ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།

ད་ལམ་ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཛད་འཕྲིན་ཉིན་ལྔའི་རིང་སྐྱོང་སྐབས་རྒྱ་གར་སི་ཨན་ཨན་གསར་འགྱུར་བརྙན་འཕྲིན་ཁང་ (CNN-IBN) གི་ལས་རིམ་གཙོ་སྐྱོང་བ་ཀ་རན་ཐ་པར་གྱིས་ྋགོང་ས་མཆོག་ལ་སྐར་མ་བཅོ་བརྒྱད་དང་ཕྱེད་ཀའི་རིང་བཅར་འདྲི་ཞུས་པ་དང་བཀའ་ལན་སྩལ་བ་བཅས་བོད་ཡིག་ཐོག་ཕབ་སྒྱུར་ཞུས་པ།

 

བཀའ་འདྲི། དང་ཐོག་སྐུ་ཉིད་ཀྱི་སྐོར་བཀའ་འདྲི་ཞུ་རྒྱུར། ད་ལོའི་ལོ་འགོར་སྐུ་ཉིད་དགུང་གྲངས་ ༧༥ ཕེབས་པ་དང་། ངས་ཤེས་རྟོགས་བྱུང་བར་གཞིགས་ན་སྐུ་ཉིད་བགྲེས་ཡོལ་དུ་ཕེབས་རྒྱུའི་སྐོར་གསུང་གི་ཡོད་འདུག སྐུ་ཉིད་དངོས་གནས་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་པ་བཞེས་ཀྱི་ཡོད་དམ།

 

བཀའ་ལན། དེ་རེད། ཕྱི་ལོ་ ༢༠༠༡ ལོ་ནས་ང་ཚོར་འོས་འདེམས་བྱས་པའི་སྲིད་དོན་གྱི་འགོ་ཁྲིད་ཅིག་ཐོན་ཡོད། དེ་ནས་བཟུང་ལོ་རྒྱུས་ཐོག་མི་ལོ་ ༤༠༠ ལྷག་ཙམ་སོང་བའི་ཆོས་སྲིད་གཉིས་ལྡན་གྱི་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་མེད་པ་ལྟ་བུ་ཆགས་པ་དང་། ངོས་ཀྱི་གནས་སྟངས་ཀྱང་ཕྱེད་རྒས་ཡོལ་ལྟ་བུར་གྱུར་ཏེ། གལ་གནད་ཆེ་བའི་བྱེད་སྒོ་ཁག་ཐག་གཅོད་བྱེད་དབང་འོས་འདེམས་བྱས་པའི་ད་ལྟའི་སྲིད་དོན་གྱི་འགོ་ཁྲིད་དེའི་ལག་ཏུ་ཡོད། དེར་བརྟེན་ངོས་ཀྱི་བསམ་པར་མང་གཙོའི་ལམ་ལུགས་ཆ་ཚང་བེད་སྤྱོད་ཡོང་བ་ལ་ངོས་ཀྱིས་སྲིད་དོན་གྱི་ལས་དོན་རིགས་ལ་ཐེ་གཏོགས་མ་བྱས་ན་ལེགས་པ་དྲན་གྱི་ཡོད། འོན་ཀྱང་དེ་མིན་གྱི་ལས་དོན་གཞན་དཔེར་ན་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་ཐབས་དང་། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་འཕེལ་གཏོང་རྒྱུ་བཅས་ངོས་ནས་འགན་འཁུར་མུ་མཐུད་བླང་བཞིན་ཡོད། ངོས་རང་རྒས་ཡོལ་བྱ་རྒྱུའི་བསམ་བློ་གཏོང་གི་ཡོད།

 

བཀའ་འདྲི། སྐུ་ཉིད་དུས་ཚོད་གང་ཞིག་ལ་བགྲེས་ཡོལ་ཕེབས་རྒྱུའི་ཐུགས་འདུན་ཡོད་དམ།

བཀའ་ལན། དུས་ཚོད་གཏན་འཁེལ་མེད། དང་ཐོག་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཚོགས་ལ་དམིགས་དོན་འདི་སྐོར་གྲོས་བསྡུར་བྱེད་དགོས་ཤིང་། འདི་སྐོར་ཁོང་ཚོར་རོབ་ཙམ་བརྗོད་ཟིན་པ་ཡིན།

 

བཀའ་འདྲི། དེ་ལྟར་ཁོང་ཚོར་བཀའ་བསྡུར་གནང་ནས་དུས་ཚོད་གཏན་འཁེལ་གནང་རྒྱུ་ཡིན་ནམ།

བཀའ་ལན། དེ་རང་ཡིན།

 

བཀའ་འདྲི། དེ་དག་དུས་ཚོད་ག་དུས་ཡོང་རྒྱུ་ཡིན་ནམ།

བཀའ་ལན། ངོས་ཀྱི་བསམ་པར་ཕལ་ཆེར་ཟླ་བ་དྲུག་གི་ནང་ཡོང་སྲིད་པ་རེད་སྙམ་གྱི་ཡོད།

 

བཀའ་འདྲི། དེས་ན་ཟླ་བ་དྲུག་གི་ནང་ཚུད་སྐུ་ཉིད་བགྲེལ་ཡོལ་གནང་འཆར་ཡོད་དམ།

བཀའ་ལན། དེ་ལྟར་མ་རེད། དང་ཐོག་ངོས་ནས་དེ་སྐོར་གྲོས་བསྡུར་བྱེད་དགོས་པ་ཡིན།

 

