སྐྱབས་རྗེ་དར་ཐང་རིན་པོ་ཆེའི་མཛད་བསྡུས།

རིས་མེད་ཀྱི་རྒྱལ་བསྟན་སྤྱི་དང་བྱེ་བྲག་གསང་ཆེན་སྔ་འགྱུར་རྙིང་མ་པའི་བསྟན་པ་ལ་བཀའ་དྲིན་བླ་མེད་དུ་ཆེ་བ་དར་ཐང་མཆོག་སྤྲུལ་ཀུན་དགའ་དགེ་ལེགས་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཆོག་ནི།  ཡབ་སོག་སྤྲུལ་པདྨ་ཐེག་མཆོག་དང་།ཡུམ་གསའ་བཟའ་ངག་ལྷ་གཉིས་ཀྱི་སྲས་སུ་བོད་རབ་རྒྱལ་ཤིང་ཕག་ཕྱི་ལོ་༡༩༣༥ལོར་མདོ་སྨད་མགོ་ལོག་ཏུ་སྐུ་འཁྲུངས།ཆུང་ངའི་དུས་ནས་ཡི་གེ་འབྲི་ཀློག་ལེགས་པར་སྤྱངས་ཏེ་ཡབ་རྗེ་སྔགས་འཆང་དང་།རྒྱ་ངག་མཁན་པོ་འཇིགས་དཔལ་སོགས་ལས་ཆོས་བཀའ་མང་པོ་གསན།

 

ཐོས་བསམ་སློབ་གཉེར་ལ་བརྩོན་པ།

སྐུ་ན་གཞོན་པའི་སྐབས་ནས་དཔལ་ཡུལ་དར་ཐང་དགོན་དུ་གྲྭ་སར་ཞུགས་ཏེ་སྐྱབས་མགོན་དཔལ་ཡུལ་

མཆོག་སྤྲུལ་རིན་པོ་ཆེ་དང་།གདོང་རེས་མཁན་ཆེན།ཨར་སྐོར་མཁན་ཆེན་སོགས་ལས་དབང་ལུང་གཞུང་ཁྲིད་གྲངས་མེད་གསན།དྷི་མདའ་དགོན་དུ་དབོན་ཕོ་བློ་བཟང་རྣམ་དག་ལས་གསང་སྙིང་སོགས་སྔགས་རྫོགས་ཀྱི་གཞུང་ལ་སྦྱངས། བྱ་བྲལ་གྱི་རྣམ་པས་ཁམས་ཕྱོགས་སུ་ཕེབས་ཏེ་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་པོ་ཀུན་མཁྱེན་བོད་པ་སྤྲུལ་སྐུ་མདོ་སྔགས་བསྟན་པའི་ཉི་མའི་ཞབས་ལ་སྤྱི་བོས་བཏུད་དེ་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་སྦྱངས། གཞན་ཡང་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ། གླིང་བླ་ཆོས་ཀྱི་རྡོ་རྗེ་སོགས་མཁས་གྲུབ་དུ་མའི་མདུན་ནས་སྔ་འགྱུར་བཀའ་གཏེར་གྱི་

དབང་ལུང་ཁྲིད་གསུམ་རྒྱ་མཚོ་ལྟ་བུར་གསན་བསམ་མཛད།།

 

བཙན་བྱོལ་དུ་ཕེབས་ནས་མཛད་ཕྲིན་རྒྱས་པ།

བོད་ཀྱི་དུས་འགྱུར་སྐབས་དར་ཐང་རིན་པོ་ཆེ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་ཝཱ་རཱ་ཎ་སཱི་མཐོ་རིམ་སློབ་གྲྭར་ལེགས་སྦྱར་དང་། ཧིནྡིའི་སྐད་ཡིག དབྱིན་ཇིའི་སྐད་ཡིག་རྣམས་ལ་སྐྱབས་སྦྱངས་ཤིང་། ཕར་ལ་བོད་རིག་པའི་སློབ་ཁྲིད་དགེ་རྒན་མཛད། རྗེ་འདི་ཉིད་ཀྱི་མཛད་པའི་གསུང་རྩོམ་རྣམས་ནི་བརྗོད་བྱེད་ཀྱི་ཚིག་ སྦྱོར་སྙན་ཞིང་ཀློག་བདེ་བ་སོགས་ཁྱད་ཆོས་མང་དུ་མངའ། མདོར་ན་ཁོང་གི་གསུང་རྩོམ་དབྱིན་ཡིག་གི་ཐོག་ནས་བྲིས་པ་དང་བོད་ཡིག་གི་ཐོག་ནས་བྲིས་པ་སོགས་བསྡོམས་པས་གྲངས་མི་ཉུང་བ་ཞིག་བཞུགས་པ་རྣམས་ཀྱིས་འགྲོ་དོན་རྒྱ་ཆེན་གནང་བཞིན་པ་ལགས།

