རྒྱ་ནག་གི་སློབ་གསོ།

རྒྱ་གི་སློབ་གསོ་ནི་ཆོས་ལུགས་ཀྱི་སྒྲིག་འཛུགས་ལས་བྱུང་བ་ཞིག་མ་ཡིན་པར།གནའ་རབས་ཀྱི་བརྩམས་ཆོས་ནས་མགོ་ཚུགས་ཡོད།རྒྱ་ནག་གི་གོང་མ་རིམ་བྱུང་ཚོས་སློབ་གསོ་ཐོབ་མཁན་རྣམས་གཞུང་གི་ཞབས་སྣེར་བཀོད་དེ་རྒྱལ་ཁབ་འཛིན་སྐྱོང་བྱེད་དུ་བཅུག་ཡོད་པ་དང་།སུའེ་རྒྱལ་རབས་སུ་དཔོན་རིགས་འདེམས་བསྐོའི་ཚན་འབྱེད་རྒྱུགས་སྤྲོད་ལམ་ལུགས་ཁོ་ཅུ་ཞེས་པ་བཙུགས་པ་དང་།ཐང་རྒྱལ་རབས་སུ་ལམ་ལུགས་དེ་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད།མན་ཇུའི་དུས་མཇུག་ཏུ་ནུབ་ཕྱོགས་ཀྱི་སློབ་གསོའི་བྱེད་ཐབས་དར་ཏེ་༡༩༠༥ལོར་ལམ་ལུགས་དེ་མེད་པར་བཟོས།

རྒྱ་ནག་གི་གནའ་རབས་སློབ་གསོ།

རྒྱ་ནག་གི་གནའ་རབས་སློབ་གསོ་ནི་(སྤྱི་ལོ་སྔོན་གྱི་ལོ(༥༥༡ནས་༤༧༩)ཀོང་ཙེ་ཡིས་སློབ་གྲྭ་བཙུགས་ཏེ།སྒེར་གྱི་སློབ་གསོའི་མ་ལག་ནས་མགོ་བརྩམས་པ་དང་།དེར་མཐུད་སྒེར་བཙུགས་སློབ་གྲྭའི་རྣམ་པ་དེ་རྒྱ་ནག་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་རབས་ཕལ་མོ་ཆེར་ལག་བསྟར་བྱས་ཡོད།སློབ་གསོ་ཉམས་ཞིབ་པ་ཚོས་ཧན་རྒྱལ་རབས་ནས་བཟུང་གཞུང་བཙུགས་སློབ་གྲྭ་ཡོད་པ་དང་།དེར་ད་དུང་དབུས་ཀྱི་སློབ་གྲྭར་(ཐའེ་ཞུའེ)དང་།ས་གནས་སུ་ཅུན་ཞུའེ་དང་།ཧྥུ་ཞུའེ།ཤན་ཞུའེ།སོགས་འཛིན་སྐྱོང་རིམ་པ་ལྟར་དུ་བཙུགས་ཡོད་པའི་སྒྲུབ་བྱེད་དགོད་ཡོད་ནའང་།སློབ་གྲྭ་དེ་དག་དམིགས་བྱ་གཙོ་བོ་དཔོན་རིགས་སྦྱོང་བརྡར་དང་།ཤེས་ཡོན་ཅན་ཟབ་སྦྱོང་བྱ་ཡུལ་ཙམ་ལས།གཞི་རིམ་གྱི་སློབ་གཉེར་ད་དུང་སྒེར་བཙུགས་སློབ་གྲྭར་བརྟེན་ཡོད།སུང་རྒྱལ་རབས(སྤྱི་ལོ༩༦༠ནས་༡༢༧༩)ཀྱི་རྗེས་སུ་གྲགས་ཅན་མཁས་པ་ཚོས་ཧྲུའུ་ཡོན་ཟེར་བའི་སློབ་གཉེར་ཁང་འཛུགས་སྐྱོང་གོ་དར་སོ་ཆེ་བ་བྱུང་ཞིང་།སློབ་གཉེར་ཁང་ཕལ་མོ་ཆེ་ནི་སློབ་རྒྱུན་གང་རུང་བའི་ངོ་ཚབ་ལྟ་བུ་ཆགས་ཡོད།

རྒྱ་ནག་གི་དེང་རབས་སློབ་གསོ།

རྒྱ་ནག་གི་དེང་རབས་སློབ་གསོ་ནི་མན་ཇུའི་དུས་མཇུག་ནས་མགོ་ཚུགས་པ་ཞིག་ཡིན་པ་དང་།དུས་རབས་༢༠འཐུས་སྒོ་ཇེ་ཚང་དུ་བཏང་བ་ཞིག་ཡིན།དུས་རབས་སྔ་མའི་ལོ་རབས་༩༠ནང་མི་སྒེར་གྱི་མ་རྩ་སློབ་གསོའི་ཁྱབ་ཁོངས་སུ་གཏོང་དུ་བཅུགས་པས།དེང་རབས་སློབ་གསོའི་མ་ལག་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་ཡོད།

སློབ་གསོའི་དམིགས་ཡུལ།

༡།  སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ལ་ཞབས་ཞུ།མི་དམངས་ལ་ཞབས་ཞུ།

༢།   ཐོན་སྐྱེད་ངལ་རྩོལ་དང་སྤྱི་ཚོགས་ལག་ལེན་ཟུང་འབྲེལ།

༣།   ཀུན་སྤྱོད་དང་ཤེས་ཡོན།ལུས་རྩལ།མཛེས་རིག་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་སུ་འགྲོ་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྗེས་སྐྱོང་བ་གསོ་སྐྱོང་བྱ་རྒྱུ།

 

སྔོན་འགྲོའི་སློབ་གསོ།(གཞི་རིམ་སློབ་གསོའི་སྤྱི་ཡོངས་འཆར་གཞིའི་ནང་བཅུག་མེད།)

རྒྱ་ནག་གི་སྔོན་འགྲོའི་སློབ་གསོ་ནི་ཕྲུ་གུ་རང་ལོ་ཧྲིལ་པོ་༣ནས་མགོ་འཛིན་གྱི་ཡོད་པ་དང་།བུ་བཅོལ་ཁང་དུ་ཚུད་རྗེས་དེར་རིམ་པ་གསུམ་སྟེ།

