ལྷ་བྲིས་པ་སྐལ་བཟང་དམ་ཆོས་ལགས།

སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གི་འགན་འཛིན་དང་དགེ་རྒན་གཅིག་ལྕོགས་སྐུ་ཞབས་སྐལ་བཟང་དམ་ཆོས་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

སྐུ་ཞབས་ལྷ་བྲིས་པ་སྐལ་བཟང་དམ་ཆོས་ལགས་ནི་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འགྲམ་སྒྱིས་ཚང་ཞེས་པའི་ཡུལ་འཚོ་རུ་ཕྱི་ལོ་༡༩༧༢ ལོར་སྐྱེས་ཤིང་། རང་ལོ་བདུན་པའི་ཐོག་ནས་སློབ་གྲྭར་འགྲིམ་ཏེ་སློབ་ཆུང་དང་སློབ་འབྲིང་མཐར་ཕྱིན། རང་ལོ་བཅོ་ལྔའི་སྟེང་སྒྱིས་ཚང་དགོན་དགའ་ལྡན་ཆོས་གླིང་དུ་ཆོས་སྒོར་ཞུགས་ཏེ། འདོན་རྟ་དབྱངས་དང་ཆོས་སྤྱོད་ཀྱི་རིམ་པ་ལ་ལེགས་པར་སྦྱངས།
ཕྱི་ལོ་༡༩༨༨ ལོར་བཙན་བྱོལ་དུ་འབྱོར་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་དཔལ་ལྡན་རང་གཞུང་གི་ཐུགས་རྗེ་ཉག་གཅིག་ལ་བརྟེན་ནས་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་འཛུལ་ཞུགས་ཀྱིས་ནང་པའི་གཞུང་ལ་ཐོས་བསམ་སློབ་གཉེར་བྱེད་པའི་སྐལ་བཟང་རྨད་དུ་བྱུང་བ་ཐོབ།
ཕྱི་ལོ་༡༩༩༢ ལོར་བོད་ཕྲུག་ཁྱིམ་སྡེའི་ལྷ་བྲིས་སྡེ་ཚན་གྱི་ལྷ་རིས་པ་མཁས་དབང་རྒན་བསོད་ནམས་དོན་འགྲུབ་དང་། ཁྲི་བྱང་བླ་བྲང་གི་ལྷ་བྲིས་པ་རྒན་འཇམ་དབྱངས། བོད་ནས་ཕེབས་པའི་མི་ཉག་སྐལ་བཟང་སོགས་ཀྱི་ཞབས་ལ་གཏུགས་ནས་བརྩོན་པ་ཧུར་བསྐྱེད་ཀྱིས་མི་ལོ་ཧྲིལ་པོ་དྲུག་གི་རིང་བོད་ཀྱི་ཐུན་མོང་མ་ཡིན་པའི་ལྷ་བྲིས་ཀྱི་རི་མོ་ལ་སྦྱངས་པ་ལྷོད་མེད་བྱས།
ཕྱི་ལོ་༡༩༩༨ ལོར་བོད་ཀྱི་དཔེ་མཛོད་ལྷ་བྲིས་སྡེ་ཚན་དང་༸རྒྱལ་བའི་ཕོ་བྲང་གི་ལྷ་རིས་པ་མཁས་པའི་དབང་པོ་རྒན་སངས་རྒྱས་ཡེ་ཤེས་ཀྱི་མདུན་ནས་བོད་ཀྱི་བྲིས་ལུགས་ཆེན་པོ་བཞིའི་དམར་ཁྲིད་ཐོབ། ཁོང་གིས་ལོ་ངོ་ཧྲིལ་པོ་བཞིའི་རིང་ཐུགས་བརྩེ་བས་རྗེས་སུ་བསྐྱངས་པའི་ཉེར་ལེན་ལ་བརྟེན་ནས་ཕྱི་ལོ་༢༠༠༢ ལོར་ལྷ་བྲིས་ཚད་ལྡན་ཡིན་པའི་ཕྱག་འཁྱེར་ཐོབ། མྱོང་ཁྲིད་རིགས་ལག་ལེན་མང་ཙམ་བསྟར་རྗེས་སྨན་ཐང་ལུགས་ཀྱི་བྲིས་རྒྱུན་ལ་གདེངས་སྤོབས་ཐོབ། ཐང་ག་དང་རི་མོ་སྣ་ཚོགས་འབྲི་བཞེངས་བྱས་པར་སྤྱི་ཚོགས་ཀྱིས་གདེངས་འཇོག་ཆེན་པོ་ཐོབ། དེའི་རྗེས་གཞུང་སྒེར་གྱི་ཚོགས་པ་ཆེ་ཆུང་ཁག་དང་དགོན་སྡེ་འདྲ་མིན་མང་པོས་རེ་བསྐུལ་ཞུས་དོན་ལྟར། ཕྱི་ལོ་༢༠༠༦ ལོར་ཡོ་རོབ་ཧྥ་རན་སིར་ལྷ་བྲིས་འབྲི་བཞེངས་དང་དོན་གཉེར་ཅན་ཚོར་སློབ་ཁྲིད་བྱེད་ཞོར་ཕྱིའི་རྒྱལ་ཁབ་ནང་དུ་ཡོད་པའི་ལྷ་བྲིས་སྒྱུ་རྩལ་གྱི་གལ་ཆེའི་ཡིག་ཆ་ལག་ཏུ་གང་སོན་པ་རྣམས་བསྡུ་ཉར་དང་ཞིབ་བསྡུར་གྱིས་ལེགས་ཆ་བླངས།
