ཨ་མདོའི་སྒྲ་སྙན་རྡུང་ལེན་མཁན་པོ་དཔལ་མགོན་ལགས་ངོ་སྤྲོད་སྙིང་བསྡུས།

སྐུ་ཞབས་དཔལ་མགོན་ལགས་ནི1949ལོར་རྨ་ཆུ་མཛོད་དགེ་ཉིན་མ་རུ་འབོད་པའི་འབྲོག་ཁྱིམ་ཕལ་བ་ཞིག་ནས་སྐྱེས། མིང་དུ་གྲགས་པའི་བོད་ཀྱི་དམངས་ཁྲོད་རྡུང་ལེན་པའི་མཚན་སྙན་བོད་ཁམས་ཡོངས་ལ་ཁྱབ་་ཡོད་པ་མ་ཟད་རྨ་ཆུའི་གསོ་རིག་ཕྱི་ནད་ཚན་ཁག་གི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་མི་སྣ་གལ་ཆེན་ཞིག་ཀྱང་ཡིན། 1963ལོར་སློབ་ཆུང་ནས་མཐར་ཕྱིན་པའི་ཉིན་དང་བོ་ནས་བཟུང་དཔལ་མགོན་ལགས་ཀྱི་ཕུགས་བསམ་གྱི་རྩ་བར་ཕྱི་ཡུལ་སྤྱི་ཚོགས་ཀྱི་མཐུན་རྐྱེན་ཉེར་སྡོགས་ཡོངས་སུ་སྨིན་པས་མི་ཚེའི་གོམ་ཁ་ནུབ་བྱང་མི་རིགས་སློབ་གླིང་དུ་བསྒྱུར་ནས། སྔ་ཕྱི་ལོ་ངོ་བདུན་ལྷག་ལ་གསོ་རིག་ཆེད་ལས་ཀྱི་རྨང་གཞི་བརྟན་པོ་ཞིག་བཞག་པ་མ་ཟད། ཞོར་དུ་རིག་གནས་དྲིལ་བསྒྲགས་པ་རྩ་འཛུགས་ཀྱིས་ལན་གྲུ་གྲོང་ཁྱེར་གྱི་བཟོ་གྲྭ་དང་ལས་ཁུངས་མང་བོར་བསྐྱོད་ནས་འཁྲབ་སྟོན་གྱི་སློབ་ཕྱིའི་ཞོར་ལས་གཉེར་ཏེ་རིག་རྩལ་འཁྲབ་སྟོན་གྱི་སྒོ་ནས་ཉམས་མྱོང་དང་ཤེས་བྱ་མང་བོ་ཞིག་སློབ་ཐུབ་པ་བྱུང་། སྐབས་དེའི་སློབ་གྲྭ་དང་གོང་རིམ་ནས་མཐོང་ཆེན་དང་གཟིགས་སྐྱོང་བྱེད་པའི་ཚོད་དུ་སླེབས་ནས། ལན་གྲུ་དམག་འཐབ་གླུ་གར་ཚོགས་པའི་ནང་དུ་ཞུགས་པའི་གོ་སྐབས་ཡོད་མྱོང་ཡང་རྐྱེན་གང་མང་ཞིག་གི་དབང་གིས་མ་ཞུགས་སྐད།
སློབ་མཐར་ཕྱིན་རྗེས་སུ་སྐུ་ཞབས་དཔལ་མགོན་ལགས་ཀྱི་ཆེས་ཐོག་མའི་བྱ་བ་ཡང་མཚེ་རུ་མ་ཤང་་འཕྲོད་བསྟེན་ས་ཚིགས་སུ་བགོས་ཤིང་། གཅིག་ནས་རང་ཉིད་ཀྱི་སེམས་སུ་ཡུན་རིང་ཉར་བའི་ཕུགས་འདུན་གྱི་རྟིང་མ་ཡོངས་སུ་ཕུལ་ཅིང་། གཉིས་ནས་ཆེད་ལས་ཀྱི་བྱང་ཚད་དང་ཀུན་སློང་རྣམ་དག་དེས་དབང་གིས་ས་དེའི་མང་ཚོགས་ཀྱི་དགའ་བསུ་དང་ཡི་རངས་ཆེན་པོ་ཐོབ་པས་རིམ་པ་བཞིན་དུ་རྫོང་མི་དམངས་སྨན་ཁང་གསར་བརྗེ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པའི་འགན་འཁུར་བ་དང་། ཕྱི་ནད་ཚན་ཁག་གི་གཙོ་བཅོས་སྨན་པའི་འགན་ཡང་གཅིག་ལྕོག་ཏུ་འཁུར་ནས་རང་ཉིད་ཀྱི་འཇོན་ནུས་ཡོད་ཚད་གསོ་བྱེད་སྨན་དང་རྒྱ་ཆེའི་ནད་པ་མང་བོའི་སླད་དུ་