༡།  འཛིན་གྲྭ་ཆུང་བ་རང་ལོ་ཧྲིལ་བོ་༣ནས་༤བར་དང་།

༢།   འཛིན་གྲྭ་འབྲིང་བ་རང་ལོ་ཧྲིལ་པོ་༤ནས་༥བར།

༣།   འཛིན་གྲྭ་ཆེ་བ་རང་ལོ་ཧྲུལ་པོ་༥་ནས་༦བར་ཡིན།

སློབ་ཆུང་ཁ་ཤས་ནང་ད་དུང་སྔོན་འགྲོའི་འཛིན་གྲྭ་བཙུགས་ཏེ་རང་ལོ་ཧྲིལ་པོ་༦མ་སོན་པའི་ཕྲུ་གུ་ཚོར་སློབ་གྲྭའི་འཚོ་བ་གོམས་འཇགས་བྱེད་ཀྱི་ཡོད།བྱིས་གསོ་ཁང་དུ་ཉིན་རེའི་ལྟོ་ཐུན་གསུམ་དང་།རྩེད་མོའི་རིགས་གཙོ་བོར་འཛིན།སྔོན་འགྲོའི་འཛིན་གྲྭ་རྣམས་ལ་སློབ་ཐུན་ཁག་ཅིག་བཀོད་སྒྲིག་བྱས་ཡོད་ཀྱང་།སློབ་ཁྲིད་ཀྱི་དུས་ཚོད་ཐུང་བ་དང་།ཕྱི་ལོགས་སུ་ཁྲིད་སྦྱོང་གི་བྱེད་སྒོ་ཅུང་མང་བ་ཡོད།

 

ལོ་དགུའི་འོས་འགན་སློབ་གསོ།

ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས་སུ་བཀོད་པ་ལྟར་ན།རྒྱ་ནག་རྒྱལ་ཡོངས་སུ་སློབ་ཆུང་ནས་དམའ་འབྲིང་བར་གྱི་ལོ་དགུའི་རིང་འོས་འགན་སློབ་གསོ་ལག་བསྟར་བྱེད་དགོས་པ་དང་།ཁྲིམས་དོན་ལྟར་ན།ལོ་དུས་དེའི་རིང་སློབ་མའི་སློབ་ཡོན་དང་རྩག་རྩག་གི་བསྡུ་ཆ་རྒྱགས་སྤྲོད་བྱེད་དགོས་ཀྱི་མེད།འོན་ཀྱང་གྲོང་ཁྱེར་ཁག་ཏུ་བསྡུ་ཆ་ལེན་བཞིན་ཡོད།སྤྱིར་བཏང་སློབ་ཆུང་དང་དམའ་འབྲིང་དཀྱུས་མ་ཚོར་ལོ་རེའི་སློབ་ཡོན་རྒྱ་སྒོར་༢༠༠ནས་༧༠༠ཙམ་ལས་སྤྲོད་དགོས་ཀྱི་མེད་ཀྱང་།སློབ་གྲྭའི་དགེ་རྒན་དང་མཐུན་རྐྱེན་གཞན་དག་གི་བར་ཁྱད་ལས།སློབ་གྲྭ་གྲགས་ཅན་ཚོས་རོགས་དངུལ་ལམ་ཞལ་འདེབས་སོགས་ཀྱི་མིང་ཐོག་ནས་བསྡུ་ཆ་ལེན་གྱི་ཡོད།

གྲོང་གསེབ་ཏུ་༢༠༠༧ནས་བཟུང་ལོ་དགུའི་སློབ་གསོའི་བསྡུ་ཆ་སྤྲོད་མི་དགོས་པ་བཟོས་ཡོད་ཀྱང་།གྲོང་གསེབ་ཕལ་ཆེ་བར་དམའ་འབྲིང་བཙུགས་མེད་ལ།ཐ་ན་རྫོང་རེ་ལ་དམའ་འབྲིང་གཅིག་ལས་མེད་པའི་གནས་ཚུལ་ཡང་ཡོད་པས།སྲིད་ཇུས་དེ་དངོས་ཡོད་དང་ད་དུང་རྒྱང་ཐག་རིང་ཙམ་ཡོད།

རྒྱ་ནག་ནང་དུ་སློབ་མའི་འོས་འགན་སློབ་གསོའི་དབང་ཆ་འཕྲོག་པ་དེར་དོ་སྣང་ཇེ་ཆེར་འགྲོ་བཞིན་པ་དང་།དེང་སྐབས་གྲོང་ཁྱེར་དུ་བྱ་སྤྱོད་དེ་རིགས་ནག་ཉེས་ཚབ་ཆེན་ལ་བརྩི་བཞིན་ཡོད།

འོས་འགན་སློབ་གསོའི་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་འཛུལ་ཞུགས་ཀྱི་མང་མཐའི་ལོ་ཚད་ནི་རང་ལོ་ཧྲིལ་བོ་བདུན་ཡིན།བོད་ནང་དུ་བབ་བསྟུན་བསྒྱུར་བཅོས་ཀྱིས་དཀར་མཛེས་དང་རང་སྐྱོང་ལྗོངས་སུ་མང་མཐའ་རང་ལོ་༡༠བར།ཡུལ་ཤུལ་དང་མཚོ་བྱང་།མགོ་ལོག་བཅས་སུ་རང་ལོ༩བར།རྔ་བ་དང་ཀན་ལྷོ།རྨ་ལྷོ་བཅས་སུ་རང་ལོ༨བར་བསྒྱུར་བཅོས་བཏང་འདུག

 