ཕྱི་ལོ་༢༠༡༠ ལོར་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་དུ་སློབ་མ་རྣམས་ལ་བོད་ཀྱི་ལྷ་བྲིས་རི་མོ་སྒྱུ་རྩལ་སློབ་ཁྲིད་དང་དེ་གའི་འདུ་ཁང་གསར་པའི་ལྡེབས་རིས་འབྲི་བཞེངས་བྱས།
ཕྱི་ལོ་༢༠༡༠ ལོའི་ཟླ་༩ ཚེས་༨ ཉིན་བོད་ཀྱི་ཆེད་ལས་པའི་ཚོགས་འདུའི་སྟེང་དུས་རབས་སོ་སོར་དར་བའི་བོད་ཀྱི་ལྷ་བྲིས་རི་མོའི་ཁྱད་ཆོས་ལ་དབྱེ་ཞིབ་ཀྱིས་བོད་ཀྱི་སྲོལ་རྒྱུན་ལྷ་བྲིས་ཀྱི་བྱུང་བ་བརྗོད་པའི་ཆེད་རྩོམ་སྒྲོག་སྦྱང་བྱས། འདས་པའི་མི་ལོ་ཉི་ཤུ་ལྷག་གི་རིང་བོད་ཀྱི་ལྷ་བྲིས་རི་མོའི་སྒྱུ་རྩལ་གྱི་ལས་ལ་ཞུགས་སྟེ་ཆེད་ལས་པའི་ངོ་བོའི་སྟེང་ནས་ལོ་ངོ་བཅུ་ལྷག་ལ་སློབ་ཕྲུག་གང་མང་ཞིག་གསོ་སྐྱོང་བྱས་མཐར།
ཕྱི་ལོ་༢༠༡༡ ལོར་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གསར་དུ་བཙུགས། དེ་ནས་བཟུང་ད་ལྟའི་བར་དུ་ལྷ་བྲིས་སྒྱུ་རྩལ་པ་༨༤ ལ་ཐང་བྲིས་སྒྱུ་རྩལ་ཆེད་ལས་ཀྱི་གོ་སྐབས་གནང་།
ཕྱི་ལོ་༢༠༡༣ ལོར་ཆེན་པོ་ཧོར་གྱི་ཡུལ་ནས་ཐང་བྲིས་སྒྱུ་རྩལ་ལ་གཟེངས་བསྟོད་གསེར་གྱི་རྟགས་མ་གནང་།
ཕྱི་ལོ་༢༠༡༣ ལོའི་ཟླ་༡༠ ཚེས་༢༡ ལ་ཨོ་སི་ཁྲོ་ལི་ཡའི་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་ལ་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གིས་དུས་ཡུན་ཟླ་བ་གསུམ་གྱི་རིང་འཆར་འགོད་བྱས་པ་འགྲེམ་སྟོན་བྱས།
ཕྱི་ལོ་༢༠༡༤ ལོའི་ཟླ་༣་ཚེས་༡༡ ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལེགས་སོའི་བསྔགས་བརྗོད་ཀྱི་ཕྱག་འཁྱེར་གནང་།
ཕྱི་ལོ་༢༠༡༤ ལོའི་ཟླ་༨ ཚེས་༡ ཉིན་དཔལ་རྒྱལ་བ་ཀརྨ་པ་མཆོག་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་དུ་སྐུ་དངོས་སུ་ཆིབས་བསྒྱུར་བསྐྱངས་ནས་སྲོལ་རྒྱུན་ཐང་བྲིས་ཚད་ལྡན་ཡོང་བར་ལམ་སྟོན་གྱི་བཀའ་སློབ་ཕེབས་པ་དང་འབྲེལ། ཁོང་གི་ལམ་སྟོན་བཞིན་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གྲངས་བཅུ་ལྷག་ལ་རིས་མེད་ནང་པའི་དད་ལྡན་རྣམས་ལ་ཐང་ག་སྣ་མང་འགྲེམ་སྟོན་རྒྱ་ཆེན་བྱས་པར་དད་ལྡན་ཡོངས་དང་ལྷག་པར་ཁོང་ཉིད་ཐུགས་མཉེས་པར་མཛད།
ཕྱི་ལོ་༢༠༡༥ ལོར་གུས་ཅག་ལ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་སྟོན་གྱི་མཛད་བརྒྱ་མཐོང་བ་དོན་ལྡན་དེ་ཉིད་བོད་ཆེན་པོའི་ལོ་རྒྱུས་ཀྱི་རྟེན་དུ་འཇོག་པའི་བསོད་ནམས་ཀྱི་བགོ་སྐལ་རྨད་དུ་བྱུང་བ་ཐོབ་པ་དང་ལྷན་དུ་མདོ་སྨད་དབུས་རྒྱུན་ནས་མཛད་རྗེས་ཀྱི་གཟེངས་རྟགས་ཕུལ་ཡོད་པ་བཅས། ལྷ་བྲིས་པ་ཁོང་གི་མི་ཚེའི་ལོ་རྒྱུས་མདོར་བསྡུས་སུ།
༢༠༡༦ ཟླ་༩ ཚེས་༨ ལ།

 

 

About ལས་འབྱེད།