བཏང་། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་གདན་ཞུ་དང་ཁུལ་མི་རིགས་གླུ་གར་ཚོགས་པའི་གདན་ཞུ་སྔ་གཞུག་གཉིས་ཀྱི་གོ་སྐབས་ལེགས་ཤོས་དག་རྒྱབ་ཏུ་བསྐྱུར་བ་ཡང་རང་གི་ཆེད་ལས་དང་ཕ་ཡུལ་གྱི་གསོ་རིག་ལས་དོན་ཐད་དུ་ཡོད་ཚད་བློས་གཏོང་ཐུབ་པའི་ཆོད་སེམས་ཀྱི་དན་རྟགས་འབའ་ཞིག་ཡིན་པ་སྨོས་ཅི་དགོས། ཕ་ཡུལ་མང་ཚོགས་ཀྱི་སྡུག་ཐུག་གི་སྨན་བཅོས་ཆ་རྐྱེན་དང་རྟོགས་དཀའ་བའི་ནད་གཞི་སྣ་ཚོགས་ཀྱི་དོགས་སློང་ལས་ཁོང་ལ་སྔར་ལས་དྲག་པའི་གསོ་སྦྱོང་གི་འདུན་པ་དྲག་པོ་ཞིག་སྐྱེས་ཏེ། 1976ལོ་ནས1979ལོའི་བར་དུ་ཡང་བསྐྱར་ལན་གྲུ་སྨན་ཁང་གཉིས་པ་ནས་རུས་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག་གི་ཕྱོགས་ནས་གསོ་སྦྱོང་གང་ལེགས་བྱས་ནས་འདུས་ནད་སྣ་ཚོགས་ལ་ཕན་པའི་བོད་ལུགས་གསོ་རིག་དང་ཀྲུང་ལུགས་གསོ་རིག ཕྱི་ལུགས་གསོ་རིག་བཅས་ཟུང་འབྲེལ་བྱེད་པའི་ཕུན་སུམ་ཚོགས་པའི་སྨན་བཅོས་བྱེད་ཐབས་ཀྱི་ཉམས་མྱོང་ལག་ལེན་དང་གཞུང་ལུགས་སློབ་སྦྱོང་གི་འབྲས་རྟགས་སུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གསོ་རིག་དུས་དེབ་ཁག་ཏུ་རིག་གཞུང་དཔྱད་རྩོམ་མང་བོ་སྤེལ་བ་མ་ཟད་གསོ་རིག་ལས་རིགས་ཀྱི་གཙོ་སྐྱོང་བ་དང་རྒྱུད་འཛིན་པ་མང་བོ་གསོ་སྐྱོང་གནང་བ་དང་་གུང་ཐང་སྐུ་ཕྲེང་དྲུག་པ་དང་ཨ་བློ་ཚང་གཉིས་ཀྱི་ཆེད་ཞུས་ཉིན་རྒྱུན་བདེ་ཐང་སྨན་པའི་འགན་ཡང་འཁུར་མྱོང་། དེ་དང་ཆབས་ཅིག་ཏུ་སྔ་རྗེས་སུ་རྫོང་མི་དམངས་སྨན་ཁང་གི་འགོ་གཙོ་གཞོན་པ་དང་ཏང་ཀྲི་པུའུ་ཧྲུའུ་ཅི། འགོ་གཙོ་དང་བོ། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀན་སུའུ་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་སྐབས་བཞི་བའི་ལས་ཚབ་ཀྲུའུ་ཞི་གཞོན་པ། ཀན་སུའུ་ཞིང་ཆེན་སྒྲ་སྙན་ཕབ་སྐྲུན་ཀུང་སིའི་ཆེད་ཞུས་འཁྲབ་སྟོན་པ། ཀན་ལྷོ་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་སྒྲ་སྙན་རྡུང་ལེན་མཐུན་ཚོགས་ཀྱི་བློ་འདྲི་ཡུལ་དང་རྨ་ཆུ་་རྫོང་མི་དམངས་སྨན་ཁང་གི་བློ་འདྲི་དོ་དམ་པ་བཅས་ཀྱི་འགན་འཁུར་མྱོང་།
