འཇམ་མགོན་བླ་མ་ཙོང་ཁ་པའི་རྣམ་ཐར་བསྡུས་པ།

རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ནི་བོད་རབ་བྱུང་དྲུག་པའི་མེ་བྱ༼༡༣༥༧༽ལོར་མདོ་སྨད་ཀྱི་སའི་ཆ་ཤར་ཙོང་ཁའི་ཡུལ་༼དེང་སང་མཚོ་སྔོན་ཞིང་ཆེན་ཁོངས་སྐུ་འབུམ་དགོན་པ་ཆགས་ཡུལ་དེར་ཡིན་འདུག༽དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་གསུམ་ལ་ཆོས་རྗེ་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་། མཚན་ཀུན་དགའ་སྙིང་པོ་ཞེས་གསོལ།

དགུང་ལོ་༼༧༽ལ་ཆོས་རྗེ་དོན་གྲུབ་རིན་ཆེན་པས་མཁན་པོ་མཛད་པ་དང་། ཏ་དབེན་གཞོན་ནུ་སེང་གེའི་སློབ་མ་གཞོན་ནུ་བྱང་ཆུབ་པས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་བློ་བཟང་གྲགས་པ་ཞེས་གསོལ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཙོང་ཁ་པ་སྐུ་བྱིས་པའི་དུས་ནས་བདག་སྐྱོང་གིས་ཤིན་ཏུ་གཅེས་པར་མཛད་དེ་བསྐྱངས་ལ་དབུས་སུ་བྱོན་པའི་ཆ་རྐྱེན་ཡང་བསྐྲུན་པར་མཛད།

དགུང་ལོ་༼༡༦༽ལ་སོན་སྐབས་འབྲི་གུང་པའི་འབུལ་དཔོན་ལྡན་མ་རིན་ཆེན་དཔལ་གྱིས་གདན་འདྲེན་པའི་གྲོགས་དན་དང་བཅས་བོད་དབུས་སུ་བྱོན།

(༡) ས་གླང་༼༡༣༧༣༽ལོའི་སྟོན་དུས་འབྲི་གུང་མཐིལ་དུ་ཕེབས་ནས་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་མཇལ་ཞིང་ཐེག་ཆེན་སེམས་བསྐྱེད་སོགས་ཞུ་གནང་མཛད།

(༢) དེ་རྗེས་ཚལ་པའི་སྨན་པ་མཁས་པ་དཀོན་མཆོག་སྐྱབས་ཞེས་པའི་གམ་ནས《སྨན་དཔྱད་ཡན་ལག་བརྒྱད་པ》སོགས་ཐུགས་འཛིན་དང་ཕྱག་ལེན་སློབ་སྦྱོང་མཛད་ནས་རིང་མིན་ཉིད་དུ་གསོ་རིག་ལ་ཤིན་ཏུ་མཁས་པར་གྱུར།

(༣) ཆོས་གྲྭ་ཆེན་པོ་བདེ་བ་ཅན༼དེང་སང་རྭ་སྟོད་དགོན་པ༽དུ་བྱོན་ནས་སྙེ་ཐང་པ་བཀྲ་ཤིས་སེང་གེ་དང་། གདན་ས་པ་དགེ་བསྐོས་གཉིས་ལས་ཆོས་འབྲེལ་གསན། བདེ་བ་ཅན་གྱི་བླ་མ་འཇམ་རིན་པར་བྱམས་ཆོས་གསན་ཞིང་ཐུགས་སུ་ཆུད་པར་མཛད།

(༤) སྙེ་ཐང་ཆོས་རྫོང་དུ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་དྲུང་ནས་བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་སོགས་ཞུ་བར་མཛད། ལོ་གཉིས་ཙམ་ནས་ཕར་ཕྱིན་གྱི་ཚིག་དོན་ལ་ཤིན་ཏུ་མཁས་པར་གྱུར་ནས་དགུང་ལོ་༼༡༩༽སྟེང་གསང་བུ་དང་བདེ་བ་ཅན་སོགས་སུ་གྲྭ་སྐོར་ལ་བྱོན། གཞན་ཡང་སྔ་ཕྱིར་མཁས་ཆེན། ས་བཟང་པཎ་ཆེན་མ་ཏི་པ། ཇོ་ནང་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། སྣར་ཐར་ལོ་ཙཱ་བ་དོན་བཟང་པ། རྗེ་བཙུན་རེ་མདའ་བ། སྐྱོར་མོ་ལུང་གི་མཁན་པོ་བློ་གསལ།