སློབ་མཐར་ཕྱིན་ནས་ཨ་རིར་ཕེབས་ནས་ཁེ་ལི་ཧྥོ་ནི་ཡ (California)ཞེས་པའི་ཉེ་འཁོར་རྒྱ་མཚོའི་འགྲམ་དུ་ཟངས་མདོག་དཔལ་རིའི་བཀོད་པ་རྟེན་དང་བརྟེན་པ་དང་། མཆོད་རྟེན་བརྒྱ་ཕྲག་དུ་མ། སྐུ་དང་གསུང་རབ་མང་པོ་པར་སྐྲུན་གནང་སའི་ཨོ་དི་ཕཱ་ནའི་ཆོས་པར་ཁང་སོགས་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་པའི་རྟེན་མཐའ་ཡས་པ་གསར་བཞེངས་མཛད། དགེ་སྡིག་ངོ་མི་ཤེས་པའི་ཕྱི་གླིང་པ་མང་པོར་ཆོས་འཁོར་ལན་མང་དུ་བསྐོར་ཏེ་སངས་རྒྱས་ཀྱི་བསྟན་པའི་སྒོར་བཙུད་པ་སོགས་མཛད་པ་རླབས་ཆེན་བསྐྱངས།

རབ་གནས་ས་སྦྲུལ་ཕྱི་ལོ་༡༩༨༩ ལོར་འཕགས་ཡུལ་རྡོ་རྗེ་གདན་དུ་སྔ་འགྱུར་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་སྟེ། ད་ལོ་ཕྱི་ ལོ་༢༠༡༤ ལོའི་བར་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བའི་རིང་སྨོན་ལམ་ཆེན་མོར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་འགྲོ་གྲོན་ཕངས་མེད་བཏང་གནང་བར་བརྟེན།རྡོ་གདན་སྨོན་ལམ་ཆེན་མོ་ལོ་ཉེར་ལྔ་འཁོར་བའི་མཛད་སྒོའི་སྐབས་སུ་དར་ཐང་རིན་པོ་ཆེ་མཆོག་ལ་སྔ་འགྱུར་སྨོན་ལམ་ཆེན་མོ་གྲ་སྒྲིག་ཚོགས་ཆུང་ནས་གསེར་དངུལ་ལས་གྲུབ་ཅིང་སྡོམ་བརྩོན་དམ་པ་རི་མོར་འཁོད་པའི་གཟེངས་རྟགས་ཤིག་བཀའ་དྲིན་ཆེ་བསྟོད་ཀྱི་ཚུལ་དུ་ཕུལ་ཡོད་པ་རེད།

གཞན་ཡང་ཁོང་གིས་ཆུ་སྤྱེལ་ཕྱི་ལོ་༡༩༩༢ལོར་ལྦཱ་རཱ་ཎ་སཱིར་དགེ་ལྡན་སྨོན་ལམ་ཆེན་མོའི་སྦྱིན་བདག་དང་།ལུམྦི་ནིར་ས་སྐྱ་སྨོན་ལམ་ཆེན་མོའི་སྦྱིན་བདག་མཛད་པ་སོགས་གྲུབ་མཐའ་རིས་མེད་ཀྱི་བསྟན་པ་ལ་ཞབས་འདེགས་བླ་ན་མེད་པ་གནང་།

གཞན་ཡང་དར་ཐང་རིན་པོ་ཆེ་མཆོག་གིས་རྒྱ་གར་དང་།བལ་ཡུལ།འབར་མ།རྒྱ་ནག་སོགས་གཙོས་པའི་ཡུལ་གྲུ་ཁག་གི་གནས་ཆེན་རྣམས་སུ་རྒྱུ་ལི་ལས་བཟོས་པའི་དྲིལ་བུ་ཆེན་པོ་བཅུ་གཉིས་གསར་བཞེངས་མཛད།  སྐྱ་སེར་དབྱེ་བ་མེད་པར་དཔལ་འབྱོར་གྱིས་དཀའ་ངལ་འཕྲད་པ་རྣམས་ལ་ནུབ་ཕྱོགས་ཀྱི་ངོ་ཤེས་བརྒྱུད་ནས་རོགས་རམ་གནང་བའི་གྲངས་ཀྱང་ཉིས་སྟོང་ལས་བརྒལ།

 

