༡ བྱིས་པ་བཙའ་དུས་ཀྱི་སྲོལ།
༡) མངལ་དུ་མ་སྦྲུམ་གོང་བྱིས་པ་སྐྱེ་བར་རེ་བ།
འདི་ནི་བྱུང་བ་ཤིན་ཏུ་སྔ་བའི་དམངས་སྲོལ་ཞིག་ཡིན་ངེས་ཆེ་སྟེ། མི་རིགས་མང་པོའི་ནང་བུད་མེད་སྦྲུམ་མ་ལ་ཡ་མཚན་ཅན་གྱི་འགྲེལ་བཤད་སྣ་ཚོགས་བྱེད་སྲོལ་ཡོད། དཔེར་ན། མི་རིགས་ལ་ལའི་ནང་དུ་བུ་དང་བུ་མོ་གང་སྐྱེ་བ་ནི་ལྷའི་བྱིན་རླབས་ལ་རག་ལས་ཚུལ་དང་། ལ་ལའི་ནང་འགྲོ་བ་རིགས་དྲུག་གང་ཞིག་གི་རྣམ་ཤེས་ཁོག་ཏུ་ཞུགས་པ་ཡིན་ཚུལ། ལྷ་སྒྲུང་ལ་ལའི་ནང་མི་བསྐྱེད་པའི་ལྷས་ས་འདམ་གྱིས་བཟོས་པ་ཡིན་ཚུལ་སོགས་ཀྱང་བཤད་ཡོད། དེ་དག་ལས་གནའ་སྔ་མོར་མི་རྣམས་ཀྱིས་མངལ་སྦྲུམ་པ་ནི་ཤིན་ཏུ་ལྐོག་གྱུར་བ་ཞིག་ཏུ་བརྩིས་ཡོད་པ་ཤེས་ཐུབ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་དགོན་གོང་མའི་ནང་དུའང་གནའ་རབས་ཀྱི་ཡུལ་སྲོལ་དེ་དག་དར་བའི་རྐྱེན་གྱིས་སྦྲུམ་མ་ཆགས་པའམ་བུ་མོ་ལས་བུ་མ་སྐྱེས་ན། བླ་མར་ལུང་བསྟན་ཞུ་བ་དང་མོ་ལ་བརྟག་ནས་རིམ་གྲོ་སྣ་ཚོགས་སྒྲུབ་པའི་སྲོལ་ད་ལྟའི་བར་མ་ཉམས་པར་ཡོད།
༢) མངལ་དུ་མ་སྦྲུམ་སྐབས་ཀྱི་འཛེམ་བྱ།
མངལ་སྦྲུམ་པ་ལ་དགོན་གོང་མའི་ནང”ཕུང་བོ་ཡོད་པ”ཟེར་ཞིང་། དེ་ནི་ཁྱིམ་ཚང་གི་དོན་གལ་ཆེན་ཞིག་ལ་བརྩི་བས། སྦྲུམ་མས་ངེས་པར་ཏུ་སྤྱོད་ལམ་དང་བཟའ་བཏུང་སོགས་ཀྱི་འཛེམ་བྱ་སྣ་ཚོགས་སྲུང་དགོས་པར་མ་ཟད། ས་ཐག་རིང་གི་འགྲུལ་བ་ཡོང་བ་དང་། གློ་བུར་སྐྲག་སྣང་ཡོང་བ། ཁོང་ཁྲོ་ལངས་པ་སོགས་ལ་རྐྱེན་བྱས་ནས་མངལ་ལོག་པའམ་མངལ་གྱི་བྱིས་པ་མ་གཞིར་བུ་ཡིན་པ་བུ་མོར་འགྱུར་ཉེན(ཧྲོའུ་ལོག་པ)ཡོད་པར་སེམས་པས་དེ་དག་གཡོལ་ཐབས་ལ་ནན་ཏན་བྱེད།
༣) བྱིས་པ་བཙའ་སྐབས་ཀྱི་འཛེམ་བྱ།