ལམ་གྲོ་ལྷ་ལུང་བླ་མ་བསོད་ནམས་གྲགས། བོ་དོང་ལོ་ཙཱ་བ་ནམ་མཁའ་བཟང་པོ། གདན་ས་མཐིལ་དུ་སྤྱན་སྔ་ཆོས་གྲགས། བླ་མ་ཡེ་ཤེས་རྒྱལ་མཚན། བུ་སྟོན་གྱི་དངོས་སློབ་གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་སོགས་ལས་ཡན་ལག་དྲུག་པ། མཛོད། ཚད་མའི་ཊཱིཀྐ། མཛོད་རང་འགྲེལ། དབུ་མ། མངོན་པ་ཀུན་བཏུས། འདུལ་བ། མཛོད། སྙན་ངག་མེ་ལོང་། ནཱ་རོ་ཆོས་དྲུག སྒྲ། དུས་འཁོར་དང་རྡོར་འཕྲེང་། གསང་འདུས་ལུགས་གཉིས། བུ་སྟོན་གྱི་ཡིག་ཆའི་སྐོར་སོགས་གསན།

(༥) བླ་མ་དབུ་མ་པ་དཔའ་བོ་རྡོ་རྗེ་ལས་དབུ་མ་འཇུག་པའི་རང་འགྲེལ་སོགས་གསན་པ་དང་། དབུ་མ་པས་ལོ་ཙཱ་མཛད་དེ་རྗེ་བཙུན་འཇམ་དབྱངས་ལས་དབུ་མའི་ལྟ་བ། སྔགས་མཚན་གཉིས་ཀྱི་ཁྱད་པར། སྔགས་བླ་མེད་ལམ་གྱི་གནད་དང་། རིམ་ལྔའི་གོ་རིམ་དྲང་ངེས་སོགས་དྲི་དོགས་ལེགས་པར་བཅད་པ་གནང་། ལྷོ་བྲག་གྲུབ་ཆེན་ལས་སྙན་རྒྱུད་དང་བཀའ་གདམས་ལམ་རིམ་དང་། གདམས་ངག་པའི་རྒྱུད་པ། གྲྭ་སྐོར་མཁན་ཆེན་ཆོས་སྐྱབས་བཟང་པོ་ལས་བཀའ་གདམས་གཞུང་པ་བའི་རྒྱུད་པའི་ལམ་རིམ་སོགས་གསན་ཅིང་མདོར་ན་དབུས་གཙང་དུ་བྱོན་ཚུལ་བཤེས་གཉེན་བཅུ་ཕྲག་བཞི་ཙམ་བསྟེན།

(༦) དགུང་ལོ་༼༢༠༽ལྷག་ཙམ་ལ་སོན་སྐབས་ཡར་ལུང་རྣམ་རྒྱལ་དུ་ཕེབས་ཏེ་ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲི་བྷ་དྲའི་མཁན་རྒྱུད་ཚོགས་ཆེན་པའི་མཁན་པོ་དཀའ་བཞི་ཚུལ་རིན་པས་མཁན་པོ་དང་། ཚོགས་པ་བྱི་རྫིང་མཁན་པོ། འདུལ་འཛིན་ཤེར་དཀོན་གྱིས་ལས་སློབ། སྡོམ་བརྩོན་བསོད་ནམས་རྡི་རྗེས་གསང་སྟོན་མཛད་ནས་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། དགུང་ལོ༼༣༦༽པ་ཆུ་སྤྲེལ་(༡༣༩༢)ལོའི་ཟླ་བཅུ་པར་འཇམ་དཀར་དཔལ་ལྡན་བཟང་པོ་དང་། གནས་བརྟན་རིན་ཆེན་རྒྱལ་མཚན། གནས་བརྟན་བཟང་པོ་སྐྱོང་། གནས་བརྟན་བྱང་སེང་བཅས་དབུས་པ་བཞི་དང་། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་དང་། དགེ་བཤེས་ཤེས་རབ་གྲགས་པ། དགེ་བཤེས་འཇམ་དཔལ་བཀྲ་ཤིས། དགེ་བཤེས་དཔལ་སྐྱོང་སྟེ་མདོ་སྨད་པ་བཞི་བཅས་འཁོར་དག་པ་རྣམ་བརྒྱད་དང་ལྷན་དུ་དཔོན་སློབ་དགུ་སྐྱོར་མོ་ལུང་ནས་འོལ་དགའ་ཆོས་ལུང་དུ་ཕེབས་ཏེ་བསགས་སྦྱང་དང་སྒྲུབ་པ་གཙོ་བོར་མཛད། དབེན་གནས་ལྷ་སྡིངས་སུ་ཐུགས་དམ་ཉམས་བཞེས་སྐབས་ཟབ་མོ་དབུ་མའི་ལྟ་བ་ཐུགས་སུ་འཁྲུངས། མེ་བྱི(༡༣༩༦)ལོར་གཉལ་སྟོད་རྭ་གྲོང་དུ་དཀའ་བཅུ་དར་མ་རིན་ཆེན་དང་མཇལ་ཞིང་སྲས་ཀྱི་ཐུ་བོར་གྱུར། ལོ་དེར་རྭ་སྒྲེང་ཡང་དགོན་དུ《བྱང་ཆུབ་ལམ་རིམ་ཆེ་མོ》གསར་རྩོམ་མཛད། དགུང་ལོ་༼༥༡༽པ་མེ་ཕག(༡༤༠༧)ལོར་སེ་ར་ཆོས་སྡིངས་སུ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཇལ་བར་ཕེབས་ཏེ་ཞབས་ལ་གཏུགས་པས་སྲས་ཀྱི་ཐུ་བོར་གྱུར། ལོ་དེར་གོང་མ་ཏཱ་མིང་ཡུང་ལོ་རྒྱལ་པོས་གདན་ཞུ་གནང་རུང་ཞལ་བཞེས་མ་མཛད། སྐུ་ཚབ་ཏུ་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གོང་མའི་མཆོད་གནས་སུ་གཏོང་གནང་མཛད།

