འབུམ་རམས་པ་ལྷ་རྗེ་འཇིགས་མེད་རྒྱ་མཚོ་མཆོག་ངོ་སྤྲོད།

འབུམ་རམས་པ་ལྷ་རྗེ་འཇིགས་མེད་རྒྱ་མཚོ་མཆོག་ནི་མདོ་སྨད་བླ་བྲང་ཉེ་འདབས་ཀྱི་རོང་ངར་སྟག་མགོ་ཚང་དུ་སྐུ་འཁྲུངས་ཤིང་།  ཆུང་དུས་རོང་ངར་དགོན་ཐོས་བསམ་དར་རྒྱས་རྣམ་པར་རྒྱལ་བའི་གླིང་དུ་ཆོས་སྒོར་ཞུགས་ཏེ།  དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་བཞེས་ལྟར་འདོན་རྟ་དབྱངས་དང་ཆོ་ག་ཕྱག་ལེན་སོགས་ལ་སྦྱངས་མཐར་དབུ་མཛད་ཀྱི་ལས་ཁུར་ཡང་ཞུས།  ༡༩༩༠ ལོར་བླ་བྲང་བཀྲ་ཤིས་འཁྱིལ་སྨན་པ་གྲྭ་ཚང་གི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་བསྟན་པ་རྒྱ་མཚོ་ཚང་དང་། གསོ་རིག་མཁས་དབང་སྨན་པ་གསང་ཁོ་གཉིས་ཚུལ་བཞིན་དུ་བསྟེན་ཏེ་  ༡༩༩༥ བར་བོད་ཀྱི་གསོ་རིག་ལེགས་པར་སྦྱངས་ཤིང་དཔལ་ལྡན་རྒྱུད་བཞི་ཆ་ཚང་བློར་འཛིན་གྱིས་རྒྱུགས་སྤྲོད་ཞུས།  ལོ་དེར་བསང་ཆུ་རྫོང་འཕྲོད་བསྟེན་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་བོད་ལྗོངས་ལྷ་སའི་གསོ་རིག་སློབ་གླིང་དུ་ཞུགས་ནས་དགེ་རྒན་ཆེན་མོ་ཁྲོ་རུ་ཚེ་རྣམ་དང་། གོ་འཇོ་དབང་འདུས་སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་ ༡༩༩༩  བར་སློབ་གླིང་དེར་བོད་ཀྱི་གསོ་བ་རིག་པའི་སྐོར་ལ་སློབ་སྦྱོང་ཚུལ་བཞིན་བྱས།  ༡༩༩༩ ལོའི་ལོ་མཇུག་ཏུ་རྒྱ་གར་ལ་ཕེབས་ཏེ་ལ་དྭགས་དུང་རི་སྨན་རྩིས་སློབ་གྲྭའི་དགེ་རྒན་བྱས་ནས་ལོ་གཅིག་མ་ཟིན་ཙམ་བསྡད། ཉིས་སྟོང་ལོའི་ལོ་མཇུག་ལ་ཁལ་ཁ་རྗེ་བཙུན་དམ་པའི་དགོངས་བཞེས་ལྟར་ར་ཤི་ཡར་ཕེབས་ཏེ། ཁལ་མུག་གི་རྒྱལ་ས་ཨེ་ལེས་སི་ཐ་རུ་ནང་པའི་དགོན་པ་ཆེ་ཤོས་དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་དུ་སྨན་པའི་ཕྱག་ལས་གནང་ནའང་དགོན་པ་དེར་ཕྱག་ལས་མང་བའི་རྐྱེན་གཟུགས་གཞི་ཅུང་བདེ་མིན་གྱིས་དགོངས་པ་ཞུས་ཏེ་ཕྱིས་སྒེར་གྱི་སྨན་ཁང་ཆུང་ངུ་ཞིག་སྒོ་འབྱེད་བྱས་ནས་དེར་ཕྱག་ལས་གནང་།  ༢༠༠༢  ལོར་གྲོང་ཁྱེར་ཁི་ར་སི་ན་རྡར་གྱི་སྨན་གྱི་གཙུག་ལག་སློབ་གྲྭ་ཆེན་མོར་འཛུལ་ཞུགས་བྱས་ཀྱིས་༢༠༠༦ ལོར་སློབ་མཐར་ཕྱིན།    ༢༠༠༩ ལོ་ནས་བཟུང་ར་ཤི་ཡའི་རྒྱལ་ས་མོ་སུ་ཁོ་ལ་སྨན་ཁང་ཕྱེས་ཏེ་སྨན་པ་བརྒྱད་ཙམ་གྱི་ཡུལ་དེར་ནད་པ་མང་པོར་སྨན་དཔྱད་གཉིས་ཀྱིས་ཕན་པ་མི་དམན་པར་བསྒྲུབས་པ་མ་ཟད་ས་གནས་ཁག་བཞི་ལ་ཡན་ལག་སྨན་ཁང་ཕྱེས་ཏེ། རྒྱ་ཆེའི་མི་མང་ལ་ཕན་ཐོག་ཆེན་པོ་བསྒྲུབས།  ནད་པ་མང་པོར་བརྟག་དཔྱད་ཞབས་ཞུ་སྒྲུབ་ཞོར་དུ་གསོ་བ་རིག་པའི་སྐོར་གྱི་དེབ་དགུ་བརྩམས་གནང་སྟེ་རྒྱ་ཆེན་མང་ཚོགས་ཀྱི་ངོས་ནས་དགའ་བསུ་ཆེན་པོ་ཐོབ།  གཞན་ཡང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་ཀྱི་སྨན་རྩིས་དང་། ནང་ཆོས། ཆབ་སྲིད་ཀྱི་གནས་སྟངས་སོགས་ངོ་སྤྲོད་ཀྱིས་བོད་མི་རིགས་ཀྱི་གནས་བབས་དང་རིག་གཞུང་སྐོར་ར་ཤི་ཡའི་མི་མང་ལ་གོ་རྟོག་སྤེལ་བའི་ཕྱག་ལས་གནང་།   ར་ཤི་ཡའི་ཁལ་མུག་ས་གནས་སུ་ཏེ་ལོ་སྨན་རྩིས་ཁང་ཞེས་པ་ཞིག་གསར་འཛུགས་གནང་ཞིང་།  དེ་ནི་ར་ཤི་ཡའི་ནང་བོད་ཀྱི་སྨན་ཁང་དང་པོ་ཆགས་པ་ཞིག་རེད།  ས་གནས་ཁག་ཅིག་ཏུ་བོད་མི་ཞིག་འབྱོར་བ་ཁོང་ཉིད་དང་པོ་ཆགས་རྐྱེན་བོད་མི་རིགས་དང་བོད་ཀྱི་རིག་གཞུང་སྐོར་ངོ་སྤྲོད་གནང་མཁན་དང་པོའང་ཨེམ་རྗེ་ཁོ་རང་ཆགས།   ༢༠༡༡ ལོར་མོ་སི་ཁོ་ཡི་གསོ་རིག་སློབ་གྲྭ་ཆེན་མོ་ཞིག་ཏུ་བོད་ཀྱི་རྩ་སྨན་སྤྲོད་ཆོག་པའི་ལག་ཁྱེར་བླངས།  ཕྱིས་སུ་ཁལ་མུག་མངའ་སྡེ་གཞུང་གིས་ཨེམ་རྗེ་མཆོག་གིས་མི་མང་ལ་སྨན་བཅོས་རྟགས་དཔྱད་སོགས་ཀྱི་ཕན་འབྲས་རྒྱ་ཆེན་ཐོབ་པར་ངོས་འཛིན་གྱིས་གཟེངས་བསྟོད་ཕྱག་འཁྱེར་གནང་། ཡང་ ༢༠༡༨ ལོའི་ཕྱི་ཟླ་དྲུག་པའི་ཚེས་བདུན་ཉིན་ཁལ་མུག་མངའ་སྡེ་བློན་ཆེན་གྱིས་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་གྲུབ་འབྲས་ལེགས་པར་ཐོན་པ་དང་རིག་གཞུང་ངོ་སྤྲོད་སོགས་ལ་ལེགས་སོའི་གཟེངས་བསྟོད་ཕྱག་འཁྱེར་གནང་། ༢༠༡༨ ལོར་༼རིམས་ཆམ༽ཞེས་པའི་སྨན་སྣ་ཞིག་གསར་བཟོས་ཀྱིས་ར་ཤི་ཡ་གཞུང་གིས་ངོས་ལེན་ཡོད་པའི་ཆོག་མཆན་བླངས་ཏེ་གཞུང་སྨན་ཁང་སོགས་སུ་བཙོང་ཆོག་པའི་ལམ་སྲོལ་བཙུགས།  ༢༠༡༩  ལོའི་ཟླ་ ༥ ཚེས་ ༧ ཉིན་ཁལ་མུག་གི་རྒྱལ་ས་ཨེ་ལི་སི་ཏ་རུ་ཨུ་རུ་སུ་དང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དབུ་འབྱེད་ཀྱི་མཛད་སྒོ་སྤེལ་ཅིང་མཛད་སྒོ་དེའི་སྐུ་མགྲོན་གཙོ་བོ་ཨེ་ལི་སི་ཏའི་གྲོང་ཁྱེར་སྤྱི་ཁྱབ་པ་གཙོས་པའི་གྲོང་ཁྱེར་དེའི་ནང་གནས་བསྡོད་བྱེད་མཁན་གྱི་སྒྱུ་རྩལ་བ་དང་།  