བཀའ་འདྲི། སྐུ་ཉིད་ཀྱི་དགོངས་པར་བགྲེས་ཡོལ་ག་དུས་གནང་རྒྱུ་ཡིན་ནམ།

བཀའ་ལན། དེ་ངས་ཤེས་ཀྱི་མེད། གཅིག་བྱས་ན་ཟླ་བ་ཁ་ཤས་རྗེས་ཡོང་སྲིད་དྲན་གྱི་འདུག

 

བཀའ་འདྲི། གལ་འགངས་ཆེ་བའི་གནད་དོན་ནི་སྐུ་ཉིད་བགྲེས་ཡོལ་གནང་རྗེས་གནས་ཚུལ་གང་འདྲ་ཞིག་ཡོང་རྒྱུ་ཞེས་པ་དེ་རེད། སྐུ་ཉིད་ནས་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་སྐུ་ཉིད་མེད་པ་ཆགས་རྗེས་མཇུག་བསྒྲིལ་སྲིད་པའི་སྐོར་དེ་སྔོན་ཐེངས་གཅིག་གཉིས་ཙམ་བཀའ་གནང་འདུག

བཀའ་ལན། དེ་ག་རང་རེད།

 

བཀའ་འདྲི། ད་ལྟའི་ཆར་སྐུ་ཉིད་ག་རེ་དགོངས་ཀྱི་ཡོད་དམ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་ཕེབས་རྒྱུ་ཡིན་དང་། ཡང་ན་ད་ལྟའི་སྐུ་ཐོག་འདི་ཐ་མ་ཡིན་ནམ།

བཀའ་ལན། གལ་སྲིད་ངོས་རང་ལོ་ཁ་ཤས་རྗེས་འཆི་བའི་གནས་ཚུལ་བྱུང་ཚེ་སྐབས་དེར་བོད་མིས་གཙོས་པའི་སོག་པོ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་བཅས་ཀྱིས་གལ་སྲིད་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་དགོས་ངེས་མཐོང་ཚེ་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅོ་ལྔ་པ་ཡོང་ངེས་ཡིན། ཡང་ལོ་ཉི་ཤུའམ་སུམ་ཅུའི་རྗེས་སུ་ང་ཚོ་རང་ཡུལ་ལ་ཕྱིར་ལོག་ཐུབ་པ་བྱུང་སྟེ་གནས་སྟངས་ཞི་འཇགས་ལྟ་བུ་བྱུང་བའི་དུས་སུ་བོད་མི་བརྒྱ་ཆ་མང་བས་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་དགོས་ཕན་མེད་པ་མཐོང་ན་རང་བཞིན་གྱིས་མེད་པ་ཆགས་རྒྱུ་རེད།

 

བཀའ་འདྲི། གཙོ་གནད་བཀའ་འདྲི་ཞུ་རྒྱུ་ཞིག་ལ་སྐུ་ཉིད་ཀྱི་སྐུ་ཕྲེང་རྗེས་མ་དེ་ངོས་འཛིན་ཇི་ལྟར་བྱས་ནས་ཞུ་རྒྱུ་ཡིན་ནམ། ད་ལྟའི་གནས་སྟངས་ལ་བོད་དེ་རྒྱ་ནག་གི་དབང་འོག་ཏུ་ཡོད་པ་དང་། རྒྱ་ནག་གཞུང་ནི་ཏཱ་ལའི་བླ་མའི་སྒྲིག་འཛུགས་ལ་བརྩེ་ཞེན་མེད་པ་རེད།

བཀའ་ལན། དེ་འདྲ་མ་རེད། དེའི་ཐད་ངོས་ཀྱི་བསམ་པར་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་སེམས་འཚབ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ངོས་ཀྱི་བསམ་པར་ཁོང་ཚོ་ནི་ངའི་ཡང་སྲིད་སྐོར་ལ་ང་ལས་སེམས་འཚབ་ཆེ་བ་བྱེད་མཁན་ཞིག་རེད།

 

བཀའ་འདྲི། སྐུ་ཉིད་ཀྱིས་ཏཱ་ལའི་བླ་མའི་ཡང་སྲིད་དེ་སྲོལ་རྒྱུན་ལྟར་ངོས་འཛིན་ཞུ་དགོས་དགོངས་ཀྱི་ཡོད་དང་། ཡང་ན་ད་ལྟའི་འགྲོ་སྟངས་ཀྱི་ལམ་ལུགས་ལ་འགྱུར་བ་གཏོང་དགོས་དགོངས་ཀྱི་ཡོད་དམ།

བཀའ་ལན། དེ་ནི་བོད་རྒྱ་ཆེའི་མི་མང་གིས་ཐག་གཅད་རྒྱུ་ཞིག་རེད། ལོ་མང་པོའི་སྔོན་ངོས་ཀྱིས་གསལ་པོ་བཟོས་ཡོད། གལ་སྲིད་བོད་མིའི་གྲངས་འབོར་བརྒྱ་ཆ་མང་བས་ད་ལྟའི་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་དགོས་ངེས་མཐོང་ཚེ་དེ་མཚམས་གཞི་ནས་དྲི་བ་གཉིས་པ་ཏཱ་ལའི་བླ་མའི་ཡང་སྲིད་སྲོལ་རྒྱུན་ལྟར་རམ་ཡང་ན་དེ་མིན་ཐབས་ལམ་གསར་པ་ཞིག་གི་ཐོག་ནས་ངོས་འཛིན་རྒྱུ་ཡིན་མིན་སྐོར་གྱི་སྐད་ཆ་འདི་སླེབས་རྒྱུ་རེད། དེ་དག་ཚང་མ་ངོས་ཀྱིས་ལོ་ཉི་ཤུ་སུམ་ཅུའི་སྔོན་ནས་ཡོངས་བསྒྲགས་བྱས་ཟིན་པ་ཡིན།

