གསེར་ཁོག་དགོན་པའམ་བཙན་པོ་དགོན་ནི་དེང་སྐབས་ཀྱི་མཚོ་ སྔོན་ཞིང་ཆེན་མངའ་ཁོངས་གསེར་ཁོག་ས་ཁུལ་དུ་ཡོད་ལ། དགོན་པ་འདི་ནི་བཙན་པོ་དོན་གྲུབ་རྒྱ་མཚོས་སྤྱི་ལོ༡༦༥༠ལོར་བཏབ་པ་ཞིག་ཡིན། བཙན་པོ་དོན་གྲུབ་རྒྱ་མཚོ་མཆོག་ནི་བོད་དབུས་ཁུལ་དགའ་བ་གདོང་གི་མི་ཡིན་ལ། ཆུང་དུས་ནས་འབྲས་སྤུངས་དགོན་པར་ཞུགས་ནས་གཞུང་ཆེན་རྣམས་ལ་ལེགས་པར་སྦྱངས།རྗེས་སུ་ མདོ་སྨད་དུ་ཕེབས་ཏེ་སྐུ་འབུམ་དང་དགོན་ལུང་སོགས་ནས་ཁྲི་མཛད་དེ་དགོན་པ་ བསྐྱངས། ཁོང་གིས་དགོན་པ་འདི་ཉིད་བཏབ་རྗེས་ཀྱི་ཕྱི་ལོ ༡༦༥༣ ལོར་རྒྱལ་ དབང་ལྔ་བ་ཆེན་མོ་ངག་དབང་བློ་བཟང་རྒྱ་མཚོ་རྒྱ་ནག་རྒྱལ་སར་བསྐྱོད་དེ་ཕྱིར་ དབུས་གཙང་དུ་ཕེབས་པའི་ལམ་བར་དུ་འདི་ག་དགོན་པར་ཕེབས་ནས་སེར་སྐྱ་མང་ ཚོགས་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་གནངས་པས་དགོན་པའི་མཚན་སྙན་ཕྱོགས་བཞིར་རྒྱས་ ཏེ། བར་སྐབས་ཤིག་ལ་གྲྭ་བ་བདུན་བརྒྱ་དང་གྲྭ་ཤག་དྲུག་བརྒྱར་བུད་མྱོང་བའི་ལོ་ རྒྱུས་ཡོད། ལོ་རབས་ལྔ་བཅུ་བར་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་བཙན་དབང་དུ་བཅུག་རྗེས་ དགོན་པ་འདི་ཡང་མིང་གི་ལྷག་མར་གྱུར་ཏེ་དེང་སྐབས་བླ་གྲྭ་ཉི་ཤུ་ལྷག་ལས་མེད།