སྐུ་ཞབས་དཔལ་མགོན་ལགས་ཀྱི་ཕ་ནི་དམངས་ཁྲོད་དུ་སྙན་གྲགས་ཅུང་ཆེ་བའི་གླིང་འབུད་ཅིག་ཡིན་པས་དཔལ་མགོན་ལགས་ཆུང་དུས་ནས་གླུ་དང་རོལ་དབྱངས་ཕྱོགས་ལ་ཤིན་ཏུ་མོས་ཞེན་ཆེ་ཞིང་གླིང་བུ་འབུད་ཤེས་པ་མ་ཟད་རང་སློབ་ཀྱི་རོལ་ཆ་དང་གླུ་དབྱངས་ཀྱི་ཕྱོགས་ནས་རྨང་གཞི་ངེས་ཅན་ཞིག་ཡོད། སྟབས་ལེགས་པ་ཞིག་ལ་ཁོ་རང་ཞིང་ཆེན་མི་དམངས་སྨན་ཁང་ནས་བོད་ཀྱི་རྡུང་ལེན་སྒྱུ་རྩལ་ལ་ཞིབ་འཇུག་ཟབ་མོ་ཡོད་པའི་གུང་ཐང་སྐུ་ཕྲེང་དྲུག་པ་ཚང་དང་མཇལ་བའི་གོ་སྐབས་འཕྲད་ཅིང་། རྗེ་གུང་ཐང་ཚང་གི་ཁྲིད་སྟོན་འོག་ཏུ་དཔལ་མགོན་ལགས་ལ་གསོ་རིག་གི་ཞོར་དུ་རྡུང་ལེན་ལ་གཞོལ་བའི་སྐུལ་ལྕག་ཆེན་པོ་ཞིག་ཐེབས། སྐབས་དེའི་ཁུལ་རླུང་འཕྲིན་ཁང་གི་འབྲེལ་ཡོད་བློ་མཐུན་ལ་བཅོལ་གདམས་ཀྱིས་མཚོ་སྔོན་རླུང་འཕྲིན་ཁང་ནས་རྡུང་ལེན་འགའ་སྒྲ་ཕབ་པ་ཆེས་ཐོག་མར་རླུང་འཕྲིན་བརྒྱུད་ནས་བཏང་བ་བོད་ཁམས་ཡོངས་ལ་ཁྱབ་ཅིང་། དུས་དེ་ནས་མདོ་དབུས་ཁམས་གསུམ་དུ་རྡུང་ལེན་པ་དཔལ་མགོན་དང་ཁོས་དཀྲོལ་བའི་ཨ་མདོའི་རྡུང་ལེན་དེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་འགོ་ཚུགས།
དུས་དེ་ནས་བཟུང་སྐུ་ཞབས་དཔལ་མགོན་ལགས་ཀྱིས་གསོ་རིག་ལག་ལེན་གྱི་ཞོར་དུ་དཀའ་བ་ཡོད་ཚད་ཁྱད་དུ་བསད་ནས་དམངས་གླུ་འཚོལ་སྡུད་དང་དག་སྒྲིག་གི་ཕྱོགས་སུ་འབད་པ་ཆེར་བསྐྱེད་བྱས་ཤིང་། རྨ་ཆུ་རྩྭ་ཐང་གི་རི་ཆུ་སྟོང་ཕྲག་རྐང་ལམ་གྱིས་བཅད་ནས་ཨ་མདོའི་རྡུང་ལེན་གྱི་འཕེལ་རྒྱས་དང་གསར་གཏོད་དར་སྤེལ་ལ་སྲ་ཞིང་བརྟན་པའི་རྨང་གཞི་བརྟན་པོ་ཞིག་བཏིང་བས། 1981ལོར་ཁོའི་རྡུང་ལེན་སྒྱུ་རྩལ་ལམ་བུའི་སྟེང་གི་འབྲས་རྟགས་ཐོག་མར་ཀན་ལྷོ་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁས་ལེན་དང་གདེང་འཇོག་ཐོབ་པའི་བོད་ཀྱི་དམངས་གླུ་རྡུང་ལེན་ལས་ཞོར་གསར་རྩོམ་བྱ་དགའ་ཨང་དང་བོ་དང་གླུ་ལེན་བྱ་དགའ་ཨང་གཉིས་པ་བཅས་ཐོབ། ཁོས་རྡུང་ལེན་སྒྱུ་རྩལ་ལ་བཅིངས་བའི་བརྩེ་བ་དང་དེའི་ཆེད་དུ་བཏོན་པའི་ནུས་པ་ཡོད་ཚད་སེམས་ཁོངས་ནས་བླངས་པའི་རྡུང་ལེན་མང་བོ་ཞིག་གི་ཁྲོད་དུ་བསྟིམས་ཤིང་མེ་སོན་བཞིན་རྒྱས་བཞིན་པའི་འགོག་མེད་ཀྱི་སྟོབས་ཤུགས་ཤིག་ཏུ་གྱུར་པའི་གོ་རིམ་ཁྲོད་ཡངས་ཤིང་རྒྱ་ཆེ་བའི་རྨ་ཆུའི་རྩྭ་ཐང་ནས་ཁྱབ་ཡོང་བའི་ལྷད་མེད་དྭངས་གཙང་གི་གླུ་སྐད་དེ་བོད་ཡུལ་ཆོལ་གསུམ་གྱི་རི་ཆུ་ལུང་གསུམ་ཡོངས་སུ་ཁྱབ་པ་མ་ཟད། རྡུང་ལེན་སྒྱུ་རྩལ་ལ་དུངས་ཞེན་ཆེ་བའི་སློབ་བུ་མང་བོ་ཡང་བུང་བའི་ཚོགས་བཞིན་འཁོར་ཡོང་། 1983ལོ་ནས་བཟུང་མིང་དུ་གྲགས་པའི་རྡུང་ལེན་པ་བདུད་བྷེ་དང་ལུ་གུ་རྒྱལ། རྡོ་རེས། གཞས་པ་གཡུང་དྲུང་སྐྱབས་དང་གངས་བཞུགས་སོགས་བུ་སློབ་མང་བོ་གསོ་སྐྱོང་གནང་ནས་རིམ་བཞིན་བོད་ཁམས་ཡོངས་ལ་སྐད་གྲགས་ཆོད་པ་མ་ཟད་ཐ་ན་རྒྱལ་ཡོངས་སུ་སྐད་གྲགས་ཆེ་བའི་གླུ་བར་གྱུར་པ་ཡང་ཤིན་ཏུ་མང་ལ། དེང་སྐབས་ཀྱང་རང་ཉིད་ཀྱིས་བསྒྲིགས་པའི་རྡུང་ལེན་སྒྱུ་རྩལ་གྱི་དབྱངས་འགྲོས་ལྟར་དགའ་ཞེན་ཅན་གྱི་སློབ་མ་མང་བོར་རིན་མེད་དུ་རྡུང་ལེན་སྒྱུ་རྩལ་གྱི་ཤེས་བྱ་ཕངས་མེད་དུ་བརྒྱུད་བཞིན་ཡོད། དེ་ལས་གཞན་སྐུ་ཞབས་ལགས་ཀྱིས་ལྷན་སྐྱེས་ཀྱི་ནུས་པས་རང་སྦྱོང་ལ་བརྟེན་ནས་པི་ལྦང་སྐུད་གཉིས་མ་དང་ལག་རྔ་སོགས་ཀྱང་བདེ་བླག་ཏུ་སྤྱོད་ཐུབ་པ་བྱུང་།
དཔལ་མགོན་གྱི་སྒྲ་སྙན་རྡུང་ལེན་གཅེས་བསྡུས་དེབ《སྤང་ལྗོངས་མེ་ཏོག་འཁྲིགས་པའི་ལྡིང་ཁང》ཅེས་པ2010ལོའི་ཟླ4བར་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས། 《ཨ་ཁུ་པདྨ》དང《ཤ་ཡུ་མོ་ཤེའུ》《དགའ་སྤྲོའི་ལྷན་འཛོམས》སོགས་དམངས་གླུ་རྡུང་་ལེན་གྱི་དབྱངས90དང་ཚིག50ལྷག་དང་བོད་ཀྱི་དམངས་གླུ་རྡུང་ལེན་གྱིMIDསྒྲིག་བཟོ་བྱས་པ་བརྒྱ་ཁར་ལོངས་པ་འདུག གཞན་སྒྲ་ཐག་ལ་གུང་ཐང་རིན་པོ་ཆེས་དབང་བསྐུར་དུས་དཔལ་མགོན་དང་བདུད་བྷེ་གཉིས་ཀྱིས་བླངས་པའི་བསྟོད་གླུ《ཅོ་ཀའི་དྲུག་འགྱུར》《དཔལ་མགོན་གྱི་སྒྲ་སྙན་རྡུང་ལེན་ཆེད་བསྒྲིགས》《གུང་ཐང་འཇམ་པའི་དབྱངས་ཀྱི་གསུང་མགུར་ཁ་ཤས》《དབྱངས་ཅན་དགྱེས་པའི་སྙན་མགུར》《མཆུ་འདབ་གཡོ་བའི་སྨོན་ལེགས》《གུང་ཐང་འཇམ་པའི་དབྱངས་ཀྱི་གསུང་མགུར་ཁ་ཤས་བཞུགས་སོ》《སྤང་ལྗོངས་མེ་ཏོག་འཁྲིགས་པའི་ལྡིང་ཁང》འོད་སྡེར་ལ《སྤང་རྒྱན་མེ་ཏོག》《གངས་ཅན་དགྱེས་གླུ》《བོད་ཀྱི་རྡུང་ལེན་སྒྱུ་རྩལ་བ་དཔལ་མགོན་གྱི་རྡུང་ལེན་ཆེད་བསྒྲིགས》《རྨ་ཆུའི་ས་ཁུལ་གྱི