དེ་བཞིན་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་གྱིས་གཙོས་པའི་ཡིག་ཆ་དཀོན་པའི་རིགས་པར་སྐྲུན་གནང་སྟེ་རྒྱ་བལ་འབྲུག་བོད་བཞིས་གཙོས་པའི་རྒྱལ་ཕྱི་ནང་གི་བཤད་པའི་སྡེ་དང་སྒྲུབ་སྡེ།དཔེ་མཛོད་ཁང་དུ་རིན་མེད་ཆོས་སྤྱིན་བསྩལ་གནང་བ་དང་།ལྷག་པར་དུ་སྔ་འགྱུར་ཆོས་མཛོད་ཆེན་མོ་ཞེས་སྐོར་ཚོ་བཅུའི་བདག་གནས་བཀའ་གཏེར་དང་བཅས་པ་ཡོངས་སུ་རྫོགས་པའི་དེབ་ཆེན་སྤུས་མ་དྲུག་བརྒྱ་ཉི་ཤུ་ལྷག་ལེགས་བསྒྲིགས་གནང་བ།          ཀློང་ཆེན་མཛོད་བདུན་དང་སྙིང་ཐིག་ཡ་བཞི། དགོངས་པ་ཟང་ཐལ་སོགས་ཀྱི་གླེགས་བམ་ཁྲི་ཕྲག་མང་པོ་འཛམ་གླིང་གི་གླིང་ཆེན་དྲུག་གི་སློབ་གྲྭ་དང་། དཔེ་མཛོད་ཁང་། དགོན་པ། ཁྱིམ་ཚང་། ཆོས་ཁང་རྣམས་སུ་རིན་མེད་འགྲེམས་སྤེལ་གནང་།

དམ་པ་ཁོང་གིས་སྔ་འགྱུར་བ་གཅིག་པུ་མ་ཡིན་པར་རིས་སུ་མ་ཆད་པའི་བཤད་སྒྲུབ་ཀྱི་སྡེ། དཔེ་མཛོད། ཚོགས་པ་སོགས་ལ་གཞོགས་འདེགས་བླ་ན་མེད་པ་ཞིག་གནང་ཡོད་པ་ནི་རིན་པོ་ཆེས་བསྡུ་སྒྲིག་གནང་(Letters of Hope)ཞེས་པའི་དེབ་ཆེན་དུ་ཡོད་པའི་སྙན་ཞུ་དང་འབྱོར་ལན་སོགས་ཀྱིས་དཔང་པོ་བྱས་འདུག དེ་བཞིན་དུ་ཆོས་ལུགས་མཐུན་སྒྲིལ་དང་།

འཛམ་གླིང་ཞི་བདེ་སོགས་ རླབས་ཆེ་བའི་མཛད་པ་བསྐྱངས་དང་སྐྱོང་བཞིན་པའི་ནང་ནས། སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དབུ་འཛུགས་ཞུས་ནས་ད་བར་ལོ་༢༥ རིང་གི་ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ཏེ་ཕུལ་བའི་མཆོད་འབུལ་རིགས་དང་གནས་མཆོག་རྡོ་རྗེ་གདན་དང་དེའི་ཁོར་ཡུག་སླར་གསོ་ཞུས་པ་སོགས་སྡེ་ཚན་གསུམ་དུ་དབྱེ་ནས་གཤམ་དུ་དོ་སྤྲོད་མདོར་བསྡུས་ཙམ་ཞུ་རྒྱུ།

 

གསུང་རབ་པར་སྐྲུན་གྱིས་རིན་མེད་ཆོས་སྤྱིན་གནང་བ།

སྐྱབས་རྗེ་དར་ཐང་རིན་པོ་ཆེ་མཆོག་གིས་གསུང་རབ་གང་མང་ཞིག་པར་སྐྲུན་གནང་ནས་རིན་མེད་ཆོས་སྦྱིན་དུ་སྤེལ་བ་ཁག་ངོ་སྤྲོད་རགས་ཙམ་ཞུས་ན།

རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གྲངས་སྔ་རྗེས་ཐེངས་ལྔ་པར་སྐྲུན་དང་།བསྟན་འགྱུར་ཐེངས་གཉིས་པར་སྐྲུན་གནང་།དེ་མིན་རྒྱ་བོད་ཀྱི་མཁས་གྲུབ་ཁག་གི་གསུང་རྩོམ་བཅས་ཆ་ཚང་བསྡོམས་པས་ས་ཡ་བཞི་ལྷག་ཙམ་(༤༠༠༠༠༠༠)རིན་མེད་དུ་ཕུལ་གནང་བ་དང་།དེ་བཞིན་མཆོད་མེའི་རིགས་ས་ཡ་སོ་བརྒྱད་(༣༨༠༠༠༠༠༠)དང་།ཐང་ཀ་གོས་གཤམ་ཡོད་པ་དང་མེ་དཔ་ས་ཡ་(༣༠༠༠༠༠༠)གསུམ་ལྷག་ཙམ་དང་།རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལག་འཁོར་གཙོ་བོར་གྱུར་པའི་མ་ཎི་ལག་འཁོར་ཆེ་ཆུང་སོགས་བསྡོམས་པས་ཆིག་འབུམ་ལྔ་ཁྲི་ལྔ་སྟོང་ལྷག་ཙམ་དང་།(༡༥༥༠༠༠)རྡོ་དྲིལ་ཆ་འགྲིག་ཆིག་ཁྲི།(༡༠༠༠༠)གཟན་ཤམ་ཆ་ཚང་ཆིག་ཁྲི(༡༠༠༠༠)ལྷག་རིན་མེད་ཆོས་སྤྱིན་དུ་སྤེལ།

