ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གིས་ཐའེ་ཝན་བཙན་བཟུང་བྱ་རྒྱུར་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད་སྐོར་བརྗོད།

ཁ་སང་ཕྱི་ཚེས་ ༡༠ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་དམག་དོན་ཚོགས་ཆུང་ (Armed Services Committee) གི་ཉན་ཞིབ་ཅིག་གི་ཐོག ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ལྕམ་ཨེ་ཝི་རིལ་ཧེ་ནེ་སི་ (Avril Haines ) ཡིས། ཨ་རི་དངོས་སུ་ཐའེ་ཝན་གྱི་རྒྱབ་ལ་ལངས་ཏེ་དམག་འཁྲུག་ནང་ཞུགས་ནའང་རྒྱ་ནག་ངོས་ནས་ཐའེ་ཝན་རང་འོག་ཏུ་འཇུག་ཐུབ་རྒྱུར་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་འདུག

 

དེ་ཡང་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཆུང་ལ་ལྕམ་ཨེ་ཝི་རིལ་ལགས་ཀྱིས།་ ད་ལྟ་ནས་ཕྱི་ལོ་ ༢༠༣༠ བར་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་དེ་ཆུང་ཆུང་ཡིན་ནའང་། རྒྱ་ནག་གིས་ཨ་རིའི་དམག་གི་ཐེ་བྱུས་ཡོད་མིན་ལ་མ་ལྟོས་པར་ཐའེ་ཝན་ལ་བཙན་འཛུལ་བྱ་ཐུབ་རྒྱུར་འབད་བརྩོན་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ད་ལྟའི་ཆར་ཨ་རིའི་ཕྱོགས་ལ་རྒྱ་ནག་གིས་ཡུ་ཀེ་རེན་དང་ཨུ་རུ་སུའི་དམག་འཁྲུག་ལས་བསླབ་བྱ་ག་རེ་བླངས་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་དང་། ཡུ་ཀེ་རེན་གྱི་དམག་འཁྲུག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུ་ཀེ་རེན་ལ་རྒྱབ་སྐྱོར་བྱེད་ཕྱོགས་དེས། རྒྱ་ནག་གི་ཐའེ་ཝན་བཙན་འཛུལ་བྱེད་ཐབས་ཐད་ཤུགས་རྐྱེན་སྤྲོད་སྲིད་པ་ཞིག་ཡིན་སྐོར་བརྗོད་འདུག

 

ཉན་ཞིབ་ཐོག་ཨ་རིའི་རྒྱལ་སྲུང་གསང་བའི་ལས་ཁུངས་ཀྱི་འགན་འཛིན་དམག་དཔོན་སི་ཁོ་ཊི་ཌེ་ཝིཌ་བྷེ་རིར་ (Scott David Berrier ) ཡང་ཞུགས་ཏེ། ཁོང་སྒེར་གྱི་བསམ་ཚུལ་ལ་རྒྱ་ནག་གིས་ཐའེ་ཝན་དམག་འཁྲུག་བརྒྱུད་ནས་མིན་པར་ཞི་བའི་ཐོག་ནས་རིམ་པས་རང་ཁོངས་སུ་བསྡུ་སྲིད་པ་ཞིག་ཡིན་སྐོར་དང་། ད་ལན་ཐའེ་ཝན་ལའང་ཡུ་ཀེ་རེན་གྱི་དམག་འཁྲུག་ནས་མགོ་འཁྲིད་ཀྱི་གལ་གནད་དང་མཚོན་ཆ་རན་འཚམ་བཀོལ་སྤྱོད་བྱ་རྒྱུས་མཚོན་པའི་བསླབ་བྱ་གལ་ཆེན་ཐོབ་ཡོད་སྐོར་བརྗོད་ཡོད་འདུག

 

སྤྱིར་ཨ་རི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་འོག་ཐའེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཤིག་ཏུ་འདོད་ཀྱི་ཡོད་ནའང་། འདས་པའི་ལོ་ཤས་རིང་ནས་ཨ་རིས་ཐའེ་ཝན་ལ་རྒྱལ་སྲུང་གི་ཆེད་དུ་གོ་མཚོན་ཕོན་ཆེན་བཙོང་ཡོད་ལ། ཉེ་བའི་ཆར་རྒྱ་ནག་གཞུང་གི་གནོན་ཤུགས་དང་འཇིགས་སྐུལ་ལ་མ་འཛེམ་པར་ཨ་རིའི་གནད་ཡོད་མི་སྣ་རྣམས་དངོས་སུ་ཐའེ་ཝན་ལ་བསྐྱོད་དེ་ཡུལ་དེའི་ཆབ་སྲིད་མགོ་འཁྲིད་དང་ཐུག་འཕྲད་བྱས་ཡོད་ཅིང་། སྲིད་འཛིན་བྷའེ་ཌིན་མཆོག་གིས་ཀྱང་སྔ་རྗེས་སུ་ཐའེ་ཝན་ལ་རྒྱབ་སྐྱོར་གྱི་གསུང་བཤད་མང་པོ་གནང་བའི་རྐྱེན་གྱིས། ཐའེ་ཝན་དེ་ཨ་རི་དང་རྒྱ་ནག་དབར་གྱི་ཕྱི་འབྲེལ་གྱི་འགག་རྡོ་ལྟ་བུ་ཞིག་ལ་གྱུར་ཡོད་པ་རེད། དེ་བཞིན་ཉེ་བའི་ཆར་རྒྱ་ནག་ཕྱོགས་ནས་ཀྱང་ཐའེ་ཝན་ལ་གནོན་ཤུགས་དང་འཇིགས་སྐུལ་ཇེ་ཆེར་བཏང་སྟེ། འདི་ལོའི་ལོ་མགོར་རྒྱ་ནག་གིས་ཐའེ་ཝན་གྱི་རྒྱལ་སྲུང་མཁའ་ལམ་ཐོག་དམག་འཐབ་གནམ་གྲུ་བསྟུད་མར་བཏང་ཡོད་པ་མ་ཟད། ཐའེ་ཝན་ལ་བཙན་འཛུལ་ཆེད་དམག་མི་རྣམས་ལ་ཉིན་ལྟར་དམག་སྦྱོང་སྤྲོད་བཞིན་ཡོད་སྐོར་བསྒྲགས་ཡོད་པ་རེད།