་རྡུང་ལེན》《ཨ་མའི་རེ་བ》《མཚོ་སྔོན་པོའི་བསྟོད་གླུ》《བཀྲ་ཤིས་རྫོགས་ལྡན་བསུ་བའི་དུང་སྒྲ》《གངས་ཅན་ཨར་ཇག་རི་བོའི་དྲག་རླུང》(སྟོད་ཆ་དང་བར་ཆ)《རྨ་ཁུགས་དང་བོའི་ལྷན་འཛོམས》《བོད་ཤིང་བྱ་ལོའི་ལོ་གསར་གླུ་སྟོན(2005ལོ)》《བཀྲ་ཤིས་པའི་རྩྭ་ཐང》《གངས་ལྗོངས་བྲོ་གླུ》《གནམ་འོག་གི་རྨ་ཁུགས་དང་བོ་གླིང་གེ་སེར་གྱི་ཕ་ས་དར་ཞིང་རྒྱས་པར་སྨོན》《མཐོ་སྒང་གི་གླུ་སྒྲ》《བཀྲ་ཤིས་སྒྲ་སྙན་རྒྱལ་བོ》(རྨ་ཆུའི་རླབས་སྒྲ་རེབ་བཅུ་བ)《ཀུན་སྨོན་གྱི་ཚྭ་འདམ(ཚྭ་འདམ་བུམ་པ་རྟགས་ཅན་གྱི་རྡུང་ལེན་འགྲན་ཚོགས་སྐབས་དང་བོ)》《གངས་ཆབ་ཟེགས་མའི་འགྱུར་ཁུགས(2008)》《ཇོ་མོ་གླང་མའི་གཟི་འོད(2009ལོའི་མདོ་ཁམས་ཡུལ་གྱི་རིག་རྩལ་སྤྲོ་ཚོགས་ཆེན་མོ)》《བདེ་སྐྱིད་རྩ་བ་ཚུགས་སོང》《ཁྱོད་དང་ངའི་བར་ཐག》《པི་ལྦང་གི་འཇིག་རྟེན》《དབྱངས་ཅན་མའི་དངོས་གྲུབ》(2012ལོའི་གངས་ཆབ་ཟེགས་མ་རྟགས་མའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་ཚོགས་སྐབས་བཞི་བའི་རྟིང་རྩོད་འགྲན་བསྡུར)《ཀླུ་ཆུ་སྔོན་མོའི་རླབས་སྒྲ》2012ལོའི་སྐབས་གཉིས་པ། 《ཀླུ་ཆུ་སྔོན་མོའི་རླབས་སྒྲ》2011ལོའི་སྐབས་དང་བོ་བཅས་ཡོད།
རིག་རྩལ་འཁྲབ་སྟོན་སྣ་ཚོགས་སུ་ཞུགས་པའི་སྐོར་ནས། 2004ལོ་དང་། 2005ལོ། 2006ལོ། 2007ལོ་བཅས་ཀྱི་རྨ་ཆུ་རྫོང་གི་གེ་སར་རྟ་རྒྱུགས་རིག་རྩལ་འཁྲབ་སྟོན་གྱི་ཆེད་ཞུས་འཁྲབ་སྟོན་པ་ཡིན། 2004ལོའི་མཚོ་སྔོན་བོད་སྐད་རླུང་འཕྲིན་ཐད་གཏོང་གི་རིག་རྩལ་དགོང་ཚོགས་མཚོ་སྔོན་པོའི་བསྟོད་གླུ་ཅེས་པའི་ཆེད་ཞུས་སྐུ་མགྲོན་ཡིན། 2005ལོའི་སི་ཁྲོན་གསེར་རྟ་རྫོང་གི་རྫོང་འཛུགས་ལོ་འཁོར50ལོན་པའི་རིག་རྩལ་འཁྲབ་སྟོན་དུ་ཆེད་ཞུས་འཁྲབ་སྟོན་པ་ཡིན། 2005ལོའི་ཟླ8པར་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པའི་ཡན་ལག་ཚོགས་ཡུལ་སོག་རྫོང་གི་རིག་རྩལ་འཁྲབ་སྟོན་གྱི་ཆེད་ཞུས་འཁྲབ་སྟོན་དུ་ཞུགས། 2005ལོར་ཆེད་ཞུས་སྐུ་མགྲོན་གྱི་ཐོབ་ཐང་གིས་མཚོ་སྔོན་པོའི་རིག་གནས་ཀྱི་རིག་རྩལ་འཁྲབ་སྟོན་དུ་ཞུགས། 2005ལོར་ཨ་རིའི་ཧྭ་ཧྲིན་ཏུན་དང་ཀྲི་ཅ་ཁོ་རུ་སོང་ནས་འཁྲབ་སྟོན་བྱས། 