 

བཀའ་འདྲི། མི་མང་པོ་ཞིག་གི་བསམ་པར་སྐུ་ཉིད་ཀྱིས་ད་ལྟའི་གནས་བབ་ལ་དགོངས་པ་བཞེས་ནས་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་དེ་སྐུ་ཉིད་སྐུ་འཚོ་བཞུགས་སྐབས་བསྐོ་གཞག་ཐག་གཅོད་གནང་རྒྱུ་གལ་ཆེར་མཐོང་ན། སྐུ་ཉིད་ལ་དེ་ལྟར་གནང་རྒྱུའི་གྲ་སྒྲིག་ཡོད་དམ།

བཀའ་ལན། ངོས་ཀྱི་བསམ་པར་ད་ལྟའི་གནས་སྐབས་ལ་ཏཱ་ལའི་བླ་མའི་སྐྱེ་ཕྲེང་རྗེས་མའི་གནད་དོན་སྐོར་ལ་བྲེལ་བ་བྱེད་དགོས་དོན་མེད། ངོས་རང་ད་ལྟ་གཟུགས་པོ་བདེ་ཐང་ཡོད། དེར་བརྟེན་ལོ་བཅོ་ལྔ་ཉི་ཤུའི་རིང་སྒུག་ཆོག་གི་རེད། དེ་ནས་རིམ་པས་བལྟ་ཆོག་གི་རེད་ང་ཚོ་བཙན་བྱོལ་ནང་གནས་པའི་རིང་སྲིད་ཕྱོགས་ཀྱི་ཆ་ནས་ལོ་ལྔ་རེའི་མཚམས་འོས་འདེམས་ཀྱི་ལམ་ནས་སྲིད་དོན་གྱི་འགོ་ཁྲིད་འདེམས་ཀྱི་ཡོད། དེ་ནས་ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ན། ས་དགེ་བཀའ་རྙིང་བོན་དང་བཅས་པའི་ཆོས་ལུགས་འདྲ་མིན་རྣམས་རྩ་བ་བརྟན་པོ་ཡོད་པ་དང་། དེ་དག་རྒྱུན་འཛིན་བྱེད་མཁན་གྱི་གཞོན་སྐྱེས་ཀྱང་ཧྲ་ཏག་ཏག་ཡོད་པར་བརྟེན། དེའི་ཐད་ང་ལ་སེམས་ཁྲལ་གང་ཡང་མེད།

 

བཀའ་འདྲི། འོན་ཀྱང་སྐུ་ཉིད་ཀྱི་བཀའ་ལན་རྣམས་ནས་ག་རེ་ཤེས་རྟོགས་བྱུང་ཞེ་ན། སྐུ་ཉིད་ཀྱིས་གང་གི་ཡང་སྲིད་བསྐོ་གཞག་གནང་འདོད་མེད་པ་ཤེས་རྟོགས་བྱུང་། སྐུ་ཉིད་ཀྱིས་དེའི་ཐད་ཐེ་གཏོགས་གནང་རྒྱུ་མེད་པ་དགོངས་ཀྱི་འདུག་གམ། ངས་གོ་བ་ལེན་ཕྱོགས་དེ་འགྲིག་འདུག་གམ།

བཀའ་ལན། དེ་ལྟར་མ་རེད། གལ་སྲིད་བོད་མི་མང་གིས་ད་ལྟའི་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་གནས་འདོད་བྱེད་ཀྱི་ཡོད་ན། ངོས་རང་འཆི་བའམ་ཡང་ན་ལོ་ན་ཆེས་རྒས་པའི་དུས་སུ་སླེབས་སྐབས་དགོས་གལ་བྱུང་ན་ཕལ་ཆེར་ཏཱ་ལའི་བླ་མའི་ངོ་ཚབ་ལྟ་བུ་ཞིག་འདམ་ཆོག་གི་རེད། དེ་ལ་མིང་གང་འདྲ་ཞིག་འདོགས་དགོས་མིན་ངས་ཤེས་ཀྱི་མེད། ངོས་རང་གསོན་པོར་གནས་ཤིང་ཆེས་རྒས་པོ་ཆགས་པའི་དུས་སུའང་ངོས་ཀྱིས་ད་བར་འགན་འཁུར་བླང་བཞིན་པའི་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་ཐབས་དང་། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་གཏོང་ཐབས་དེ་དག་ངོས་རང་མ་འཆི་བར་འགན་འཁུར་བླང་རྒྱུའི་དམ་བཅའ་ཡོད་པ་བཞིན་མུ་མཐུད་རྒྱུན་འཛིན་སླད་དགོས་གལ་བྱུང་མཚམས་ངོས་ཀྱི་ངོ་ཚབ་ཀྱིས་ཏཱ་ལའི་བླ་མའི་མིང་འཁྱེར་ཏེ་ལས་དོན་བསྒྲུབ་སྲིད་པ་ཡིན།

 