བྱིས་པ་བཙལ་རན་སྐབས་རུ་སྐོར་ནས་བུ་ཕྲུག་སྐྱེས་སྐྱེས་ཐམས་ཅད་འཚམས་པོར་ཡོད་པ་དང་ཡུག་སར་མ་བུད་པའི་བུད་མེད་ཅིག་གདན་དྲངས་དེ་སྦྲུམ་མར་བཙའ་རོགས་བྱེ་པ་དང་། སྐབས་དེར་སྦྲའི་སྒོ་མར་ཕབ་ནས་འགྲུལ་བ་དང་ཁྱད་པར་ཏུ་སེར་མོ་བ་ཁྱིམ་ལ་ཡོང་བ་གཏན་འགོག་བྱེད་དགོས།
༤) བྱིས་པ་བཙས་རྗེས་ཀྱི་མཛད་སྒོ།
བྱིས་པ་བཙས་མ་ཐག་ཐོད་པ་དང་ཁ་ལ་མར་ཅུང་ཟད་བསྐུ་བ་དང་། བུ་ཞིག་ཡིན་ན་སྦྲའི་ཁ་ཚུབ་ལས་རླུང་རྟའི་དར་བོ་ཆེ་འཕྱར་ཞིང་། སྦྲའི་ཕུག་ཆོན་གྱི་གོང་ནས་བསང་ཕུད་དེ་དགྲ་ལྷ་ཝེར་མ་མཆོད་པ། ཉིན་བདུན་གྱི་རྗེས་ནས་བྱིས་པ་རྟ་ཐོག་ལ་ཕུད་དེ་སྦྲ་ལ་གཡས་སྐོར་ཐེངས་གསུམ་བྱེད། བུ་མོ་ཞིག་ཡིན་ན་རླུང་རྟ་ཕྱར་བ་དང་བསང་མཆོད་བྱེད་པ། རྟ་ཐོག་ལ་འཕུད་པ་སོགས་ཀྱི་མཛད་སྒོ་དེ་མེད། གལ་སྲིད་བྱིས་པ་ཉི་ནག་དང་བྲ་ཉེ་སོགས་གཟའ་སྐར་ལ་སྐྱེས་ན་བཙས་སྐར་གྱི་རིམ་གྲོ་བྱེད་དགོས།
༢ མིང་འདོགས་པའི་ཡུལ་སྲོལ།
སྤྱིར་བཏང་བྱིས་པ་སྐྱེས་ནས་ཉིན་བདུན་འགོར་རྗེས་མིང་འདོགས་པར་བྱེད་དེ། མིང་འདོགས་མཁན་ནི་ཁྱིམ་ཚང་གི་ཕ་རྒན་ནམ་དགོན་པའི་གྲྭ་བ་དམངས་ཁྲོད་ཀྱི་རྩིས་པ་སོགས་ཡིན། མིང་འདོགས་པ་ལ་ཚེའི་བར་ཆད་ཞི་བ་དང་། ཁ་ལས་རླུང་རྟ་དར་ཞིང་ལོངས་སྤྱོད་བདེ་སྐྱིད་ལྡན་པ་སོགས་ཀྱི་སྨོན་འདུན་ངེས་ཅན་མཚོན་པར་བྱེད་པས་མིང་འདོགས་ཚུལ་ལའང་གནས་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་པ་གཤམ་དུ་རེ་རེ་བཞིན་བཤད་པར་བྱེད་དེ།
༡) སྤར་ཁ་ལྟར་བཏགས་པའི་མིང་།
མིང་འདོགས་ཚུལ་འདི་ནི་འབྱུང་རྩིས་ལྟར་བྱིས་པའི་བཙས་སྐར་གྱི་སྤར་ཁ་དེད་ནས་ལི་མེ་ལ་ལི་ཐར་རྒྱལ་དང་། ཁོན་ས་ལ་ཁོན་ཐར་འབུམ། ཟོན་ཀླུང་ལ་ཟོན་ཐར་སྐྱིད། དྭ་ལྕགས་ལ་དར་སྐྱབས་སོགས་སུ་བཏགས་པ་ལྟ་བུ་རེད། མིང་འདོགས་ཚུལ་འདིས་བྱིས་པར་ཚེའི་བར་ཆད་མི་འབྱུང་པའི་བསམ་འདུན་མཚོན་ཡོད།