2006ལོར་ཀན་ལྷོའི་ཨ་མཆོག་ས་ཆའི་སྟག་ཆུ་ལང་ཚོ་རྟགས་མའི་དམངས་གླུ་དང་རྡུང་ལེན་འགྲན་བསྡུར་གྱི་སྟེང་དུ་ཆེད་ཞུས་དཔྱད་འདེམས་པ་དང་སྐུ་མགྲོན་གྱི་ཐོབ་ཐང་གིས་ཞུགས། 2006ལོའི་ཟླ6པར། ཀན་ལྷོ་བརྙན་འཕྲིན་ཁང་གི་བོད་སྐད་འཕྲིན་ལམ་བཏོད་པའི་རིག་རྩལ་དགོངས་ཚོགས་ཀྱི་སྟེང་དུ་ཞུགས། 2007ལོར་ཀན་ལྷོའི་རྨ་ཆུ་ནས་བསྡུས་པའི་ཨ་མདོའི་ས་ཁུལ་གྱི་གེ་སར་རྡུང་ལེན་འགྲན་ཚོགས་ཆེན་མོའི་དཔྱད་འདེམས་ཀྲུའུ་ཞིའི་འགན་འཁུར། 2007ལོའི་ཟླ9བར། ཀྲུང་གོའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུས་འགྲན་བསྡུར་མཛད་སྒོའི་རིག་རྩལ་སྤྲོ་ཚོགས་ཆེན་མོའི་སྟེང་དུ་ཆེད་ཞུས་འཁྲབ་སྟོན་བྱས། 2010ལོར་མཚོ་སྔོན་ཞིང་ཆེན་གྱི་གསེར་དངུལ་རྩྭ་ཐང་གི་ལ་གཞས་དུས་ཆེན་དང་བང་ལོ་པིན་གླུ་དབྱངས་སྒྱུ་རྩལ་ཡུལ་སྐོར་དུས་ཆེན་སྐབས་བཞི་བའི་སྟེང་དུ་ཆེད་ཞུས་འཁྲབ་སྟོན་བྱས། 2010ལོའི་ཟླ10བར། མདོ་སྨད་བླ་བྲང་ནས་བསྡུས་པའི2011ལོའི་ལོ་གསར་དགོང་ཚོགས་སུ་འཁྲབ་སྟོན་བྱས། 2010ལོའི་ཚངས་སྲས་གླུ་གར་ཁང་གིས་སྤེལ་བའི་ཀླུ་ཆུ་རྫོང་གི2011ལོའི་ལོ་གསར་དགོངས་ཚོགས་སུ་འཁྲབ་སྟོན་བྱས། 2011ལོའི་ཟླ8པའི་ཚེས7ཉིན་གྱི་ཐེམ་ཆེན་རྫོང་གི་དྲུག་པའི་རོལ་དབྱངས་དམངས་ཁྲོད་རིག་གནས་སྒྱུ་རྩལ་དུས་ཆེན་དུ་འཁྲབ་སྟོན་བྱས། 2011ལོའི་རྨ་ཆུའི་གེ་སར་རིག་གནས་རིག་རྩལ་འཁྲབ་སྟོན་སྐབས་ལྔ་བར་འཁྲབ་སྟོན་བྱས། 2011ལོའི་ཟླ8པའི་ཚེས16ཉིན་མཚོ་སྔོན་བོད་ཀྱི་རིག་གནས་ཐོན་ལས་གསར་སྤེལ་མཛད་སྒོའི་སྟེང་དུ་འཁྲབ་སྟོན་བྱས། 2011ལོའི་ཟླ8པའི་ཚེས20ཉིན། གངས་རིའི་གླུ་གར་གླིང་གི་རིག་རྩལ་སྤྲོ་ཚོགས་ཆེན་མོའི་སྟེང་དུ་འཁྲབ་སྟོན་བྱས། 2011ལོའི་བ་ཡན་ནོར་མཚོའི་མཆོད་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོའི་སྟེང་དུ་འཁྲབ་སྟོན་བྱས། 2011ལོའི་ཟླ8པར་སྐབས་བཞི་བའི་མདོ་ཁམས་ཡུལ་གྱི་གངས་ཆབ་ཟེགས་མའི་འགྱུར་ཁུགས་ཀྱི་རིག་རྩལ་སྤྲོ་ཚོགས་ཆེན་མོའི་སྟེང་དུ་འཁྲབ་སྟོན་བྱས། 2011ལོའི་ཟླ9བའི་ཚེས28ཉིན། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་ཁྲི་ག་རྫོང་གཉིས་ཀྱིས་མཉམ་སྒྲུབ་བྱས་པའི་གངས་ཆབ་་ཟེགས་མའི་འགྱུར་ཁུགས་སྤྲོ་ཚོགས་ཆེན་མོའི་སྟེང་དུ་འཁྲབ་སྟོན་བྱས། 