གསར་འགོད་པ། གཞུང་གི་ལས་བྱེད་པ། བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་དང་དགའ་མོས་བྱེད་མཁན་གྱི་མང་ཚོགས་བཅས་མཉམ་ཞུགས་གནང་ཞིང་། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་། རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་གིས་རབ་གནས་སོགས་ཆོས་ཕྱོགས་ཀྱི་མཛད་རིམ་གལ་ཆེན་བསྐྱངས།  ཆེས་ཐོག་མར་ལྟེ་གནས་འདིའི་སྦྱིན་བདག་རོང་ངར་བ་སྨན་པ་འཇིགས་མེད་ཀྱིས་ཚོགས་པ་འདི་འཛུགས་དགོས་པའི་དམིགས་ཡུལ་དང་དགོས་པ་རྒྱུ་མཚན་ངོ་སྤྲོད་གནང་བ་དང་། དེ་ནས་གྲོང་ཁྱེར་སྤྱི་ཁྱབ་པས་ཨོ་རོད་ཛ་ཡ་པཎ་ཌི་ཏ་དང་འབྲེལ་ཏེ་བོད་སོགས་ཆོས་རིག་འབྲེལ་ལམ་གྱི་སྐོར་ལ་གཏམ་བཤད་གལ་ཆེན་གནང་།  ཨུ་བོད་རིག་གཞུང་ལྟེ་གནས་འདི་ནི་གསོ་རིག་སྨན་དཔྱད་ཀྱི་སྡེ་ཁག་གཅིག་དང་། ཆོས་ཕྱོགས་ཀྱི་སྡེ་ཁག་གཅིག རིག་གཞུང་ཉམས་ཞིབ་ཀྱི་སྡེ་ཁག་གཅིག་བཅས་སྡེ་ཚན་གསུམ་གྱིས་གྲུབ་པ་ཞིག་ཡིན་ལ།  རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ཉིས་སྟོང་ལྷག་གིས་གྲུབ་པའི་ལྟེ་གནས་འདིའི་ནང་དུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་གིས་གཙོས་པའི་གསུང་རབ་ཕྱག་དཔེ་དང་། བོད་ཀྱི་ལྷ་བྲིས་སྒྱུ་རྩལ་པ་ཁག་ཅིག་གིས་ལོ་ངོ་དུ་མའི་རིང་ཆེད་བཞེངས་གནང་བའི་ཐང་ག  དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ནས་ཆེད་དུ་བླུ་ཡོན་ཕུལ་ཏེ་གདན་འདྲེན་ཞུས་པའི་གསེར་ཟངས་ལས་གྲུབ་པའི་སྐུ་བརྙན་འགངས་ཆེན་ཁག་ཅིག་ཀྱང་བཞུགས་པ་མ་ཟད། འབྱུང་འགྱུར་ལྟེ་གནས་འདིར་རིག་གཞུང་འཆད་ཁྲིད་དང་། ཆོས་སྤྱོད་སྨིན་སྒྲུབ། གསོ་རིག་སྨན་དཔྱད་བཅས་ཐབས་ལམ་སྣ་ཚོགས་སྒོ་ནས་མི་མང་ཀྱི་མངོན་འདོད་སྐོང་ཐུབ་པའི་འཆར་གཞི་ཡོད།  ༢༠༡༩ ལོར་སྨན་ཚན་གཙུག་ལག་སློབ་ཆེན་ནས་ལོ་གསུམ་ལ་སློབ་གཉེར་གྱིས་འབུམ་རམས་པའི་ལག་འཁྱེར་བླངས་པ་སོགས་ཨེ་རྗེ་ཁོང་ནི་བོད་ཀྱི་རིག་གཞུང་སྤྱི་དང་ལྷག་དོན་བོད་ཀྱི་གསོ་རིག་སྨན་རྩིས་ཕྱོགས་ལ་བྱས་རྗེས་བླ་མེད་ཆེ་པའི་མི་སྣ་ཞིག་ཡིན།

About རྩོམ་སྒྲིག་པ།