སློབ་ཆུང་།

རྒྱ་ནག་གི་སློབ་ཆུང་ལ་ལོ་རིམ་དྲུག་བཀར་ཡོད།ལོ་རིམ་དང་པོ་ནས་གསུམ་པ་བར་འཛིན་རིམ་དམའ་བ་དང་།ལོ་རིམ་བཞི་བ་ནས་དྲུག་པ་བར་འཛིན་རིམ་མཐོ་བར་ངོས་འཛིན་བྱེད།སློབ་ཆུང་གི་སློབ་ཚན་གཙོ་བོ།རྒྱ་ཡིག་དང་།རྩིས་རིག   དབྱིན་ཡིག    ལུས་རྩལ།  སྤྱི་ཚོགས་(ས་ཁམས་དང་ལོ་རྒྱུས།  ཆབ་སྲིད་ཀྱི་རྒྱུན་ཤེས།)རང་བྱུང་(དངོས་ལུགས་དང་རྫས་འགྱུར།སྐྱེས་དངོས་ཀྱི་རྒྱུན་ཤེས།འཛིན་རིམ་དམའ་བར་རྒྱུན་ཤེས་ཟེར།)གླུ་དབྱངས།མཛེས་རྩལ།ཀམ་པུ་ཊར་བཅས་ཡིན།དོན་དངོས་ཐོག་སློབ་ཆུང་མཐར་ཕྱིན་སྐབས་རྒྱལ་ཡོངས་གཅིག་གྱུར་གྱི་ཡིོག་རྒྱུགས་མེད་པས།རྒྱ་ཡིག་དང་རྩིས་རིག་ཕུད་པའི་སློབ་ཚན་གཞན་དག་གི་སྦྱངས་འབྲས་ཡག་སྡུག་སྣ་ཚོགས་ཡོང་གི་ཡོད།རྒྱ་ཆེ་བའི་གྲོང་གསེབ་ཁག་གི་སློབ་ཆུང་དུ་རྒྱ་ཡིག་དང་ཨང་རྩིས།ལུས་རྩལ་གསུ་གྱི་སློབ་ཚན་མ་གཏོགས་སློབ་ཁྲིད་བྱེད་ཐུབ་ཀྱི་མེད།

གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་སྐད་གཉིས་སློབ་གསོ་ལག་བསྟར་བྱེད་བཞིན་པ་དང་།དེར་ཡང་རྒྱའི་སྐད་ཡིག་ཕུད་པའི་སློབ་ཚན་གཞན་ཡོངས་རྫོགས་བོད་སྐད་དུ་སློབ་ཁྲིད་བྱེད་ཐབས་ཤིག་དང་།བོད་ཀྱི་སྐད་ཡིག་ཕུད་པའི་སློབ་ཚན་གཞན་དག་རྒྱ་སྐད་ཀྱིས་འཁྲིད་པའི་བྱེད་ཐབས་མི་འདྲ་བ་ཁག་གཉིས་ཡོད་ཅིང་།བྱེད་ཐབས་རྗེས་མ་འདི་གྲོང་ཁྱེར་ཁག་ཏུ་བཀོད་སྤྱོད་བྱེད་པ་མང་བ་ཡོད།སྤྱི་ལོ༢༠༠༠ལོའི་ཟླ་༦ཚེས༢༧རྒྱལ་ཁབ་སློབ་གསོ་པུའུའི་གཞུང་ལས་ཁང་གིས་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གིས་ཞིང་ཆེན་དང་ལྗོངས་ལྔའི་བོད་རིགས་སློབ་གྲྭ་ཆུང་འབྲིང་གི་རྒྱའི་སྐད་ཡིག་སྦྱོང་དེབ་སྐོར་གྱི་བརྡ་ཁྱབ་ཅེས་པའི་ནང་།ཞིང་ཆེན་དང་ལྗོངས་ལྔས་གཅིག་གྱུར་ཐོག་སློབ་ཆུང་འཛིན་རིམ་དང་པོ་ནས་བཟུང་རྒྱའི་སྐད་ཡིག་སློབ་དེབ་སྐོར་གྱི་བརྡ་ཁྱབ་ཅེས་པའི་ནང་།

 

ཞིང་ཆེན་དང་ལྗོངས་ལྔས་གཅིག་གྱུར་ཐོག་སློབ་ཆུང་འཛིན་རིམ་དང་བོ་ནས་བཟུང་རྒྱའི་སྐང་ཡིག་གི་སློབ་ཚན་འཛུགས་དགོས་པ་དང་།སློབ་ཆུང་ལོ་རིམ་དང་བོ་དང་གཉིས་པར་ཁ་བརྡ་གཙོ་བོ་བྱས་ཏེ།གཟའ་འཁོར་རེར་སློབ་ཐུན་བཞི་དང་།འཛིན་རིམ་གསུམ་པ་ནས་དྲུག་པ་བར་གཟའ་འཁོར་རེར་སློབ་ཐུན་ལྔ།དམའ་འབྲིང་ལ་གཟའ་འཁོར་རེར་སློབ་ཐུན་ལྔ།མཐོ་འབྲིང་ལ་གཟའ་འཁོར་རེར་སློབ་ཐུན་བཞི་འཁྲིད་དགོས་པའི་བཀོད་ཁྱབ་བཏང་སྟེ།བོད་ཀྱི་ས་གནས་ཁག་ཏུ་རྒྱའི་སྐད་ཡིག་གི་སློབ་ཚན་དེ་སློབ་ཆུང་ལོ་རིམ་མཐོ་བ་ནས་མགོ་འཛུགས་པའི་སྲོལ་ཡིག་དང་ཁྲིམས་ལུགས་ལག་བསྟར་བྱེད་ཐབས་མང་པོ་ཞིག་ཏུ་བཀོད་པའི་ནང་་དོན་རྣམས་རྩིས་མེད་དུ་བཏང་ཡོད་པ་དང་།རྒྱའི་སྐད་ཡིག་གཙོ་བོར་འཛིན་པའི་སློབ་ཁྲིད་བྱེད་ཐབས་དེ་དེང་སང་ཡོངས་ཁྱབ་ཏུ་ཤུགས་ཇེ་ཆེར་འགྲོ་བཞིན་འདུག

 

བོད་ཀྱི་ས་གནས་ཁག་ཏུ་སློབ་ཆུང་འདི་རིགས་འཛུགས་སྐྱོང་བྱེད་པོའི་ཆ་ནས་དམངས་བཙུགས་དང་གཞུང་བཙུགས་གཉིས་སུ་དབྱེ་ཞིང་།མཐུན་རྐྱེན་སོགས་ཀྱི་ཐད་ནས།སྦྲ་གུར་སློབ་གྲྭའམ་ས་ཁང་སློབ་གྲྭ།ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭ།(ཉིན་མོ་སློབ་གྲྭ།)གཏན་འཇགས་སློབ་གྲྭ      རྨོ་སློབ་གཉིས་བྱེད་ཀྱི་སློབ་ཆུང་།སྐོར་བསྐྱོད་སློབ་ཆུང་ངམ་རྟ་རྒྱབ་ཀྱི་སློབ་ཆུང་སོགས་རིགས་འདྲ་མིན་ཡོད།

