང་ཕྱུར་གསུམ་ཡས་མས་ཡོད།) ཙམ་གྲོང་གསེབ་ཀྱི་བཟོ་གྲྭའི་བཟོ་བར་བསྒྱུར་
འར་བསྒྱུར་ཏེ། བཟོ་ལས་ཐོན་འབབ་ཡར་རྒྱས་སུ་བཏང་ཡོད།
(༡༩༥༢ ལོར། བཟོ་ལས་ཀྱིས་རྒྱལ་དམངས་དཔལ་འབྱོར་གྱི་སྤྱིའི་ཐོན་འབབ་ནང་བརྒྱ་ཆའི་༣༠ དང་། ཞིང་ལས་ཀྱིས་བརྒྱ་ཆའི་༦༤ ཟིན་པ་ནས། ༡༩༧༥ ལོར་བཟོ་ལས་ཀྱིས་བརྒྱ་ཆའི་༧༢ དང༌། ཞིང་ལས་ཀྱིས་བརྒྱ་ཆའི་༢༨ ཟིན་པའི་བར་འགྱུར་བ་བཏང་ཡོད།) མའོ་ཙེ་ཏུང་གི་དུས་རབས་མཇུག་བསྒྲིལ་བའི་སྐབས་སུ། རྒྱ་ནག་གི་དཔལ་འབྱོར་ལ་ཕྱིའི་བུ་ལོན་མེད་ལ།
རྒྱལ་ནང་དུ་དངུལ་ལོར་འགྲེམས་ཐལ་ཤོར་བའི་དཀའ་ངལ་ཡང་མེད་པ་འདི་ནི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་མཐོང་དཀོན་པ་ཞིག་ཡིན། སྤྱི་ལོ་༡༩༥༢ ནས་ལོ་རབས་༧༠ དཀྱིལ་བར། རྒྱ་ནག་གི་ཞིང་ལས་ཐོན་སྐྱེད་ཀྱི་ཡོང་འབབ་རྐྱང་བ་ལོ་རེར་ཆ་སྙོམས་བརྒྱ་ཆའི་༢༥ ཟིན་ཡོད།
སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། རྒན་རྒོན་དང་དབུལ་ཕོངས་ཀྱི་བདེ་དོན་ལྟ་རྟོག་ཐད་། མའོ་ཡི་དུས་སྐབས་སུ་དར་རྒྱས་ཧ་ཅང་ཆེ་བ་བྱུང་ཡོད་པ་དང༌། རྒྱ་ནག་མི་འབོར་མང་ཆེ་བ་ཡིག་རྨོངས་ཡིན་པ་ནས། མང་ཆེ་བས་ཡིག་ངོ་ཆོད་པར་བསྒྱུར་ཐུབ་ཡོད། གྲོང་གསེབ་ཕལ་ཆེ་བར་སློབ་ཆུང་གི་སློབ་གསོ་ཁྱབ་གདལ་དང་། གྲོང་ཁྱེར་ཕལ་ཆེ་བར་སློབ་འབྲིང་ཁྱབ་གདལ། གྲོང་གསེབ་དང་གྲོང་ཁྱེར་གཉིས་ཀར་དར་མའི་སློབ་གསོ་དང་ལས་ཐོག་སློབ་གསོ་བཙུགས་པ་དང༌། གཞི་རིམ་གྱི་སྤྱི་ཚོགས་སྲུང་སྐྱོབ་ཀྱི་བྱེད་ཐབས་དོན་འཁྱོལ་བྱུང་ཡོད། ( ནར་མ་སོན་པ་ལས་ཀར་བཙན་བསྐུལ་མཚམས་འཇོག་ལྟ་བུ།) ད་དུང་གྲོང་གསེབ་ཀྱི་ཚད་དམའ་ཤོས་ཀྱི་བདེ་རྩའི་བྱེད་ཐབས་ལས་གྲགས་ཆེ་བ་འགན་ལེན་ལྔ་(བཟའ་བཏུང་། གྱོན་ཆས། སྡོད་
ཁྱིམ། སྨན་བཅོས། གཤིན་ཆོས་ཀྱི་འགྲོ་གྲོན།)ལག་བསྟར་བྱས་ཡོད། རྒྱལ་གཉེར་ཁེ་ལས་ཁག་ཏུ་ཡོད་པའི་གྲོང་ཁྱེར་གྱི་བཟོ་བར་མཚོན་ན། ལས་ཀའི་འགན་ལེན་དང་རྒྱལ་ཁབ་ཀྱིས་འགྲོ་གྲོན་སྦྱར་བའི་བདེ་རྩའི་ཐོབ་སྐལ་ཡོད་པ་དང་། རྒྱ་ནག་གི་མིའི་ཚེ་ཚད་ཀྱང་སྤྱི་ལོ་༡༩༤༩ སྔོན་ཆ་སྙོམས་ཚེ་ཚད་ལོ་༣༥ ཡིན་པ་ནས། ལོ་རབས་༧༠ དཀྱིལ་དུ་༦༥ བར་འཕར་ཐུབ་ཡོད་ཚུལ་བྲིས་འདུག །

About རྩོམ་སྒྲིག་པ།