2011ལོའི་ཟླ9བའི་ཚེས28ཉིན་གངས་སྒྲ་བརྙན་རིག་གནས་ལས་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པའི་གངས་སྒྲ་བརྙན་བོད་གཞས་བགྲོ་གླེང་ཚོགས་འདུ་སྐབས་དང་བོའི་སྟེང་དུ་ཞུགས། 2011ལོའི་ཟླ11པའི་ཚེས26ཉིན། མཐོ་སྒང་བུ་མོའི་སེམས་འདུན་དགོང་ཚོགས་ལ་ཞུགས། 2011ལོའི་ཟླ11པའི་་ཚེས28ཉིན། ཀླུ་ཐང་སྐལ་བཟང་འོད་ཟེར་ཚོགས་པ་དངོས་སུ་དབུ་བརྙེས་པའི་མཛད་སྒོ་བཀྲ་ཤིས་སྒོ་འབྱེད་རིག་རྩལ་སྤྲོ་ཚོགས་ཆེན་མོར་ཞུགས། 2012ལོའི་ཟླ2པའི་ཚེས12ཉིན། ཁམས་པའི་འཕྲིན་ལམ་གྱིས་ཁྲིན་ཏུ་ནས་བསྡུས་པའི2012ལོའི་བོད་ཀྱི་ལོ་གསར”དགའ་འཛོམས་ལོ་སར”ཅེས་པར་ཞུགས།
གཟེངས་རྟགས་དང་བྱ་དགའ་ཐོབ་པའི་སྐོར་ལ། 1981ལོར་ཀན་ལྷོ་ཁུལ་རིག་འཐུས་ཚོགས་པའི་གསར་རྩོམ་བྱ་དགའ་ཨང་དང་བོ་དང་ལས་ཞོར་གླུ་ལེན་ཨང་གཉིས་པའི་གཟེངས་རྟགས་ཐོབ། 1981ལོར་རྨ་ཆུ་རྫོང་ཨུ་དང་བཟོ་ཚོགས། རིག་གནས་ཅུས་བཅས་ཀྱི་མི་རིགས་རྡུང་ལེན་སྒྱུ་རྩལ་དར་སྤེལ་དང་འཁྲབ་སྟོན་བྱས་རྗེས་ཁྱད་འཕགས་ཅན་གྱི་བྱ་དགའ་ཐོབ། 1992ལོར། རྨ་ཆུ་རྫོང་དམངས་ཁྲོད་རྡུང་ལེན་པ་ཨང་དང་བོའི་བྱ་དགའ་ཐོབ། 2000ལོར་རྨ་ཆུ་རྫོང་འཕྲོད་བསྟེན་སྡེ་ཁག་གི་སྔོན་ཐོན་མི་སྒེར་གྱི་གཟེངས་རྟགས་ཐོབ། 2000ལོར་རྨ་ཆུ་རྫོང་གི2001ལོའི་ལོ་རིམ་གསོ་རིག་དཔྱད་རྩོམ་བྱ་དགའ་ཐོབ། 2001ལོར་ཀན་སུའུ་ཞིང་ཆེན་གྱི་ལྔ་བཟང་དཔལ་ཡོན་ཁྱིམ་ཚང་དུ་འདེམས། 2006ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཁུགས་དང་བོའི་རྨ་ཆུའི་གེ་སར་རྩོམ་རིག་བྱ་དགའ་ཐོབ། 2005ལོར་སི་ཁྲིན་གསེར་རྟ་རྫོང་གི་གསེར་རྟ་རྟགས་མའི་ཀྲུང་གོའི་བོད་རིགས་དམངས་གླུ་དགོང་ཚོགས་ཀྱི་རྗེས་དྲན་རྟགས་མ་ཐོབ། 2005ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཁུགས་དང་བོའི་གེ་སར་རྩོམ་རིག་བྱ་དགའ་ཐོབ། 2008ལོར་རྨ་ཆུ་རྫོང་གི་བོད་ཀྱི་རྡུང་ལེན་རིག་གནས་གསར་སྤེལ་དག་སྒྲིག་བྱ་བའི་སྔོན་ཐོན་བྱས་རྗེས་ཅན་གྱི་བྱ་དགའ་ཐོབ། 