 

དམའ་འབྲིང་སློབ་གསོ།

གྲོང་ཁྱེར་ཁག་ཏུ་དམའ་འབྲིང་སློབ་གྲྭར་ཚུད་ཐབས་གསུམ་ཡོད་པ་སྟེ།ཀམ་པཱུ་ཊར་རྒྱན་དཀྲུག་དང་།ཆུས་ཁག་དབྱེ་བགོ       རང་མོས་གདམ་ག་བཅས་ཡིན།ཀམ་པཱུ་ཊར་རྒྱན་དཀྲུག་ནི་སློབ་མའི་མིང་གཞུང་གཞིར་བཟུང་ཀམ་པཱུ་ཊར་ནས་མིང་རིམ་གར་ཐོན་གྱི་སློབ་གྲྭར་འགྲོ་དགོས་ཤིང་།དེ་ནི་སློབ་མའི་རླུང་རྟ་རང་ལ་ཐུག་པས།ད་བར་གླེང་རྙོག་གང་ཡང་བྱུང་མེད།ཆུས་ཁག་དབྱེ་བགོ་ནི་སློབ་མའི་སྡོད་གནས་ཁ་བྱང་གཞིར་བཟུང་།སློབ་གྲྭ་གང་དུ་ཐག་ཉེ་བ་དེར་གཏོང་བ་དང་།རང་མོས་གདམ་ག་ནི་གྲགས་ཅན་ནམ་གཙོ་གནད་སློབ་གྲྭར་ཞལ་འདེབས་འབུལ་བ་འམ་ཡིག་རྒྱུགས་ཀྱི་ལམ་ནས་དམིགས་བསལ་ཚུད་ཐབས་བྱེད་པ་དེ་ལ་ཟེར།

དུས་རབས་སྔོན་མའི་ལོ་རབས་༩༠ནང་།གྲོང་ཁྱེར་ཁུལ་དུ་སློབ་ཆུང་ནས་དམའ་འབྲིང་དུ་ཚུད་རྒྱུགས་མེད་མེད་པར་ཐད་ཀར་སློབ་རིམ་འཕར་ཆོག་པ་བཟོས་ཡོད་ནའང་།གྲོང་གསེབ་ཏུ་ད་དུང་ཚུད་རྒྱུགས་ལེན་གྱི་ཡོད།དེ་ནི་གྲོང་གསེབ་ཏུ་དམའ་འབྲིང་ཉུང་དྲགས་པ་མ་ཟད།སློབ་ཡོན་ཡང་སྡུད་བཞིན་ཡོད་སྟབས།སློབ་ཆུང་མཐར་ཕྱིན་མཁན་མང་དག་ཅིག་སློབ་མཚམས་བཞག་སྟེ་ཞིང་ལས་ལ་ཞུགས་པའམ།ལོ་ན་གང་ཙམ་ལོན་རྗེས་གྲོང་ཁྱེར་དུ་ལས་ཀ་འཚོལ་བར་བསྐྱོད་ཀྱི་ཡོད།ཁྲིམས་ལུགས་ཀྱི་སྟེང་ནས་བརྗོད་ན།འདི་དག་ཚང་མ་ཁྲིམས་འགལ་ཡིན་མོད།སྲིད་གཞུང་ལ་སློབ་གསོའི་གྲོན་དངུལ་ཕོན་ཆེན་གཏོང་རྒྱུའི་ནུས་པ་མེད་པར་མིག་ཡ་གཅིག་བཙུམ་ནས་བསྡད་ཡོད།

 

དམའ་འབྲིང་གི་སློབ་ཚན་དུ་རྒྱ་ཡིག་དང་རྩིས་རིག   དབྱིན་ཡིག    ལུས་རྩལ      དངོས་ལུགས   རྫས་འགྱུར།    སྐྱེ་དངོས།     ས་རྒྱུས།     བསམ་བློ་ཆབ་སྲིད།མཐུན་རྐྱེན་ཡོད་སར་ཀམ་པཱུ་ཊར་བཅས་ཡོད།

དུས་རབས་༢༠ལོ་རབས་དགུ་བཅུ་ནས་བཟུང་།དམའ་འབྲིང་མཐར་ཕྱིན་གྱི་ཡིག་རྒྱུགས་མེད་པར་བཟོས་པ་དང་།སློབ་མས་ལོ་གསུམ་ནང་སློབ་ཚན་ཡོངས་རྫོགས་ཀྱི་འཁོར་ཡིག་རྒྱུགས་བརྒྱ་ཆའི༦༠ཡན་ལོན་ཚེ་མཐར་ཕྱིན་ཆོག    དམའ་འབྲིང་སློབ་མ་རྣམས་ལོ་རིམ་གསུམ་པའི་སྐབས་མཐོ་འབྲིང་གི་ཡིག་རྒྱུགས་སུ་དགོས།དེའི་རྒྱུགས་གཞི་རྒྱ་ཡིག་(༡༢༠)དང་རྩིས་རིག་(༡༢༠)དབྱིན་ཡིག(༡༢༠)དངོས་ལུགས(༧༠)རྫས་འགྱུར(༧༠)ལུས་རྩལ(༣༠)བཅས་བསྡོམས་སྐར་གྲངས་༥༣༠ཡོད།ཡིག་རྒྱུགས་འདི་རིགས་པེ་ཅིང་གི་ཧེ་ཁྲིན་ཆུས་ལྟ་བུས་དམིགས་བསལ་རྒྱུགས་ཤོག་བཟོས་ཆོག་པ་ཕུད།ཞིང་ཆེན་རེ་ནས་གཅིག་གྱུར་གྱིས་རྒྱུགས་གཞི་འདོན་དགོས།

