རྟ་རྒྱུགས་དུས་ཆེན།

རྟ་རྒྱུག་དུས་ཆེན་ནི་བོད་མིས་ཧ་ཅང་དགའ་པོ་བྱེད་པའི་ དུས་ཆེན་ཞིག་ཡིན། དེའང་སྤྱི་ཚོགས་དང་ཐོན་སྐྱེད་འཕེལ་རྒྱས་བྱུང་བ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ ཡིན། གང་ལགས་ཤེ་ན། སྐབས་དེར་བོད་མིའི་འགྲིམ་འགྲུལ་ཡོ་ཆས་གཙོ་བོ་ནི་རྟ་ཡིན་ཅིང་ཚང་མས་རྟ་ལ་དྭངས་ཞེན་ཆེན་པོ་བྱེད་ཀྱི་ཡོད་ལ་རྟ་ནི་མི་ཚོའི་ཐོན་སྐྱེད་དང་འཚོ་བའི་ནང་ མེད་དུ་མི་རུང་བའི་དངོས་པོ་ཞིག་ཏུ་གྱུར་པ་རེད། དེར་བརྟེན་བོད་མིས་རྟ་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།

དཔེར་ན་མིང་གི་རྣམ་གྲངས་ལས་རྟ་ལ་ཅང་ཤེས་དང་། རྟ་མཆོག་རིན་པོ་ཆེ་སོགས་ཟེར་སྲོལ་ཡོད་ཁར་ཐ་ན་ཡི་དམ་གྱི་ནང་དུའང་རྟ་མགྲིན་ ཟེར་བ་ཡོད་པ་བཅས་ཀྱི་ཐོག་ནས་བོད་མིས་རྟ་ནི་སྒོ་ཕྱུགས་ཀྱི་ནང་ནས་གཙོ་ཆེ་ཤོས་ ཤིག་ལ་བརྩི་ཡི་ཡོད་པ་གསལ་རྟོགས་ཐུབ་པ་མ་ཟད། ད་དུང་སྔོན་བྱོན་མཁས་དབང་ཚོས་རྟ་ལ་དཔྱད་པའི་རྟ་དཔྱད་རྩོམ་འབྲི་གནང་ཡོད་པ་ ནི། དཔེར་ན་རྟ་དཔྱད་མཐོང་བ་ཀུན་གསལ་མེ་ལོང་ལས་དེ་བཞིན་ཕྱོགས་རེར་ཡུལ་ལྔ་ནས། རྟ་མཁན་མཁས་པ་མི་དགུ་བསྡུས། དགུ་བོ་འདོད་ལུགས་སོ་སོར་བྱུང་། དགྱེ་བོ་འཇག་རྟ་རུ་རྔུ་གཉིས། སྒུར་པོ་གྱམ་ཤིང་མུ་ཆེན་གཉིས། དྲང་པོ་འདོ་བ་གྱི་ལིང་གཉིས།ཞེས་འཁོད་པར་གཞིགས་ན། ཁྲི་སྲོང་གི་དུས་ནས་རྟའི་དབྱེ་བ་ཆེན་པོ་དྲུག་འབྱེད་སྲོལ་ཡོད། གོང་གསལ་གྱི་ཐོག་ནས་བོད་མིས་རྟ་ལ་འདུ་ཤེས་གཏིང་ཟབ་ཡོད་པ་མཐོང་ཐུབ་པ་ནི་རྟ་ རྒྱུག་དུས་ཆེན་གྱི་སྲོལ་དར་བ་ནི་སྤྱི་ཚོགས་ཀྱི་འཕེལ་རིམ་ཞིག་ཡིན་ལ་བསམ་ བློའི་རྨང་གཞི་ཡར་རྒྱས་ཀྱི་རྣམ་པ་ཞིག་ཀྱང་ཡིན། རྨང་གཞི་དེ་འདྲ་ཞིག་གི་ཐོག་བོད་ཡུལ་གྱི་ས་ཆ་མང་པོ་ཞིག་ལ་རྟ་རྒྱུག་གི་དུས་ ཆེན་དར་ཡོད་པ་རེད། སྔར་བཙན་པོའི་དུས་ནས་རྟ་ཐོག་སྤོ་ལོ་རྒྱག་སྲོལ་ཡོད་པ་བཅས་ཀྱི་ཐོག་ནས་བོད་ ཡུལ་དུ་རྟ་རྒྱུག་དུས་ཆེན་གྱི་སྲོལ་དེ་དར་ནས་དུས་ཡུན་ལོ་ངོ་སྟོང་ལྷག་ཕྱིན་ ཡོད་པ་ར་འཕྲོད་གསལ་པོ་ཐུབ་ཀྱི་རེད། ཡུལ་ལུང་སོ་སོའི་རྟ་རྒྱུག་གི་ནང་དོན་ཐད་རྩ་བའི་ཆ་ནས་འདྲ་མཚུངས་ཡིན། གཅིག་ནས་རྒྱུག་ཆེན་ཞེས་མགྱོགས་ཚད་འགྲན་བསྡུར་བྱས་ནས་མགྱོགས་ཚད་ཀྱི་ཨང་ཀི་ བཟོས་ཏེ་རིམ་པ་མཐོ་དམའ་ལ་གཞིགས་པའི་བྱ་དགའ་སྤྲོད་ཀྱི་ཡོད། འགྲན་བསྡུར་ནང་ཞུགས་མཁན་མང་ཆེ་བ་ལྗིད་ཚད་ཡང་བར་བལྟས་ནས་བྱིས་པ་ལོ་བཅུ་ལྷག་ ཙམ་ཀྱང་ཡོད། རྟ་རྒྱུག་འགྲན་བསྡུར་གཏོང་སྐབས་རྟ་པ་ཚོས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་ གོས་གང་ལེགས་གྱོན་དགོས་པའི་ཁར་རྟ་ལའང་རྟ་ཆས་དང་མཛེས་རྒྱན་གང་ལེགས་སྤྲས་ཏེ་ དེ་ཉིན་ནི་རྟའི་བཟང་ངན་དང་། མིའི་སྐྱ་རྩལ། མཛེས་ཆོས་རྒྱན་གོས་སོགས་ཀྱི་འགྲན་རྩོད་ཞིག་ཀྱང་ཡིན། གཉིས་ནས་འགྲོས་བསྡུར་ཞེས་རྟ་འགྲོས་མའི་མགྱོགས་ཚད་དང་། འགྲོས་ཡག་ཚད་བསྡུར་གྱི་ཡོད་ཅིང་། འགྲོས་ནི་རྟའི་ཆ་རྐྱེན་གཙོ་བོ་ཞིག་ལ་བརྩི་ཡི་ཡོད་པ་རེད། འགྲོས་བསྡུར་ལའང་མགྱོགས་ཚད་ལ་བལྟ་བ་མ་ཟད། ད་དུང་རྟས་གོམ་པ་རྒྱག་དུས་ལག་པ་མཐོ་དམའ་དང་འགྲོས་བདེ་མིན་སོགས་ཀྱི་ཆ་རྐྱེན་ ལ་གཞིགས་སྟེ་རིམ་པ་དབྱེ་ནས་བྱ་དགའ་སྤྲོད་སྲོལ་ཡོད་པ་རེད། གསུམ་ནས་ཞར་འཕེན་ཞེས་རྟ་ཐོག་ནས་མདའ་དང་མེ་མདའ་འཕེན་པའི་རྩལ་འགྲན་ནས་འབེན་ ལ་ཕོག་ཐུབ་མཁན་ལ་བྱ་དགའ་རིམ་པ་སྤྲོད་སྲོལ་ཡོད། ལྟད་མོ་དེར་རྒྱ་ཆེའི་མང་ཚོགས་ཚོས་དགའ་ཤོས་བྱེད་ཀྱི་ཡོད། བཞི་ནས་རྟ་ཐོག་ནས་ཁ་བཏགས་སྒྲུག་པའི་རྟ་རྩལ་འགྲན་བསྡུར་བྱེད་ཀྱི་ཡོད། རྟ་རྒྱུག་ལམ་དུ་ཁ་བཏགས་མང་པོ་བཀྲམ་ཏེ་རྟ་རྒྱུག་བཞིན་རྟ་ཐོག་ནས་ཁ་བཏགས་ཡར་ སྒྲུག་དགོས་ཀྱི་ཡོད། ཁ་བཏགས་སྒྲུག་སྐབས་རྟ་མགྱོགས་པོ་གཏོང་དགོས་ལ་ཁ་བཏགས་གང་མང་སྒྲུག་དགོས། རྟ་རྒྱུག་པའི་མགྱོགས་ཚད་དང་ཁ་བཏགས་སྒྲུག་པའི་མང་ཉུང་ལ་གཞིགས་སྟེ་བྱ་དགའ་ རིམ་པ་བཟོས་ནས་སྤྲོད་སྲོལ་ཡོད།

About ལས་འབྱེད།