༢) སྲི་མིང་།
བྱིས་པ་སྔོན་མ་དག་མ་འཚམས་ན་བྱིས་པ་རྗེས་མ་སྐྱེ་དུས་ཚེ་སྒྲུབ་གཏོར་བཟློག་སོགས་ཀྱི་ཆོས་ལུགས་ཆོ་ག་ངེས་ཅན་སྒྲུབ་རྗེས། མིང་ལ་ཁྱི་མོ་ཐར་དང་། མྱིང་མེད་སྐྱིད། རྡོ་ལོག སྲི་ཐར་རྒྱལ། རྒྱ་ཐོ། ནོག་གེ(ཁྱི)སོགས་སུ་བཏགས་པ་ལྟ་བུ་རེད། མིང་འདོགས་ཚུལ་འདིས་ཚེ་བགེགས་གཡོལ་བའི་བསམ་བློ་ཞིག་མཚོན་ཡོད།
༢) གཅེས་མིང།
གཅེས་མིང་ནི་ཁྱིམ་མི་ཆེ་བ་རྣམས་དང་ལྷག་པར་ཏུ་ཨ་མས་རང་གི་བུ་བུ་མོར་བཏགས་པའི་མིང་ཡིན་ཏེ། དེའི་ཁྱད་ཆོས་ནི་ཐོག་མར་བཏགས་པའི་མིང་དེ་ལ”ཁོ”དང”ལོག””པེ””པོའུ””རིས”སོགས་གཅེས་མིང་སྦྱོར་བར་བྱེད། དཔེར་ན། རྟ་མགྲིན་ལ་རྟ་ཁོ་དང་། རྒྱལ་མཚན་ལ་རྒྱ་ལོག དབང་ཆེན་རྒྱལ་ལ་དབུ་པེ། སྐལ་བཟང་སྐྱིད་ལ་སྐ་རས། བཀྲ་ཤིས་ཚེ་རིང་ལ་བཀྲ་པུའུ་ཞེས་སུ་འདོགས་པ་ལྟ་བུ་རེད། མིང་དེས་བྱིས་པར་གཅེས་པའི་བསམ་བློ་མཚོན་ཡོད་ལ། ལན་འགར་གལ་སྲིད་མིང་དེ་ལྟར་བཏགས་རྗེས་ཚེ་གང་བོར་མིང་དེ་གཙོ་བོར་འགྱུར་བ་ལས་ཐོག་མར་བཏགས་པའི་མིང་དེ་ཀུན་ལ་ཆ་རྒྱུས་མེད་པར་འགྱུར་བའང་ཡོད།
༤)ཚབ་མིང་།
མི་ལ་མཚང་མིང་འདོགས་པ་ནི་སྤྱིར་འབྲོག་པའི་ཁྱད་ཆོས་ཤིག་ཡིན་པ་དང་དགོན་གོང་མའི་ནང་དུའང་ཁྱབ་གདལ་དུ་གནས། དཔེར་ན། ཡར་འཕེལ་མགོ་སྟུག གྲགས་པ་ཁ་ཆེ། ཆོས་བཟང་སྣ་བོ། སྙན་གྲགས་གྱོལ་བོ། བསམ་གཏན་ཞར་ར། དགེ་བཟང་ཁ་ཡོན། སྦྱིན་པ་རྒྱ་ཐོ། སྐལ་བཟང་རྒྱལ་ནག་ར་སོགས་དབང་བོ་དང་བྱད་བཞིན་གྱི་མཚང་མིང་དང་། མི་གཟུགས་ཐུང་ལ་འཇོའུ་མོ ( མོ་ར་སོ་གཉིས) དང་། གཟུགས་རིང་ཡང་ལུས་ཕུང་ཆ་མི་མཉམ་པ་ལ་བླ་རིང་རྐང་རིང་སྐེ་རིང་ངོ་རིང་། ཚོན་པོ་ལ་དམུ་ལུག གདོང་མི་མཛེས་པ་ལ་དྲེལ་ངོ་། དཔའ་སྙིང་ཡོད་ཀྱང་དགྲ་འཚོ་མི་ཤེས་པ་ལ་གཡག་འདུག་སོགས་མི་ངོས་འཛིན་ཆེད་དང་ཁ་མཚར་གྱི་དོན་དུ་རྒྱུན་དུ་འབོད་པར་བྱེད་ཀྱང་། མིང་དེ་འབོད་སྐབས་གནས་བབ་ངེས་ཅན་ལ་མ་བསྟུན་ན་གྱོད་ཁ་མཆུ་འབུད་ཀྱང་སྲིད། གཞན་བསྟོད་མིང་སྟེ་མི་ཁ་བདེ་ལ་དུག་ཁ་དང་། སྐྱེ་གཉིས། ཟར་མ་ཁ། ཡེར་མ་ཁ། གྱི་ཁ་སོགས་དང་། མི་དཔའ་བོ་ལ་སངས་ཆེན། མི་བློ་རིག་སྐྱེན་པ་ལ་མཁས་ཆེན། མི་སྐྱེས་གཟུགས་མཛེས་པ་ལ་ཨ་ནོ (ཡག་པའི་དོན) ། ཤོམ་ཅན་ལ་རྨ་བྱ་དང་སྐྱ་ཀ་ཁྱ་མོ། སྐད་ངག་བདེ་བ་ལ་ཁུ་བྱུག་པས་ཁོ་ཚོ་རང་ཉིད་དང་རྗེས་རབས་པས་རྒྱུན་པར་ངོམས་སོ་བྱེད་པ་མཐོང་།
དགོན་གོང་མའི་ནང་དུ་ཚབ་མིང་དང་མཚང་མིང་འདོགས་པ་ཤིན་ཏུ་རྒྱུགས་ཚེ་བས། གལ་སྲིད་མཚང་མིང་དང་ཚབ་མིང་ཀྱིས་མ་བོས་ན་མི་སུ་ཡིན་པ་སྡེ་བ་ཚོ་བ་ཕར་ཞོག་ཁོ་ཚོ་མི་རྒྱུད་ངོ་མས་ཀྱང་ངོས་ཟིན་དཀའ་བར་འདུག དཔེར་ན། དཔའ་མཆོག་སེང་ཆེན་མ་བཤད་ན་སྟག་སྐོར་སྐལ་བཟང་རྒྱལ་ཡིན་པ་མི་ཤེས་པ་དང་། གཡེར་སྐྱོང་མཁས་ཆེན་མ་བཤད་ན་བསྟན་སྐྱོང་ཡིན་པ་མི་ཤེས་པ། དཔའ་མཆོག་མཁས་རིང་གི་མིང་ངོ་མར་ཅི་ཟེར་ཁོ་ཚོ་ཚོ་བ་གཅིག་གི་མི་མང་ཚེ་བས་ཡང་མི་ཤེས་པ་ལྟ་བུ་རེད།
༥) བུ་ཕྲུག་མི་སྐྱེ་བའི་མིང་།
ཁྱིམ་ཚང་ལ་ལར་བུ་ཕྲུག་སྐྱེས་པ་མང་དྲག་པའམ་ཁྱད་པར་ཏུ་བུ་མོ་མང་ནས་བུ་ཞིག་སྐྱེ་བར་འདོད་ན་བོ་མོ་ཆོག་གམ་བོ་ཆོག ད་ཆོག་ཞེས་བྱིས་པར་མིང་འབོད་པ་དང་། ལྷ་ས་དང་ཁམས་ཕྱོགས་སོགས་ན་བུ་ཁྲིད་དང་། མཚམས་གཅོད་སྒྲོལ་མ་ཞེས་པ་སོགས་ཀྱི་མིང་ཡོད་པའང་དེ་དང་འདྲའོ།།
(༦) ཤི་བོའི་མིང་།