བོད་རང་སྐྱོང་ལྗོངས་ཕྱི་ལོགས་ཀྱི་བོད་ས་ཁག་ཏུ་སློབ་མ་གྲུབ་སྟངས་དང་སྦྱོང་ཚན་གྱི་ཆ་ནས་སློབ་འབྲིང་དཀྱིས་མ་དང་མི་རིགས་སློབ་འབྲིང་གི་དབྱེ་བ་ཕྱེས་ཡོད་པ་དང་།བོད་རིགས་སློབ་མ་རྣམས་མི་རིགས་སློབ་འབྲིང་དང་།རྒྱ་རིགས་དང་རྒྱ་ཡིག་སྦྱོང་མཁན་གྱི་མི་རིགས་གཞན་པའི་སློབ་མ་རྣམས་སློབ་འབྲིང་དཀྱུས་མར་བསྐྱོད་པ་དང་།སློབ་གཉེར་གྱི་མཐུན་རྐྱེན་སོགས་སློབ་གྲྭ་འདི་གཉིས་བསྡུར་ཐབས་མེད།དེ་བཞིན་རྒྱ་ནག་ནང་སར་བོད་ལྗོངས་ནས་བཏང་བའི་སློབ་མ་ཚོར་སློབ་འབྲིང་(འཛིན་གྲྭ)སྐོར་ཞིག་བཙུགས་ཡོད།

 

མཐོ་འབྲིང་སློབ་གསོ།

དམའ་འབྲིང་མཐར་ཕྱིན་པའི་སློབ་མ་ཚོ་མཐོ་འབྲིང་དུ་ཞུགས་ཏེ་འབྲུང་འགྱུར་སློབ་གྲྭ་ཆེན་མོར་འཛུལ་རྒྱུའི་གྲ་སྒྲིག་བྱས་ཆོག་པ་དང་།འབྲིང་རིམ་ཆེད་ལས་སློབ་གྲྭའམ་ལས་རིགས་སློབ་འབྲིང་དུ་ཞུགས་ཏེ་སློབ་མཐར་ཕྱིན་མ་ཐག་ལས་ཀར་ཞུགས་པའམ་མཐོ་རིམ་ལས་རིགས་སློབ་གྲྭར་རྒྱུགས་སྤྲོད་བྱས་ཀྱང་ཆོག         ཆེད་ལས་སློབ་འབྲིང་འདི་རིགས་ཞིང་ལས་དང་འབྲོག་ལས་ལྟ་བུའི་ཆེད་ལས་སྦྱོང་གཉེར་བྱེད་པ་མང་ལ།གྲོང་ཁྱེར་དུ་ཀམ་པཱུ་ཊར་དང་ཚོང་ལས།བུ་བཅོལ་ཁང་གི་དགེ་རྒན་ལྟ་བུའི་སྣེ་རིགས་འཛོམས་པོ་ཡོད།མཐོ་སློབ་ཏུ་སློབ་ཡོན་མཐོ་སྟབས།དབུལ་ཕོངས་ཀྱི་ཁྱིམ་ཚང་མང་ཆེ་བས་ཕྲུ་གུ་རྣམས་ཆེད་ལས་སློབ་གྲྭ་འདི་རིགས་ལ་གཏོང་རྒྱུ་འདེམས་ཀྱི་ཡོད།གྲོང་ཁྱེར་དུ་མཐོ་འབྲིང་ལ་ཞུགས་མཁན་མང་བ་དང་།དེར་རྒྱུགས་འབྲས་ཀྱང་ལེགས་ཙམ་མེད་ན་ཚུད་ཀྱི་མེད།

བོད་རིགས་ས་ཁུལ་ཁག་གི་འབྲིང་རིམ་ཆེད་ལས་སློབ་གྲྭར་དགེ་རྒན་འོས་སྦྱོང་དང་།འཕྲོད་བསྟེན།ཞིང་ལས།འབྲོག་ལས།ནགས་ལས་སོགས་ས་ཁུལ་རིམ་པས་འཛུགས་གཉེར་བྱས་པ་མང་བ་དང་།ཞིང་ཆེན་དང་རྫོང་འགའ་ཤས་ཀྱིས་བཙུགས་པའང་རེ་ཟུང་ཞིག་ཡོད།དེའི་ཁྲོད་དགེ་རྒན་འོས་སྦྱོང་དང་འཕྲོད་བསྟེན་(བོད་སྨན)མ་གཏོགས།ཆེད་ལས་གཞན་དག་བོད་སྐད་ཀྱིས་སློབ་ཁྲིད་བྱེད་ཐུབ་ཀྱི་མེད།

མཐོ་འབྲིང་གི་སློབ་ཚན་གཙོ་བོ་རྒྱ་ཡིག་དང་།རྩིས་རིག   དབྱིན་ཡིག   དངོས་ལུགས      རྫས་འགྱུར     སྐྱེ་དངོས།   ས་རྒྱུས།   ལོ་རྒྱུས།  ཆབ་སྲིད།    ལུས་རྩལ།    ཀམ་པཱུ་ཊར་བཅས་ཡོད།

མཐོ་འབྲིང་གི་ལོ་རིམ་གསུམ་དེ་དུས་རིམ་གཉིས་སུ་འབྱེད་པ་དང་།ལོ་རིམ་དང་པོ་ནི་གཞི་རིམ་གྱི་དུས་རིམ་དང་།ལོ་རིམ་གཉིས་པ་ནས་གསུམ་པ་བར་མཐོ་རིམ་གྱི་དུས་རིམ་ཡིན།ལོ་རིམ་དང་པོར་སློབ་ཚན་ཡོངས་རྫོགས་སྦྱོང་དགོས་པ་དང་།ལོ་འཁོར་ཡིག་རྒྱུགས་རྗེས།སློབ་མ་ཚོས་ལོ་རིམ་རྗེས་མར་རིག་གནས་ཚན་ཁག་དང་རང་བྱུང་ཚན་རིག་ཁག་གང་དུ་འཛུལ་མིན་གདམ་ག་བྱེད་དགོས་པ་དང་།དེས་མཐོ་སློབ་ཚུད་རྒྱུགས་སུ་འཛུལ་སྐབས་ཀྱི་རྒྱུགས་གཞིའང་གང་དུ་འཛུལ་མིན་ཡང་གཏན་འབེབས་བྱས་ཡོད་ལ།སློབ་མ་ཚོས་རང་རང་གིས་བདམས་པའི་སློབ་ཚན་གཙོ་ཕལ་གཞིར་བཟུང་སློབ་སྦྱོང་བྱེད་དགོས།