 

དེ་ཡང་འདི་ལོའི་ཕྱི་ཟླ་ ༡ པོའི་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་པ་དེས་གསར་འགོད་པའི་བཅར་འདྲི་ཞིག་གི་སྟེང་། གལ་ཏེ་ཨ་རིའི་རྒྱབ་དཔུང་ཡོད་པའི་ཐའེ་ཝན་གྱི་མགོ་འཁྲིད་རྣམས་མུ་མཐུད་རང་བཙན་གྱི་ཕྱོགས་སུ་བསྐྱོད་པ་ཡིན་ན། དེས་ཨ་རི་དང་རྒྱ་ནག་དབར་ལ་དངོས་སུ་དམག་འཁྲུག་སློང་སྲིད་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད། ཨ་རིའི་ཕྱོགས་ནས་སྲིད་འཛིན་བྷའེ་ཌིན་འཛིན་སྐྱོང་གིས་ཐའེ་ཝན་ལ་རྒྱལ་སྲུང་གི་ནུས་པ་མཐོར་འདེགས་ཆེད་ཨ་རིའི་གོ་མཚོན་རྣམས་ཉོ་སྒྲུབ་བྱ་དགོས་པའི་སྐུལ་འདེད་གཏོང་བཞིན་ཡོད་པ་ལྟར། ཉེ་ཆར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ད་ལྟ་ཐའེ་ཝན་ལ་མཚོན་ན་རྒྱལ་སྲུང་དེ་ཆེས་གལ་འགངས་ཆེ་བ་ཡིན་པ་དང་། དེའི་ཆེད་དུ་ཐའེ་ཝན་ངོས་ནས་རྒྱ་ནག་དང་མི་འདྲ་བའི་རྒྱལ་སྲུང་ཐབས་ཇུས་ལག་བསྟར་བྱ་དགོས་པ་དང་། དེར་ཨ་རིའི་ངོས་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

 

སྤྱིར་ཨ་རི་དང་ཐའེ་ཝན་དབར་ལ་གཞུང་འབྲེལ་ཕྱི་སྲིད་འབྲེལ་ལམ་མེད་ནའང་། ཨ་རིས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་ངོས་འཛིན་བྱས་པའི་རྗེས། ཕྱི་ལོ་ ༡༩༧༩ ལོར་ཨ་རིའི་གྲོས་ཚོགས་གོང་འོག་གིས་ཐའེ་ཝན་འབྲེལ་ལམ་ཁྲིམས་ཡིག་ (Taiwan Relations Act) ཞེས་པ་ཞིག་གཏན་འབེབ་ཀྱིས་ཨ་རི་དང་ཐའེ་ཝན་གྱི་འབྲེལ་ལམ་བྱེད་ཕྱོགས་གཏན་འཁེལ་བྱས་ཡོད་ཅིང་། ཁྲིམས་ཡིག་དེའི་ནང་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱེད་སྐབས་ཨ་རི་ཐའེ་ཝན་གྱི་རྒྱབ་ལ་ལངས་ཏེ་དངོས་སུ་དམག་འཐབ་ནང་ཞུགས་དགོས་སྐོར་འཁོད་མེད་པར། གཙོ་བོ་ཨ་རིའི་ཕྱོགས་ནས་ཐའེ་ཝན་གྱི་རྒྱལ་སྲུང་ཆེད་མཐུན་འགྱུར་རོགས་རམ་བྱ་རྒྱུ་དང་། དེ་ཡང་གྲོས་ཚོགས་ཀྱི་མོས་མཐུན་ཡོད་པའི་ཐོག་ནས་མ་གཏོགས་སྲིད་འཛིན་རྐྱང་པས་ཐག་གཅོད་བྱ་མི་ཆོག་སྐོར་འཁོད་ཡོད་པ་རེད།

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།