ཙོང་ཁ་པའི་མཛད་ཆེན་བཞི་ནི།

༡: དགུང་ལོ༼༣༦༽འོལ་དགའ་རྫིང་ཕྱིའི་བྱམས་པའི་སྐུ་ཤིན་ཏུ་འོ་བརྒྱལ་བར་གཟིགས་ནས་རྟེན་དང་བརྟེན་པར་བཅས་ལ་ཞིག་གསོ་བླ་ན་མེད་པ་མཛད།

༢: དགུང་ལོ༼༣༩༽ གཉལ་གྱི་གསེར་ཕྱེ་འབུལ་པར་མཆོད་འབུལ་སོགས་ཆོས་ཕྱོགས་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ།།

༣: དགུང་ལོ༼༥༣༽ས་བྱི(༡༤༠༨)ལོར་ལྷ་ལྡན་གཙུག་ལག་ཁང་དང་། གཙུག་ལག་ཁང་གི་ཁྱམས་ར་དང་ལྡེབས་བྲིས་སོགས་ཕྱི་ནང་རྟེན་དང་བརྟེན་པར་ཉམས་གསོ་རྒྱས་པར་གནང་།།

༤: དེའི་ཕྱི་ལོ་ས་གླང༼༡༤༠༩༽ལོའི་བོད་ཟླ་དང་པོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་མཆོད་གསར་འཛུགས་ཐོག་སྔོན་དུས་རྒྱ་གར་རྡོ་རྗེ་གདན་དུ་དབུ་རྒྱན་ བསྒྲོན་ཡོད་པ་དང་མཐུན་པར་ཇོ་ཤཱཀ་རྣམ་གཉིས་སོགས་ལ་རིན་པོ་ཆེའི་དབུ་རྒྱན་དང་། ན་བཟའ་མཆོད་རྫས་སོགས་བཟང་ཞིང་ཕུལ་དུ་ཕྱིན་པ་འབུལ་བར་མཛད། རྗེ་ཙོང་ཁ་པ་སྐུ་ངོ་མ་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན། དཀའ་བཅུ་པ་དར་མ་རིན་ཆེན་སོགས་དཔོན་སློབ་དགུ་འབྲོག་རིར་བྱོན། བཙུན་མོ་སྡིངས་ཞེས་པའི་ས་འདིར་དགོན་པ་ཕྱག་བཏབ། སྦྱིན་བདག་གཙོ་བོ། ཕག་མོ་གྲུ་པའི་སྡེ་སྲིད་མི་དབང་གྲགས་པ་རྒྱལ་མཚན་དང་། སི་ཏུའི་བློན་རྒྱུད་བྲག་དཀར་ནང་སོ་རིན་ཆེན་ལྷུན་པོ། ནང་སོ་རྒྱ་བོ་སྤུན་མཆེད། རྒྱ་མ་ཁྲི་དཔོན་ཟླ་བ་བཅས་ཡིན།