རྒྱ་ནག་སློབ་གསོ་ལས་ཁུངས་ཀྱི་གཏན་འབེབས་ལྟར་ན།རེས་གཟའ་སྤེན་པ་དང་ཉི་མ་གཉིས་གུང་གསེང་ཡིན་ནའང་།ས་ཆ་མང་དག་ཅིག་ཏུ་ཡིག་རྒྱུགས་ཀྱི་གནོད་ཤུགས་འོག        གཟའ་སྤེན་པའི་ཉིན་ཧྲིལ་པོར་ཟུར་སྦྱོང་བྱེད་པ་དང་།སློབ་གྲྭ་ལ་ལས་གཟའ་ཉི་མར་ཡང་གསབ་སྦྱོང་བྱེད་དུ་འཇུག་གི་ཡོད།སློབ་འབྲིང་ཕལ་ཆེ་བར་སྔ་དགོང་གི་རང་སྦྱོང་བྱེད་པ་དང་།ནངས་སྦྱོང་ནི་ཞོགས་པའི་ཆུ་ཚོད་༦ནས་སློབ་ཁང་དུ་འཛོམས་དགོས་པ་དང་།དགོང་སྦྱོང་ནི་ནུབ་ཟས་རྗེས་ཀྱི་ཆུ་ཚོད་༦ནས་༧བར་དུའང་དེ་ལས་རིང་བའི་དུས་ཚོད་གཏོང་དགོས།

 

མཐོ་འབྲིང་གི་སློབ་སྦྱོང་དམིགས་འབེན་ནི་མཐོ་སློབ་ཏུ་རྒྱུགས་འཕྲོད་རྒྱུ་དེ་ཡིན་སྟབས།སློར་མར་དཀའ་ཚེགས་ཆེ་བ་དང་།གཞོན་ནུའི་དུས་ཀྱི་སྤྲོ་སྣང་ཤིན་ཏུ་ཉུང་།སློབ་མ་ཚོའི་སྦྱངས་འབྲས་ཧ་ཅང་བཟང་ནའང་།འཇོན་ཐང་མེད་པའི་སྣང་ཚུལ་རྒྱ་ཁྱབ་ཏུ་ཡོད་པ་དང་།དེ་དག་མཐོ་སློབ་ཏུ་སླེབས་རྗེས་སློབ་གཉེར་ལ་སུན་སྣང་བྱེད་པ་དང་།དམིགས་ཡུལ་མ་རྙེད་པར་ལོག་ལམ་དུ་ཞུགས་སླ་བའི་སྐྱོན་ཆ་ཡོད་པ་སློབ་གསོ་མཁས་པས་བློ་འཚབ་བྱེད་བཞིན་ཡོད།

 

མཐོ་སློབ་ཏུ་རྒྱུགས་སྤྲོད།

རྒྱུགས་སྤྲོད་འདི་ནི་སློབ་གསོ་མ་ལག་ནང་གི་གལ་ཆེ་ཤོས་ཀྱི་རྒྱུགས་སྤྲོད་ཅིག་ཡིན་པ་དང་།༢༠༠༣ལོ་བར་འཆར་ལོའི་ཟླ༧ནང་རྒྱུགས་ལེན་གྱི་ཡོད་ཀྱང་།དེའི་རྗེས་ལོ་རེའི་ཟླ༦་ཚེས་༧ནས་༨བར་གཏན་འཁེལ་བྱས་ཡོད།རྒྱུགས་སྤྲོད་འདི་རིགས་ཞིང་ཆེན་རིམ་པའི་སློབ་གསོ་སྡེ་ཚན་ནས་རྒྱུགས་ཤོག་བཟོ་དགོས་པ་དང་།ཞིང་ཆེན་དབར་གྱི་རྒྱུགས་ཤོག་གི་ནང་དོན་འདྲ་མཚུངས་མིན།ཐད་གཏོགས་གྲོང་ཁྱེར་ཁག་གི་རྒྱུགས་ཤོག་དེ་ཞིང་ཆེན་གཞན་དག་ལས་དཀའ་ལས་ཆེ་བ་ཡོད་མོད།སློབ་བསྡུའི་སྐར་གྲངས་ཐད་གྲོང་ཁྱེར་དེ་རང་གི་སློབ་མའི་སྐར་གྲངས་ཀྱི་ཚད་གཞི་དེ་ས་གནས་གཞན་གྱི་སློབ་མ་ལས་དམའ་བ་ཡོད་སྟབས།ཞིང་ཆེན་ཁག་གི་སློབ་མ་ཚོ་གྲོང་ཁྱེར་དུ་ཡོད་པའི་མཐོ་སློབ་གྲགས་ཅན་ཁག་ཏུ་འཛུལ་རྒྱུར་དཀའ་ཚེགས་ཀྱི་ཆ་རྐྱེན་འཕར་མ་བཞག་ཡོད།

 

མཐོ་སློབ་གྱི་རྒྱུགས་སྤྲོད་ནང་རྩིས་རིག་རྒྱུགས་ཤོག་ལ་སྐར་གྲངས་༡༥༠དང་།རིག་གནས་ཚན་པའི་རྩིས་རིག་རྒྱུགས་ཤོག་ལ༡༥༠

རྒྱ་ཡིག་ལ་༡༥༠དང་།དབྱིན་ཡིག་༡༥༠།རིག་གནས་ཚན་པའི་སྤྱི་ཡོངས་རྒྱུགས་ཤོག་ལ་༣༠༠ཡོད།རང་བྱུང་ཚན་རིག་སྤྱི་ཡོངས་རྒྱུགས་ཤོག་ལ༣༠༠ཡོད།ཚན་པ་གཉིས་ཀའི་རྒྱ་ཡིག་དང་དབྱིན་ཡིག་གི་དྲི་ཤོག་གཅིག་མཚུངས་ཡིན།

རིག་གནས་ཚན་པའི་རྩིས་རིག་གི་རྒྱུགས་ཤོག་དེ་རང་བྱུང་ཚན་རིག་གི་དྲི་ཤོག་དང་བསྡུར་ན་ཅུང་སླ།ཚན་པ་གཉིས་ཀའི་སྐར་གྲངས་ཁྱོན་བསྡོམས་༧༥༠ཡིན།