མདོར་ན་གོང་ཞུས་ལྟར་བསོད་ནམས་རྒྱ་མཚོའི་ཞིང་ལ་དམིགས་ཏེ་ཕུལ་བའི་ད་བར་འགྲོ་གྲོན་ཆ་ཚང་བསྡོམས་པས་ཧིན་སྒོར་ཐེར་འབུམ་གཅིག་དུང་ཕྱུར་བདུན་དང་།བྱེ་བ་བཅུ།ས་ཡ་གསུམ།བརྒྱད་འབུམ་ལྔ་ཁྲི།སུམ་སྟོང་ཐམ་པ་སོང་ཡོད་པ་དང་།འདི་དག་ནི་སྔ་འགྱུར་སྨོན་ལམ་ཆེན་མོ་འཛམ་གླིང་བདེའི་ཆེད་དུ་དམིགས་ཏེ་ཕུལ་བ་ཁག་འབའ་ཞིག་ཏུ་གྱུར་ཡོད།

 

འཛམ་གླིང་ཞི་བདེའི་ཆེད་དུ་དམིགས་པའི་མཛད་པ།

ཟླ་འདིའི་ཕྱི་ཚེས་ ༢༦ སྟེ་ས་ག་ཟླ་བའི་ཚེས་ཆེན་ ༡༥ ཉིན་ཨ་མེ་རི་ཀའི་ཕོ་བྲང་དཀར་པོའི་ནང་དུ་མར་མེ་མཆོད་འབུལ་གྱི་འདུ་འཛོམས་གནང་ཡོད་འདུག

ཨ་རིའི་ལོ་རྒྱུས་ནང་ཐེངས་དང་པོར་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་ཉིན་མོ་ཕོ་བྲང་དཀར་པོའི་ནང་དུ་སྲུང་གཙི་ཞུས་ཡོད་པ་མ་ཟད། ཉིན་དེར་ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་ (Joe Biden) གིས་ཕོ་བྲང་དཀར་པོ་ནས་ས་ག་ཟླ་བའི་ཚེས་ ༡༥ དང་འབྲེལ་བའི་ཡོངས་ཁྱབ་གསུང་འཕྲིན་ཞིག་གནང་བའི་ནང་དུ། ང་དང་ (Jill) གཉིས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་ཉིན་མོར། ཨ་རི་དང་འཛམ་གླིང་ཡོངས་སུ་ཡོད་པའི་ནང་པ་རྣམས་ལ་འཚམས་འདྲི་ཞུ་ཡི་ཡིན། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་སྙིང་རྗེ་དང་གུས་ཞབས། རང་ཤེད་མེད་པ། བཟོད་སྒོམ་གྱི་སྐོར་ལ་དྲན་སྐུལ་བྱེད་ཀྱི་ཡོད་པ་རེད། འདིའི་ཉིན་མོར་ཨ་རིའི་ནང་དུ་ཡོད་པའི་ནང་པ་རྣམས་ཀྱིས་ང་ཚོའི་སྤྱི་ཚོགས་དང་རྒྱལ་ཁབ་ནང་དུ་ལེགས་བཅོས་བྱས་ཡོད་པ་དང་། ང་ཚོ་ཚང་མས་གཅིག་སྒྲིལ་གྱིས་འབྱུང་འགྱུར་མི་ཚེ་ལེགས་པོ་ཡོང་བའི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་པ་རེད། ཅེས་གསུངས་འདུག

 

མར་མེ་མཆོད་འབུལ་གྱི་མཛད་སྒོ་དེ་ཨ་རིའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་(International Buddhist Association of America)ནས་གཙོ་སྐྱོང་གནང་ཡོད་པ་དང་། མཛད་སྒོ་དེའི་ཐོག་ནང་པའི་བླ་མ་ཁག་ཅིག་གདན་འདྲེན་ཞུས་པའི་ཁྲོད་དར་ཐང་རིན་པོ་ཆེ་མཆོག་ཀྱང་ཕེབས་ནས་མར་མེ་ཞལ་འབྱེད་དང་སྨོན་ལམ་གསུང་འདོན་གནང་ཡོད་འདུག་པ་བཅས་སོ།

 

About རྩོམ་སྒྲིག་པ།