ལྕགས་སྟག༼༡༤༡༠༽ལོའི་ཟླ་བ་༢པའི་ཚེས་༥ལ་ཙོང་ཁ་པ་དགའ་ལྡན་དུ་གདན་ཞུས་ཐོག་རབ་གནས་ཀྱི་རིམ་པ་རྒྱས་པར་མཛད། ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་གྱིས་ལུང་བསྟན་པ་ལྟར་གདན་སའི་མིང་ལ་དགེ་ལྡན་ཞེས་བཏགས་པར་བརྟེན་གདན་ས་དེའི་རིང་ལུགས་འཛིན་པ་མཐའ་དག་ལའང་དེ་ནས་བཟུང་དགེ་ལྡན་རིང་ལུགས་འཛིན་པ་ཞེས་པའི་མིང་ཆགས། ཤིང་ལུག༼༡༤༡༥༽ལོར་རྒྱལ་བ་དགེ་འདུན་གྲུབ་པས་འོན་བཀྲ་ཤིས་རྡོ་ཁ༼དུ་ཁ༽རུ་རྗེ་ཙོང་ཁ་པ་མཇལ་བར་ཕེབས་པར་རྗེ་ཙོང་ཁ་པས་ཐང་གཤམ་ཞིག་གནང་ནས་མ་འོངས་པར་བསྟན་པ་རྒྱ་ཆེར་སྤེལ་བའི་རྟེན་འབྲེལ་འགྲིག

མེ་སྤྲེལ༼༡༤༡༦༽ལོར་གསང་སྔགས་ཀྱི་སྒྲུབ་མཆོད་ཁང་ཞིག་ལོགས་སུ་སྐྲུན་བཞེད་ལྟར་དགུང་གྲངས་༼༥༩༽ཡི་དབྱར་དུས་སུ་ཡངས་ཅན་གཙུག་ལག་ཁང་ཀ་བ་བདུན་ཅུ་དོན་གཉིས་དང་། གཙང་ཁང་ཁྱམས་དང་བཅས་པ་ལེགས་པར་གྲུབ། རབ་བྱུང་བདུན་པའི་ས་ཕག༼༡༤༡༩༽ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་སྔ་དྲོ་ཉི་དྲོད་ཙམ་ལ་གཟིམ་ཁང་འོད་གསལ་སྦུག་ཏུ་སྐུ་གཤེགས། གསུང་འབུམ་པོད༼༡༨༽བཅོ་བརྒྱད་ཡོད་པ་རྒྱལ་ཚབ་རྗེས་བསྐུལ་མ་གནང་བ་ལྟར་གཞིས་ཀ་བྲག་དཀར་ནང་སོས་དཔར་བསྐྲུན་བྱས་ཏེ་དགའ་ལྡན་དུ་ཕུལ་བ《དགའ་ལྡན་པར་རྙིང》ཞེས་དེ་སྔོན་ཟུང་ཆུ་ཁང་ཚན་དུ་བཞུགས་ཡོད།

རྒྱལ་ཚབ་དར་མ་རིན་ཆེན་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་དངོས་སློབ་གྲགས་ཆེ་བ་བརྒྱ་དང་ཞེ་བཅུ་ཞེ་བདུན༼༡༤༧༽བྱུང་།། རྒྱལ་ཚབ་དང་འདུལ་གྲགས་རྣམ་གཉིས་ཀྱིས་གཙོ་འགན་བཞེས་ཏེ་དངོས་སློབ་ཡོངས་ཀྱིས་དངུལ་བྲེ་ཆེན(དངུལ་སྲང་ལྔ་བཅུ་ལ་བྲེ་ཆེན་གཅིག)བཅོ་བརྒྱད་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་ཕྲ་རྒྱན་ཕུན་སུམ་ཚོགས་པས་སྤྲས་པ་བསྐྲུན་ཏེ་བུམ་ནང་དུ་སྐུ་གདུང་རིལ་པོ་མ་ཉམས་པར་སྣམ་སྦྱར་སྒྲོན་པ་ཙན་དན་གྱི་སྒྲོམ་དང་བཅས་པ་བཞུགས་སོ་གསོལ།

ཙོང་ཁ་པ་སྐུ་གཤེགས་པའི་ཕྱི་ལོ་ལྕགས་བྱི༼༡༤༢༠༽ལོའི་ཟླ་བ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་གསུམ་སོགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བདུན་ཕྲག་མང་པོའི་རིང་བསྒྲུབས་པ་དང་ཙོང་ཁ་པ་ཆེན་པོའི་འདས་མཆོད་རྒྱ་ཆེར་མཛད། དེ་ནས་བཟུང་དགའ་ལྡན་ལྔ་མཆོད་ཆེན་མོར་གྲགས་པའི་སྲོལ་དར་ནས་བོད་ཁམས་ཡོངས་སུ་ལོ་ལྟར་བོད་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔའི་དགོང་མོ་ཁང་པའི་ཕྱི་ནང་ཀུན་ཏུ་མཆོད་མེ་མང་པོ་འབུལ་སྲོལ་དེ་དར་བའོ།།།།

ནོར་ཝེ་རིག་མཛོད་དྲ་བ་ལས་བཤུས།

About ལས་འབྱེད།