བཀའ་འདྲི། གལ་སྲིད་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་དེ་སྲོལ་རྒྱུན་བཞིན་ངོས་འཛིན་ཞུ་རྒྱུ་ཡིན་ཚེ་ཡང་སྲིད་དེ་བོད་ཀྱི་ས་ཁུལ་གཅིག་པུའི་ནང་ནས་ངོས་འཛིན་གནང་རྒྱུ་ཡིན་དང་། ཡང་ན་བཙན་བྱོལ་བོད་མིའི་ཁྲོད་ནས་ངོས་འཛིན་གནང་ཆོག་པ་ཡིན།

བཀའ་ལན། དེ་དག་ངོས་ཀྱིས་ལོ་མང་པོའི་སྔོན་ནས་གསལ་པོ་བཟོས་ཟིན་པ་ཡིན། གལ་སྲིད་ང་ཚོ་བཙན་བྱོལ་ལ་གནས་པའི་རིང་ངོས་རང་འཆི་བའི་གནས་སྟངས་བྱུང་ཚེ་ངོས་ཀྱི་ཡང་སྲིད་དེ་བོད་ཀྱི་ཕྱི་ལོགས་སུ་ཡོང་རྒྱུ་ཡིན་པ་གཏན་འཁེལ་བ་ཡིན། དེ་ཡང་ཡང་སྲིད་ཡོང་བའི་དགོས་དམིགས་གཙོ་བོ་ནི་སྐུ་ཐོག་གོང་མས་བརྩམས་པའི་ལས་ཀའི་མཇུག་བསྐྱང་རྒྱུ་ཡིན་པར་བརྟེན། ངོས་ཀྱི་ཡང་སྲིད་དེས་ཀྱང་ངོས་ཀྱིས་འགོ་བརྩམས་པའི་ལས་ཀ་མུ་མཐུད་མཇུག་སྐྱོང་བྱེད་དགོས་པ་ཡིན། དེས་ན་ངོས་ཀྱི་ཡང་སྲིད་བོད་ཀྱི་ཕྱི་ཕྱོགས་ཡོང་རྒྱུ་གཏན་འཁེལ་བ་ཚད་མས་གྲུབ་པ་ཡིན།

 

བཀའ་འདྲི། བྱས་ན་སྐུ་ཉིད་ཀྱི་ཡང་སྲིད་བོད་ཀྱི་ཕྱི་ལ་འཁྲུངས་རྒྱུ་གཏན་འཁེལ་ཡིན་ནམ།

བཀའ་ལན། དེ་རང་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་གཞན་ཞིག་ངོས་འཛིན་བྱེད་སྲིད་པ་རེད། དེ་ཡང་ད་ལྟའི་ཆར་ྋཔཎ་ཆེན་རིན་པོ་ཆེ་གཉིས་ཡོད་པ་ལྟ་བུ་ཡིན། རྒྱ་ནག་གཞུང་གིས་ངོས་ལེན་ཡོད་པའི་ྋཔཎ་ཆེན་གཅིག་དང་། དེ་མིན་གཞན་ཞིག་ཡོད། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་ྋཔཎ་ཆེན་དེར་བོད་མི་བརྒྱ་ཆ་ ༨༠།༩༠ བར་གྱིས་ངོས་ལེན་བྱེད་ཀྱི་མེད། ལྷག་པར་རྒྱ་རིགས་མང་པོས་ངོས་ལེན་བྱེད་ཀྱི་མེད། ཁོང་ཚོས་རྒྱ་སྐད་ནང་ཅཱ་པཎ་ཆེན། ཞེས་པཎ་ཆེན་རྫུན་མ་བརྗོད་ཀྱི་ཡོད།

 

བཀའ་འདྲི། སྐུ་ཉིད་ཀྱི་སྐུ་ཕྲེང་རྗེས་མའི་སྐོར་མུ་མཐུད་བཀའ་འདྲི་གཞན་ཞིག་ཞུ་རྒྱུར། ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་དེ་ངེས་པར་དུ་བུ་ཡིན་དགོས་སམ། ངས་ཉེ་ཆར་སྐུ་ཉིད་ཀྱིས་ཀྲོ་རོན་ཀྲོར་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་དེ་བུད་མེད་ཡོང་སྲིད་ཀྱི་རེད་ཅེས་ཞལ་ཤོབ་གནང་བ་ཞིག་ཐོས་བྱུང་། སྐུ་ཉིད་ཀྱིས་དེ་ལྟར་དངོས་གནས་གསུངས་པ་ཡིན་ནམ་ཡང་ན་སྐུ་རྩེད་གནང་བ་ཡིན།

བཀའ་ལན། དེ་དངོས་གནས་རེད། འདི་གནས་ཚུལ་གསར་པ་གང་ཡང་མ་རེད། དྲི་བ་འདི་ངོས་ལ་ལོ་ཉི་ཤུ་ལྷག་ཙམ་གྱི་གོང་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཡོད་སྐབས་དྲིས་པ་ཞིག་དྲན་གྱི་འདུག དེ་ཡང་བུད་མེད་ཀྱི་དུས་དེབ་ཅིག་གི་ནང་ངོས་ཀྱི་སྐོར་རྩོམ་ཡིག་ཅིག་འགོད་རྒྱུ་དེའི་སྐབས་དྲི་བ་དེ་ཐོག་མར་སླེབས་བྱུང་། སྐབས་དེར་ངོས་ཀྱིས་དེ་ལྟར་སྲིད་པ་རེད་ཅེས་བརྗོད་ཡོད། གལ་ཏེ་བུད་མེད་ཀྱི་ཡང་སྲིད་ཀྱིས་ནང་པ་སངས་རྒྱས་པའི་བསྟན་པར་ཞབས་འདེགས་ཕན་རླབས་ཆེ་བ་ཞིག་དང་། ནུས་པ་ཆེ་བ་ཞིག་ཞུ་ཐུབ་པའི་གནས་སྟངས་ཤིག་ཆགས་པ་ཡིན་ན་དེ་ལྟར་བྱུང་སྲིད་པ་རེད་ཅེས་བཤད་ཡོད། དེ་ནས་ངོས་ཀྱིས་རྩེད་མོ་དང་སྦྲགས་ནས་ཚིག་ཁ་སྣོན་བྱས་པར། གལ་སྲིད་བུད་མེད་ལ་ཡོང་ན་བུད་མེད་དེ་རྣམ་པ་ཤིན་ཏུ་མཛེས་པོ་ཞིག་ཡོང་རྒྱུ་ཡིན་ཞེས་བརྗོད་དེ་བཞད་གད་ཕྲན་བུ་བསླངས་ཡིན། འོན་ཀྱང་ངོས་ཀྱི་བསམ་པར་བོད་ཀྱི་ནང་པའི་ཆོས་ལུགས་ནང་བུད་མེད་ཀྱི་ཚད་མཐོའི་ཡང་སྲིད་རིགས་འདས་པའི་ལོ་བདུན་བརྒྱ་བརྒྱད་བརྒྱའི་གོང་ནས་བྱུང་མྱོང་ཡོད་པ་རེད།

 

བཀའ་འདྲི། བོད་མི་མང་གིས་ཀྱི་ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་ཅིག་ངོས་འཛིན་ཞུ་རྒྱུར་སྐུ་ཉིད་ལ་ཡིད་ཆེས་ཡོད་དམ། དགོངས་ཚུལ་དེ་ལ་འགོག་རྒོལ་ཡོང་གི་མ་རེད་དམ།

བཀའ་ལན། ངོས་ཀྱིས་དེ་འདྲ་ཡོང་གི་རེད་དྲན་གྱི་མེད། ད་བར་ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་བྱུང་མེད་སྟབས་མི་འགའ་ཤས་ལ་ཏན་ཏན་ཡ་མཚན་ཕྲན་བུ་ཡོང་སྲིད། འོན་ཀྱང་གཏིང་ཟབ་པོའི་ཐོག་ནས་བཤད་ན། ཆོས་ཕྱོགས་ཀྱི་ཐོག་ནས་ངོས་དང་འཕགས་མཆོག་སྤྱན་རས་གཟིགས་ལས་འབྲེལ་ཤིན་ཏུ་ཟབ་པོ་ཡོད་པར་བརྟེན་གལ་ཏེ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བུད་མེད་ཀྱི་ཡང་སྲིད་དགེ་ཕན་ཆེ་བ་གཟིགས་ཚེ་རྟགས་མཚན་གཞན་དང་མི་འདྲ་བའི་བེུད་ཅིག་ཡོང་རྒྱུ་ཡིན། དེ་ལ་བོད་མི་མང་ཆེ་བས་ངོས་ལེན་ཞུ་གི་རེད།

 

བཀའ་འདྲི། ྋགོང་ས་མཆོག ང་ཚོས་སྐུ་ཉིད་ཀྱི་ཡང་སྲིད་གང་འདྲ་ཞིག་ཕེབས་རྒྱུ་དང། ངོས་འཛིན་ཇི་ལྟར་ཞུ་མིན་སྐོར་བཀའ་མོལ་ཞུ་གི་ཡོད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་དེ་དག་ད་ལྟའི་ཆར་ངེས་གཏན་གང་ཡང་མེད་པའི་གནས་སྟངས་ཤིག་ཏུ་ལུས་ཡོད་པ་རེད། དེ་ལྟར་ནའང་སྐུ་ཉིད་དགུང་གྲངས་ ༧༥ ཕེབས་ཡོད་པ་དང། གང་གི་ཡང་སྲིད་ནི་བོད་ཀྱི་རྩ་དོན་ཐོག་གལ་གནད་ཤིན་ཏུ་ཆེན་པོ་ཆགས་ཡོད། དེར་བརྟེན་སྐུ་ཉིད་ཀྱིས་ད་ལྟའི་ངེས་མེད་ཀྱི་གནས་ཚུལ་འདི་འགྲིག་གི་ཨེ་ཡོད། ངེས་མེད་ཀྱི་གནས་ཚུལ་འདི་སྐུ་ཉིད་ཀྱིས་སེལ་མི་དགོས་སམ།

བཀའ་ལན། ངོས་ཀྱིས་བསམ་པར། གལ་སྲིད་ངོས་རང་འཆི་བའི་གནས་ཚུལ་བྱུང་བ་ཡིན་ན། དེས་གནས་སྐབས་རིང་དཀའ་ངལ་འཕྲད་རྒྱུ་ཡིན་པ་རང་བཞིན་གྱི་ཆོས་ཉིད་རེད། འོན་ཀྱང་གཞི་རྩའི་ཆ་ནས་བོད་ནང་གི་མི་མང་ཚོ་ཆོད་སེམས་ཧ་ཅང་བརྟན་པོ་ཡོད་པ་དང་། འདི་ཕྱོགས་བཙན་བྱོལ་བོད་མིའི་ཁྲོད་དུའང་ང་ཚོས་ཆོས་སྲིད་གཉིས་ལྡན་གྱི་སྒྲིག་འཛུགས་ཤིག་བཙུགས་ཡོད་པ་བཅས་དེ་དག་ནི་ད་ལྟ་ནས་ང་ཚོས་གྲ་སྒྲིག་ཡག་པོ་བྱས་པ་ཞིག་ཡིན་པས་དཀའ་ངལ་ཡོང་གི་མ་རེད་སྙམ།

 

བཀའ་འདྲི། ད་ལྟའི་ཆར་སྐུ་ཉིད་དགུང་ལོ་ ༧༥ ཕེབས་ཡོད་པ་དང་། འདས་པའི་ལོ་ ༥༠ བརྒལ་བའི་རིང་སྐུ་ཉིད་བོད་ལ་ཕེབས་ཐུབ་མེད། མ་འོངས་པར་བོད་ལ་ཕེབས་ཐུབ་པ་དགོངས་ཀྱི་ཡོད་དམ།

བཀའ་ལན། དེ་ལྟར་འགྲོ་ཐུབ་ཀྱི་རེད་དྲན་གྱི་འདུག གང་ཡིན་ཟེར་ན། ང་ཚོ་བོད་ཀྱི་དཀའ་རྙོག་འདི་མི་མང་ནང་འཁྲུག་གི་དཀའ་རྙོག་ཅིག་ཡིན་ན་འགྲོ་ཐུབ་རྒྱུ་ཁག་པོ་ཡིན། འོན་ཀྱང་བོད་ཀྱི་དཀའ་རྙོག་འདི་རྒྱ་ནག་ཕྱོགས་ཀྱིས་བཟོས་པའི་དཀའ་རྙོག་ཅིག་དང་། དེ་ཡང་རྒྱ་ནག་གཞུང་གིས་བཟོས་པ་ལས་རྒྱ་ནག་མི་མང་གིས་བཟོས་པ་ཞིག་མིན། ད་དུང་རྒྱ་ནག་གི་འགོ་ཁྲིད་ཚོའི་ནང་བསམ་འཆར་མི་མཐུན་པ་ཡོད་པ་རེད། གལ་སྲིད་ལྟ་བ་མཁྲེགས་འཛིན་བྱེད་མཁན་རྒྱ་ནག་གི་འགོ་ཁྲིད་ཚོའི་བསམ་བློར་འགྱུར་བ་ཕྱིན་ན་ཉི་མ་ཁ་ཤས་ནང་བོད་ཀྱི་དཀའ་རྙོག་དེ་སེལ་ཐུབ་པ་ཡོང་རྒྱུ་ལས་དཀའ་ངལ་མེད།

 

བཀའ་འདྲི། བྱས་ན་སྐུ་ཉིད་སླར་བོད་ལ་ཕེབས་ཐུབ་རྒྱུར་གདེང་ཚོད་ཡོད་དམ།

བཀའ་ལན། དེ་ལྟར་ཡོད།

 

བཀའ་འདྲི། གལ་སྲིད་སྐུ་ཉིད་བོད་ལ་ཆིབས་བསྒྱུར་གནང་མ་ཐུབ་གོང་སྐུ་ཚེ་མ་བརྟན་པ་ཡིན་ན་སྐུ་ཉིད་ཐུགས་ཕམ་ངང་དགོངས་པ་རྫོགས་པའི་གནས་ཚུལ་ཡོང་རྒྱུ་མ་རེད་དམ།

བཀའ་ལན། དེ་ལྟར་བློ་ཕམ་བྱེད་དགོས་དོན་མེད། ངོས་རང་དགེ་སློང་ཞིག་ཡིན་པའི་ཆ་ནས་དངོས་ཡོད་གནས་ཚུལ་ལ་ཆུང་ས་ནས་བཤད་ན་སོ་སོའི་ཁྱིམ་ཚང་དང་། ཆེ་ས་ནས་བཤད་ན་སོ་སོའི་ལུང་པར་ཆགས་ཞེན་མེད་པ་ཞིག་དགོས་པ་ཡིན། གལ་ཆེ་ཤོས་སོ་སོའི་ཉིན་རེའི་མི་ཚེ་སྐྱེལ་སྟངས་དེ་དོན་སྙིང་ལྡན་པ་ཞིག་དགོས་པ་ཡིན། དེར་བརྟེན། ངོས་རང་ད་བར་བཙན་བྱོལ་དུ་ལོ་ ༥༡ སྡོད་རིང་རྒྱ་གར་གཞུང་དང་མི་མང་། དེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་བཅས་པའི་ནང་གྲོགས་པོ་མང་པོ་ཞིག་ཡོད། ངོས་ཀྱིས་མི་སྒེར་སོ་སོའི་སེམས་ནང་ཞི་བདེ་སྐྲུན་ཐབས་དང་། དེ་བཞིན་ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་ཐབས་བཅས་ལ་ཞབས་འདེགས་མི་དམན་ཙམ་བསྒྲུབས་ཐུབ་ཡོད་པ་དེ་དག་ལ་ངོས་རང་དགའ་ཚོར་ཆེན་པོ་ཡོང་གི་འདུག

 