དགོན་གོང་མའི་ནང་དུ་མི་ཤི་རུང་མིང་མ་བརྗེད་ཅེས་པའི་ཁ་དཔེ་ཞིག་ཡོད་མོད། འོན་ཀྱང་། མི་ཕལ་བའི་ནང་དུ་ཤི་བོའི་མིང་ནས་འཛིན་པར་ཤིན་ཏུ་འཛེམ་དགོས་ཏེ། གལ་སྲིད་སུ་ཞིག་གིས་ཡུལ་སྲོལ་དེ་མ་ཤེས་པར་ཤི་བོའི་མིང་ནས་བཟུང་ན་གྱོད་ཁ་མཆུ་ཆེན་པོ་འབྱུང་སྲིད། ཁྱིམ་ཚང་གི་ཕ་མ་ཤི་བའི་མིང་ལ་དགའ་ལྡན་པོ་དང་དག་ཞིང་ཕ་མ་དྲིན་ཆེན་པོ་མ་དྲིན་ཅན་མ་ཞེས་སུ་འབོད་པ་དང་། སྐྱེས་པ་དར་མ་དང་ཕ་སྤུན་མཆེད་སོགས་ཡིན་ན་བླ་སྤང་པོ་ཟེར་བ། ཆུང་མ་དང་སྲིང་མོ་ནུ་མོ་སོགས་ཡིན་ན་མཐོ་རིས་མ་ཟེར་བ། བྱིས་པ་ཡིན་ན་ངོ་ལོག་པོ་དང་ལམ་ལ་མ་སོང་བ་དེ་ཟེར། བླ་མ་དང་གྲྭ་བ་ཡིན་ན་བདེ་གཤེགས་དང་གཤེགས་པ་པོ་སོགས་ཟེར་བ་ལྟ་བུ་རེད།
༧) ངོ་བསྲུང་གི་མིང་།
ངོ་བསྲུང་གི་མིང་ནི་མནའ་མས་རང་གི་སྐྱེས་པའི་ཤ་ཉེ་ལོ་ཚེ་བ་དག་གི་མིང་ནས་ཐད་ཀར་མི་འཛིན་ཆེད་བཏགས་པའི་ཚབ་མིང་ཡིན་ཏེ། དེ་དག་ལ”ཨ་མྱེས་བཅའ་ས”ཡང་ཟེར། ཨ་རྒྱ་དང་ཨ་པ་སོགས་རང་གི་སྐྱེས་པའི་འབོད་སྲོལ་གྱི་རྗེས་འབྲང་བ་ལས་གཞན། ཕ་སྤུན་དང་དེ་ལས་ཀྱང་ཤ་ཉེའི་འབྲེལ་ཐག་རིང་བ་རྣམས་ལ་ངེས་པར་ཏུ་ཚབ་མིང་གིས་འབོད་དགོས། དཔེར་ན། འགན་ཁུར་ལྟར་བཏགས་པའི་ཚབ་མིང་ལ་སྔོན་ཆད་ཨ་ཁུ་དཔོན་པོ་དང་། ཨ་པ་ཁྱིགས་བདག་སོགས་དང་ད་སྐབས་ཨ་པ་ཧྲུའུ་ཅི། ཨ་པ་ཏོས་ཀྲང། ཨ་པ་ཞང་ཀྲང་། ཨ་པ་ཐོས་ཞིག་སོགས་ཡོད་པ་དང་། འབྲེལ་བ་ལྟར་བཏགས་པའི་ཚབ་མིང་ལ་ཨ་མྱེ་བཅའ་དགོས་སའི་བུ་དང་བུ་མོ་སྤུན་ཟླ་སོགས་ཀྱི་འབྲེལ་བ་ལྟར་བཏགས་པ་སྟེ། དཔེར་ན། དོན་གྲུབ་ཀྱི་ཨ་རྒྱ། རྟ་མགྲིན་གྱི་ཨ་ཁུ། བསོད་སྐྱིད་ཀྱི་དགའ་པོ་ལྟ་བུ་ཡིན་ཏེ། དོན་གྲུབ་དང་རྟ་མགྲིན་སོགས་སྐྱེས་པ་རྣམས་ངེས་པར་དུ་མནའ་མ་རང་དང་ན་མཉམ་ཡིན