 

མཐོ་རིམ་སློབ་གསོ།

རྒྱ་ནག་གི་མཐོ་རིམ་སློབ་གསོ་དེ་ལོ་གཉིས་ནས་གསུམ་ཅན་གྱི་མཐོ་རིམ་ལས་རིགས་སློབ་གྲྭ་དང་།མཐོ་སློབ་ཆེད་སྦྱོང་།ལོ་བཞི་ཅན་གྱི་མཐོ་སློབ་དངོས་གཞི་བཅས་ལས་གྲུབ་པ་དང་།སྔ་མ་གཉིས་ལ་གནས་ཚད་ལག་ཁྱེར་མེད་པ་དང་།དངོས་གཞི་མཐར་ཕྱིན་མཁན་ལ་གཙུག་ལག་སློབ་ཐོན་པའི་ཞོའེ་ཧྲི་ཤེས་ཚད་མིང་རྟགས་ཐོབ་ཀྱི་ཡོད།

དངོས་གཞི་མཐར་ཕྱིན་རྗེས།རྒྱལ་ཡོངས་ཞིབ་འཇུག་སློབ་མ་སྡུད་འཇུག་གི་རྒྱུགས་སྤྲོད་ལ་ཞུགས་ཆོག་པ་དང་།རྒྱུགས་འཕྲོད་མཁན་ཚོས་ཞིབ་འཇུག་ཁང་ངམ།སློབ་གྲྭ་ཆེན་མོའི་ཞིབ་འཇུག་འཛིན་གྲྭ་གདམ་ག་བྱས་ཆོག

རྒྱལ་ཡོངས་ཡིག་རྒྱུགས་སུ་ཞུགས་མཁན་ཚོས་ཐོག་མར་དྲ་རྒྱ་བརྒྱུད་ནས་ཐོ་འགོད་བྱེད་དགོས་པ་དང་།དེའི་རྗེས་ཐོ་འགོད་དོད་རྒྱ་སྒོར་༢༠༠སྤྲད་དེ་སོ་སོའི་གནས་ཡུལ་སྡེ་ཚན་དུ་ངོ་བཅར་ཐོ་འགོད་བྱེད་དགོས།

ཐོ་འགོད་བྱེད་སྐབས་འདོད་འདུན་གཅིག་དང་།ཆེད་ལས་གཅིག     ཞིབ་འཇུག་ཁ་ཕྱོགས་གཅིག་ལས་བདམས་མི་ཆོག        རྒྱུགས་སྤྲོད་ལ་སྔོན་འགྲོ་དང་དངོས་གཞིའི་རིམ་པ་གཉིས་ཡོད།སྔོན་འགྲོའི་རྒྱུགས་སྤྲོད་ཀྱི་སློབ་ཚན་ནི་ཚབ་སྲིད་གཞུང་ལུགས་སྐར་གྲངས་༡༠༠དང་།དབྱིན་ཡིག༡༠༠།རྩིས་རིག་༡༠༠།(རྩིས་རིག་ལ་སྡེ་ཚན་གསུམ་ཡོད་པ་དེ་དག་གི་དྲི་ཤོག་ཀྱང་མི་འདྲ།)ཆེད་ལས་སློབ་ཚན་ལ༡༥༠།(སློབ་མ་རང་ངོས་ནས་འདེམས་ཆོག)

དངོས་ལུགས་དང་རྫས་འགྱུར།ཁྲིམས་ལུགས་རིག་པ་བཅས་ལ་རྩིས་རིག་རྒྱུགས་སྤྲོད་བྱེད་མི་དགོས་ཤིང་།དེའི་ཚབ་ཏུ་ཉུང་མཐར་ཆེད་ལས་སློབ་ཚན་གཉིས་རྒྱུགས་སྤྲོད་བྱེད་དགོས།ཆབ་སྲིད་གཞུང་ལུགས་དང་།དབྱིན་ཡིག     རྩིས་རིག་གི་རྒྱུགས་ཤོག་རྒྱལ་ཡོངས་སུ་གཅིག་གྱུར་ཡིན་པ་དང་།ཆེད་ལས་སློབ་ཚན་རྣམས་མཐོ་སློབ་སོ་སོའི་བཟོས་ཆོག

སྔོན་འགྲོའི་ཡིག་རྒྱུགས་འཕྲོད་ཚེ།སློབ་མ་ཚོས་རང་རང་གི་ཞིབ་འཇུག་ཁ་ཕྱོགས་གང་བདམས་པའི་སློབ་ཚན་དེ་དག་གི་སློབ་དཔོན་གྱིས་སློབ་མ་སོ་སོའི་རྒྱུགས་འབྲས་བང་རིམ་གཞིར་བཟུང་ངོ་འཕྲད་ངག་རྒྱུགས་བླངས་ཏེ།མཐའ་མའི་སློབ་འཇུག་གི་ཐོབ་ཐང་ཐག་གཅོད་བྱེད་དགོས་ཤིང་།ལོ༢་༥ནས་༣རིང་ཞིབ་འཇུག་སློབ་མའི་སྦྱངས་འབྲས་མཐར་སོན་ཚེ།ཧྲོ་ཧྲི་ཡི་ཤེས་ཚད་མིང་རྟགས་ཐོབ་ཀྱི་ཡོད།

ཧྲོ་ཧྲི་ཡི་མིང་རྟགས་ཐོབ་རྗེས།པོ་ཧྲི་ཡི་ཤེས་ཚད་མིང་རྟགས་ལེན་པར་ལོ༣ནས་༤བར་སློབ་གཉེར་བྱེད་དགོས་པ་དང་།མཐོ་སློབ་རེ་ཟུང་ཞིག་ཏུ་རྒྱུགས་སྤྲོད་ཀྱི་ཆ་རྐྱེན་བཞག་ཡོད་པ་ལས།ཕལ་ཆེ་བར་རྒྱུགས་སྤྲོད་དུ་ཞུགས་མི་དགོས།མཐོ་སློབ་མང་པོ་ཞིག་ཏུ་ཐད་ཀར་པོ་ཧྲི་སློབ་གཉེར་གྱི་མཐུན་རྐྱེན་བསྐྲུན་ཏེ།ཞོའེ་ཧྲི་ནས་ལོ་ལྔའི་རིང་སྦྱངས་པ་མཐར་སོན་ཚེ་པོ་ཧྲི་ཡི་མིང་རྟགས་སྤྲོད་པ་དང་།རྒྱུ་རྐྱེན་གཞན་ངག་གིས་མཐར་སོན་སོན་མ་ཐུབ་ན།ཧྲོ་ཧྲི་ཡི་མིང་རྟགས་ལག་ཁྱེར་ཡག་རག་གི་མེད།