བཀའ་འདྲི། ྋགོང་ས་མཆོག ད་བོད་ཀྱི་ད་ལྟའི་གནས་སྟངས་སྐོར་ཁ་ཕྱོགས་སྒྱུར་ནས་ཞུ་ན། ཟླ་བ་སྔོན་མའི་ནང་གསར་འགྱུར་ཐོན་པར་གཞིགས་ན། རྒྱ་ནག་གཞུང་གིས་བོད་ཀྱི་སློབ་གྲྭ་ཁག་ནང་བོད་ཀྱི་སྐད་ཡིག་ཐད་དམ་དྲག་བྱེད་ཀྱི་ཡོད་ཚུལ་དང་། ལྷག་པར་བོད་རང་དབང་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། སློབ་ཚན་ཁག་ཚང་མ་རྒྱ་ཡིག་ཐོག་སློབ་རྒྱུ་དང་། སློབ་དེབ་ཡོངས་རྫོགས་རྒྱ་ཡིག་ཐོག་བསྒྱུར་རྒྱུ་ཡིན་པར་བརྟེན་བོད་ཀྱི་སྐད་ཡིག་དེ་འཆར་གཞི་ལྡན་པའི་སྒོ་ནས་རྩ་མེད་བཟོ་རྒྱུའི་ངན་བྱུས་སྤེལ་གྱི་ཡོད་ཚུལ་བརྗོད་འདུག་པ་དེའི་ཐད་སྐུ་ཉིད་ལ་དགོངས་ཚུལ་གང་ཡོད་དམ།

བཀའ་ལན། ཕྱི་ལོ་ ༡༩༨༦ ལོར་ྋཔཎ་ཆེན་རིན་པོ་སྐུ་གོང་མ་དང་། ང་ཕོད་གཉིས་ཀྱིས་འགོ་ཁྲིད་པའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་ཞིག་གི་ཐོག་ཕྱི་ལོ་ ༡༩༨༧ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་གཞུང་འབྲེལ་སྐད་ཡིག་བོད་ཀྱི་སྐད་ཡིག་གིས་བྱེད་དགོས་རྒྱུའི་ཐག་གཅོད་བྱས་ཡོད། འོན་ཀྱང་དེ་རྗེས་སྐད་ཆ་དེ་དག་རྦད་དེ་འཇའ་ཡལ་བ་རེད། དེ་རྗེས་རྒྱ་ནག་གཞུང་གི་ལྟ་བ་མཁྲེགས་འཛིན་པ་རྒྱ་དཔོན་ཁྲེན་ཁུའི་ཡོན་བོད་རང་སྐྱོང་ལྗོངས་དམར་པོ་ཚོགས་པའི་དྲུང་ཆེ་བྱེད་པར་ལྷ་སར་སླེབས་ཡོད། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་ཚོགས་འདུ་ཞིག་གི་ཐོག་ཁོ་པས་བོད་དེ་མེས་རྒྱལ་ཁྱིམ་ཚང་ཆེན་པོ་ནས་ལོགས་སུ་ཁ་བྲལ་འགྲོ་རྒྱུར་ཉེན་ཁ་ཆེ་ཤོས་ནི་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་རེད་ཅེས་བཤད་ཡོད། དེ་ཡང་ངོས་ཀྱིས་བོད་ལྗོངས་སློབ་གྲྭ་ཆེན་མོར་ལས་ཀ་བྱེད་མྱོང་མཁན་གྱི་བོད་མི་ཁག་གཅིག་ཐུག་སྐབས་ཁོང་ཚོས་རྒྱ་དཔོན་ཁྲེན་ཁུའུ་ཡོན་ལྷ་སར་མ་སླེབས་གོང་བོད་ལྗོངས་སློབ་གྲྭ་ཆེན་མོར་བོད་ཀྱི་གནའ་བོའི་བསྟན་བཅོས་ཁག་སློབ་ཁྲིད་བྱེད་ཀྱི་ཡོད། དེ་དག་ནི་སེམས་ལ་ཤིན་ཏུ་ཕན་པོ་དང་མཁོ་གལ་ཆེན་པོ་ཡོད་པ་ཞིག་རེད། ཁྲེན་ཁུའུ་ཡོན་སླེབས་རྗེས་ཁོ་པའི་སྲིད་བྱུས་ཀྱིས་དེ་དག་ཚང་མ་མཚམས་འཇོག་བྱེད་བཅུག་པ་དང་། སློབ་དེབ་ཁག་རྒྱ་ཡིག་རྩོམ་བསྒྱུར་བྱ་རྒྱུ་ལས་གཞན་མེད་པ་བཟོས་སྟབས་བློ་ཕམ་ཆེན་པོ་བྱུང་ཞེས་བརྗོད་ཀྱི་འདུག སྐབས་དེར་བོད་མི་ཁག་གཅིག་གིས་དེ་ལ་ཕྱེད་རིག་གནས་གསར་བརྗེ་བྱེད་འགོ་ཚུགས་སྐོར་བརྗོད་ཀྱི་ཡོད་འདུག རིག་གནས་གསར་བརྗེ་དངོས་སུ་འགོ་ཚུགས་ནས་བོད་ཀྱི་ས་ཁུལ་ཁག་གཅིག་གི་ནང་ལོ་བཅོ་ལྔ་རྗེས་བོད་ཀྱི་སྐད་ཡིག་ཤུལ་མེད་དུ་ཕྱིན་པའི་གནས་ཚུལ་ཡང་བྱུང་ཡོད། དེང་གི་སྐབས་སུ་གནས་ཚུལ་དེ་རིགས་མངོན་གསལ་ཇེ་ཆེར་འགྲོ་གི་འདུག

 