2009ལོར་ཀན་ལྷོ་ཁུལ་གྱི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བཞི་བཅུ་ལོན་པའི་རྩོམ་རིག་སྒྱུ་རྩལ་གྲུབ་འབྲས་བྱ་དགའ་ཐོབ། 2009ལོར་མདོ་ཁམས་ཡུལ་གྱི་རིག་རྩལ་སྤྲོ་ཚོགས་ཆེན་མོའི་རྗེས་དྲན་རྟགས་མ་ཐོབ། 2009ལོར་ཀན་ལྷོ་ཁུལ་ཀྱི་ཤམ་བྷ་ལའི་རང་སྒྲ་རིག་གནས་སྒྱུ་རྩལ་བའི་མཚན་སྙན་ཐོབ། 2009ལོར་ཀྲུང་དབྱང་རིག་གནས་པུའུ་ཡི་རྒྱལ་ཁབ་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་ལས་གཞིའི་བོད་ཀྱི་དམངས་གླུའི་ཚབ་མཚོན་རྒྱུད་འཛིན་པའི་མཚན་སྙན་ཐོབ། 2011ལོར་མདོ་ཁམས་ཡུལ་གྱི་གངས་ཆབ་ཟེགས་མའི་འགྱུར་ཁུགས་རིག་རྩལ་སྤྲོ་ཚོགས་ཆེན་མོའི་རྗེས་དྲན་རྟགས་མ་ཐོབ། 2011ལོར་གླིང་དཀར་འབྲོག་སྡེ་ཞེས་པའི་པར་ལེན་བརྩམས་ཆོས་ལ་མའོ་ཙེ་ཏུང་གི་ཡན་ཨན་བཞུགས་མོལ་ཚོགས་འདུའི་སྟེང་གི་གཏམ་བཤད་བཏོན་ནས་ལོ་འཁོར་རེ་བརྒྱད་ལོན་པའི་པར་ལེན་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ཁྲོད་དུ་བྱ་དགའ་ཨང་གསུམ་པ་དང་ཀན་ལྷོ་ཁུལ་ནས་གཟི་བརྗིད་དཔང་ཡིག་དང་དགའ་རྟགས་བྱིན། 2011ལོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་མཐོ་སྒང་བུ་མོའི་སེམས་འདུན་ཞེས་པའི་རིག་རྩལ་དགོངས་ཚོགས་ཁྲོད་དུ་བྱས་རྗེས་ཁྱད་པར་ཅན་གྱི་བྱ་དགའ་ཐོབ། 2011ལོར་རྨ་ཆུ་རྫོང་གི་ཕུལ་བྱུང་མི་སྣའི་གཟེངས་རྟགས་ཐོབ། དེ་ལས་གཞན2000ལོར་རྨ་ཆུ་རྫོང་གི་དམངས་ཁྲོད་རྡུང་ལེན་ཚོགས་པ་བཙུགས་པ་དང་། 2004ལོར་ཁོས་དབྱངས་གཙོ་སྒྲིག་བྱས་པའི་ཀན་ལྷོ་རྨ་ཆུའི་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་སྟེང་དུ་བོད་ཁམས་ནས་རྒྱ་ཆེས་ཆེ་བའི་མི་སྟོང་འདུས་པའི་སྟོང་ཁྲོལ་རྡུང་ལེན་གྱི་ལེ་ཚན་འཁྲབ་སྟོན་བྱས་ནས་རྡུང་ལེན་ལོ་རྒྱུས་ཀྱི་མཐོ་རླབས་གསར་བ་བསླངས། 2010ལོར་ལན་གྲུའུ་ནས་བསྡུས་པའི་ཀན་སུའུ་དམངས་ཁྲོད་རིག་གནས་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་མིའི་ཚོགས་འདུ་སྐབས་བཞི་བའི་སྟེང་དུ་སྐུ་ཞབས་དཔལ་མགོན་ཞིང་ཆེན་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པར་བསྐོས། །

About རྩོམ་སྒྲིག་པ།