རྒྱལ་ཁབ་གྱི་གཙོ་གནད་མཐོ་སློབ་རེ་ཟུང་ཞིག་ཕུད།རྒྱ་ནག་གི་ཞིབ་འཇུག་འཛིན་གྲྭ་འགྲིམ་མཁན་ཕལ་ཆེ་བར་རྒྱལ་ཁབ་དང་སློབ་གྲྭའི་ངོས་ནས་སློབ་སྦྱོང་རོགས་དངུལ་སྤྲོད་སྲོལ་མེད་པས།སློབ་ཡོན་ཆ་ཆང་རང་ངོས་ནས་ཐབས་འཚོལ་བྱེད་དགོས།རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་ཁོངས་གཏོགས་ཀྱི་ཞིབ་འཇུག་ཁང་ཞིག་ཏུ་ཚུད་ཚེ།སློབ་ཡོན་གྱིས་ཕྱི་ལོགས་ནས་ཞིབ་འཇུག་གི་ལས་འཆར་འདྲ་མིན་ཐབས་འཚོལ་བྱེད་ཐུབ་པས།ཞིབ་འཇུག་སློབ་མ་ཚོར་ཟླ་རེའི་སློབ་སྦྱོང་རོགས་དངུལ་རྒྱ་སྒོར་༡༠༠༠ནས་༢༠༠༠བར་ཐོབ་ཀྱི་ཡོད།

བོད་དུ་མཐོ་སློབ་ཆེད་སྦྱོང་བྱ་ཡུལ་ནི་མཚོ་སྔོན་གྱི་ཆབ་ཆ་དང་།ཀན་ལྷོའི་གཙོས།དཀར་མཛེས་ཁུལ་གྱི་དར་མདོ།རྔ་བ་ཁུལ་གྱི་འབར་ཁམས་བཅས་ཀྱི་དགེ་ཐོན་ཆེད་སྦྱོང་སློབ་གྲྭ་བཙུགས་ཡོད་པ་དང་།པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་།ལན་ཀྲོའུ་རུ་ཡོད་པའི་ནུབ་བྱང་མི་རིགས་སློབ་ཆེན།ཟི་ལིང་དུ་ཡོད་པའི་མཚོ་སྔོན་མི་རིགས་སློབ་ཆེན།ཁྲིན་ཏུ་རུ་ཡོད་པའི་ལྷོ་ནུབ་མི་རིགས་སློབ་ཆེན་སོགས་ནི་དུས་རབས་༢༠ལོ་རབས་༥༠ནང་།བོད་རིགས་ལས་བྱེད་གསོ་སྐྱོང་གི་ཆེད་དུ་བཙུགས་པའི་དངོས་གཞིའི་ཚན་ཁག་ཡོད་པའི་མཐོ་སློབ་ཡིན་ཞིང་།འདི་དག་ཚང་མ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཁོངས་སུ་ཡོད།ལྷ་ས་དང་ཟི་ལིང་དུ་བོད་ཀྱི་གསོ་རིག་སློབ་གྲྭ་ཆེན་མོ་ཁག་གཉིས་ཡོད་པ་དང་།བོད་ལྗོངས་སློབ་གྲྭ་ཆེན་མོ་ནི་བོད་ས་ཁྱོན་ཡོངས་སུ་བོད་ཡིག་སློབ་ཁྲིད་ཡོད་པའི་སློབ་གསོ་པུའུ་ཁོགས་གཏོངས་ཀྱི་དངོས་གཞི་ཚན་ཁག་བཙུགས་པའི་མཐོ་སློབ་ཉག་ཅིག་དེ་ཡིན།

 

༢༠༠༢ལོའི་ཟླ༧ཚེས༧ཉིན།    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་སློབ་གསོ་བཅོས་བསྒྱུར་གཏིང་ཟབ་དང་ཡར་རྒྱས་ཇེ་མགྱོགས་གཏོང་རྒྱུ་ཐད་ཀྱི་གཏན་འབེབས།ཡིག་ཨང་(༢༠༠༢)༡༤ནང་འཁོད་པ་ལྟར་ན།གྲངས་ཉུང་མི་རིགས་ཁུལ་དུ།ལོ་རྒྱུས་དང་སྤྱི་ཚོགས།རང་བྱུང་གི་མཐུན་རྐྱེན།དཔལ་འབྱོར་འཕེལ་རྒྱས་ཆུ་ཚུད་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས།སློབ་གསོའི་འདུ་ཤེས་ཅུང་རྗེས་ལུས་ཡིན་པ་དང་།སློབ་གསོ་བཅོས་བསྒྱུར་གྱི་འཕེལ་རིམ་དལ་བ།སློབ་གསོའི་རྨང་གཞི་ཞན་པ།འོས་འགན་སློབ་གསོ་ཁྱབ་གདལ་དང་སློབ་གསོའི་ལས་རིམ་གཞན་དག་འཕེལ་འགྲོས་དལ་བ།དགེ་རྒན་གྱི་གྲངས་ཚད་མི་ལོངས་པ་དང་།སྤུས་ཚད་མི་འདང་བ།སློབ་གསོའི་མ་རྩ་འཛུགས་གཏོང་ཉུང་བ།སློབ་གྲྭ་འཛུགས་གཉེར་གྱི་མཐུན་རྐྱེན་ལེགས་བཅོས་དཀའ་བ།སློབ་ཕྲུག་སློབ་གྲྭར་འགྲོ་བསྐྱོད་ལ་དཀའ་ངལ་ཆེ་ཞིང་།དགེ་རྒན་གྱི་ཐོབ་ཐང་ཞན་པའི་དཀའ་ངལ་ཡོད་ཚུལ་ངོས་ལེན་བྱས་ཡོད།  །

 

 

About རྩོམ་སྒྲིག་པ།