་པའམ་རང་ལས་ལོ་ཆུང་ཡིན་དགོས། ངོ་བསྲུང་གི་མིང་ནས་འཛིན་པར་ཤིན་ཏུ་གཟབ་དགོས་པའི་རྐྱེན་གྱིས་ཨ་མས་བུ་མོ་གནས་ལ་སྐྱེལ་ས་ཚང་ལ”ཨ་མྱེས་བཅའ་ས”གང་དག་ཡོད་པ་སྔོན་ནས་རྩད་བཅད་དེ་བུ་མོར་རེ་རེ་བཞིན་སེམས་ལ་འཛིན་པར་བསྐུལ་བ་དང་། གལ་སྲིད་དེ་དག་གི་མིང་ནས་ཐད་ཀར་བོས་ན་ཕ་རལ་བོས་མནའ་མ་དེས་རང་ལ་ངོ་བསྲུང་མ་བྱེད་པར་སེམས། ངོ་བསྲུང་བྱེད་སའི་མིང་ནས་འཛིན་པ་འདི་ལ་གཟབ་ཆེ་བའི་རྐྱེན་གྱིས་དགོད་བྲོ་བའི་དོན་ཡང་བྱུང་ཡོད་དེ། དཔེར་ན། སྔོན་ཆད་རུ་སྐོར་ཞིག་ཏུ་ཁུལ་ལུ་ཟེར་བའི་མི་ཞིག་ཡོད་པ་དེའི་མིང་ལ་རྐྱེན་བྱས་ནས་མནའ་མ་ཚོས་ནོར་ཁུལ་ལའང “གཡག་གི་རྒྱབ་ཀྱི་དེ”ཞེས་ཚབ་མིང་མི་འདོགས་ཀ་མེད་བྱུང་པ་ངང་། ཁྱི་མོ་ཐར་ཟེར་བའི་མིང་ལ་རྐྱེན་བྱས་ནས་ཁྱིའི་མིང་དུའང་དང་ལ་དང་། སྡ་ལ་སོགས་མེ་འདོགས་ཀ་མེད་བྱུང་པ་ལྟ་བུ་རེད།
༣ བྱིས་པའི་མནོལ་སྐྲ་ལེན་པའི་མཛད་སྒོ།
བྱིས་པ་ཕོ་མོ་གང་ཡིན་རུང་སྐྱེས་ནས་ལོ་གསུམ་བར་སྐྲ་མི་བཞར་ལ། དེ་ལ་མནོལ་སྐྲ་བཞག་པ་ཟེར། ལོ་གསུམ་སོན་རྗེས་རུ་སྐོར་ནང་ནས་བུ་ཆེས་མང་པ་དང་ཚང་མ་འཚམས་པོར་ཡོད་པ་འབྱོར་བ་ཆེས་བཟང་བའི་རྒན་པ་སུ་ཡིན་པ་དེས་ཉི་མ་རྩེ་ཤར་ལ་བྱིས་པའི་སྐྲ་ཁྲུས་ཆུས(ཆུ་ནང་ལ་འོ་མ་ཅུང་ཟད་བླུག་སྟེ་སྔགས་བཟླས་ནས་བསྔགས་པ) བཀྲུས་རྗེས། “མི་བརྒྱའི་མགོར་ལྕག་གཡུག་ཐུབ། རྟ་བརྒྱའི་མགོར་སྲབ་སྐོན་ཐུབ། ་་་་་་་ཚེ་རིང་། ལོ་བརྒྱ”ཞེས་ཁ་གཡང་བརྗོད་ཞོར་སྐྲ་བཞར་བར་བྱེད་ཅིང་། རུ་སྐོར་གྱི་མི་དང་ས་གཞན་ན་ཡོད་པའི་ཉེ་མི་རྣམས་ཀྱིས་བྱིས་པའི་མགོ་ལ་འདོགས་རྒྱུའི་ཙོར་ལོ་ཁྱེར་ཡོང་ནས་རྟེན་འབྲེལ་ཞུ་ཞིང་ཚང་མས་དགའ་དགའ་སྤྲོ་སྤྲོས་མནོལ་སྟོན་བྱེད། །