བཀའ་འདྲི། ད་དུང་དེ་བས་ཚབས་ཆེ་བའི་གོམ་སྟབས་གཅིག་ནི། ཕྱི་ཟླ་བཅུ་པའི་ཟླ་མཇུག་ཏུ་རྒྱ་ནག་གཞུང་གིས་བོད་ཀྱི་ནང་པའི་དགོན་སྡེ་ཁག་གི་འཛིན་སྐྱོང་དང་འབྲེལ་བའི་ལམ་ལུགས་སྐོར་བཀོད་ཁྱབ་ཅིག་ཁྱབ་བསྒྲགས་བྱས་པ་དེའི་ནང་ཕྱི་ཟླ་ ༡༡ པའི་ཚེས་ ༡ ནས་བཟུང་གྲྭ་པ་སུ་ཞིག་དང་། དགོན་པ་གང་ཞིག་གིས་རྒྱལ་ཁབ་ཀྱི་ཕྱི་ལ་ཡོད་པའི་མི་སྒེར་དང་། སྒྲིག་འཛུགས་བཅས་གང་དང་ཡང་འབྲེལ་བ་བྱེད་མི་ཆོག་ཅེས་གསལ་ཡོད། དེ་ནི་སྐུ་ཉིད་དང་བོད་མིའི་བར་གྱི་འབྲེལ་བ་མཚམས་གཅོད་ཐབས་བྱེད་པའི་ཆེད་དུ་བྱས་པ་ཞིག་མ་ཡིན་ནམ།

བཀའ་ལན། སྤྱིར་བཏང་ལོ་སྔོན་མའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ལྟ་བ་མཁྲེགས་འཛིན་པའི་འགོ་ཁྲིད་ཁག་གཅིག་གིས་བོད་ཀྱི་ཆོས་སྡེ་ཁག་དེ་དག་འགྲེམས་སྟོན་ཁང་ལྟ་བུར་འགྱུར་དགོས་ཚུལ་བཤད་པར་མ་ཟད། ཆོས་སྡེ་དེ་དག་ནང་གྲྭ་པ་ཉུང་ཤས་ཤིག་དགོན་པ་བདག་གཉེར་བྱེད་མཁན་ལྟ་བུར་བཞག་རྒྱུ་ལས་ཆོས་སློབ་གཉེར་བྱེད་ས་མེད་པ་བཟོ་རྒྱུའི་བསམ་འཆར་བཤད་ཡོད་པ་ངོས་ཀྱིས་གོས་ཐོས་བྱུང། ངོས་ཀྱིས་འདས་པའི་ལོ་ ༢༠ གོང་བོད་ནང་བསམ་བཞིན་དང་བསམ་བཞིན་མ་ཡིན་པ་བཅས་ཀྱི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་རྩ་བརླག་བཏང་དང་གཏོང་བཞིན་ཡོད་པ་བཤད་ཡོད། གལ་སྲིད་ཁྱེད་ཀྱིས་གནད་དོན་འདིའི་ཐད་ཉམས་ཞིབ་མང་ཙམ་བྱས་ན་དེའི་རྒྱུ་མཚན་ཤེས་ངེས་ཡིན།

 

བཀའ་འདྲི། བྱས་ན་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པ་ཉེན་ཁའི་གནས་ལ་གྱར་བ་མ་རེད་དམ།

བཀའ་ལན། དེ་ལྟར་རེད།

 

བཀའ་འདྲི། སྐུ་ཉིད་ཀྱིས་དེར་གདོང་ལེན་གནང་ཐུབ་བམ།

བཀའ་ལན། གནས་ཚུལ་དེ་འདྲའི་དབང་གིས་ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་དགོས་པའི་དགོས་འདུན་བཏོན་ཡོད།

 

བཀའ་འདྲི། འོན་ཀྱང་རྒྱ་མི་བོད་ནང་གཏན་སྡོད་ཀྱིས་བོད་ཀྱི་སྐད་ཡིག་རྩ་བརླག་གཏོང་བཞིན་ཡོད་པར་མ་ཟད། ཁོང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ཡང་རྩ་བརླག་གཏོང་ཐབས་བྱེད་པ་དང་། ཏཱ་ལའི་བླ་མ་མཆོག་དང་བོད་ཀྱི་ཆོས་སྡེ་ཁག་དབར་འབྲེལ་བ་མེད་པ་བཟོ་ཐབས་བཅས་བྱེད་བཞིན་ཡོད་པ་མ་རེད་དམ།

བཀའ་ལན། འོན་ཀྱང་རྒྱ་ནག་གཞུང་གི་སྲིད་བྱུས་དེ་དག་དངོས་ཡོད་གནས་ཚུལ་དང་མ་འཚམས་པ་ཞིག་ཡིན་སྟབས་ལམ་ལྷོང་ཡོང་རྒྱུ་ཁག་པོ་ཡིན།

 

བཀའ་འདྲི། སྐུ་ཉིད་ལ་ཁོང་ཚོ་ལམ་ལྷོང་ཡོང་རྒྱུ་མིན་པར་ཡིད་ཆེས་ཡོད་དམ།

བཀའ་ལན། ཡིད་ཆེས་ཡོད།

 

བཀའ་འདྲི། བྱས་ན་རྒྱ་ནག་གཞུང་གི་སྲིད་བྱུས་ཕམ་ཉེས་དང་། བོད་ཀྱི་ཆོས་དང་། རིག་གཞུང། སྐད་ཡིག་བཅས་འཚོ་གནས་ཐུབ་པ་ཡོང་གི་རེད་དམ།

བཀའ་ལན། ཏན་ཏན་འཚོ་གནས་ཐུབ་པ་ཡོང་ངེས་ཡིན།

 

ཀ་རན་ཐ་པར། ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ།

རྒྱལ་བ་རིན་པོ་ཆེའི་དྲ་རྒྱ་ལས་དྲངས།

About རྩོམ་སྒྲིག་པ།