ཀན་སུའུ་ཞིང་ཆེན་ཀན་ལྷོ་གཡང་ལྡན་ཕྱུག་མོའི་ལྟོ་བ་ནས་ལྷོ་ཕྱོགས་སུ་སྤྱི་ལེ་བདུན་ཅུ་ལྷག་སོང་ཙ་ན། ང་ཚོའི་མཐོང་ལམ་དུ་རི་ཀླུང་ཐང་གསུམ་དང་རྩྭ་ཆུ་ཤིང་གསུམ་འཛོམས་པའི་ལྷུན་ཆགས་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ལྷམ་མེར་མངོན་འོང་བ་ནི་ཅོ་ནེ་ཆོས་དཔལ་ཞིང་གི་ས་ཆ་རེད། 《མདོ་སྨད་ཆོས་འབྱུང་》ལྟར་ན། ཡུལ་འདིའི་མི་རྣམས་དེ་སྔོན་མངའ་བདག་ཁྲི་རལ་བ་ཅན་གྱི་གདུང་རྒྱུད་རྟོགས་ལྡན་ལྷ་རིང་བོ་ཟེར་བ་ཟམ་ཚ་རུ་བཞུགས་པ་ལས་ཁལ་མ་བརྒྱ་དང་བཅས་ཚུར་ཆས་བས་ན་ཆས་པའི་གཤིས་སུ་མིང་ཐོབ་པར་གྲགས། ཕྱིས་སུ་མི་རྒྱུད་མང་དུ་འཕེལ་བས་ཆས་པས་ས་འཛིན་ཡུལ་འཛིན། ཆས་ཕྲུག་གནམ་གྱི་སྐར་མ་ཟེར་བའི་གཏམ་དཔེ་བྱུང་། ཆོས་དཔལ་ཞིང་ནི་བླ་མ་དཀར་བོ་སྐུ་ཕྲེང་དང་པོ་རྗེ་བཙུན་བྱམས་པ་ཐུབ་སྟོབས་ཀུན་དགའ་རྒྱལ་མཚན་གྱི་སྐབས་སྔོན་ཆས་པའི་གཤིས་ཀྱི་སྒྲར་ཟུར་ཆགས་ནས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་ཡུལ་དེ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་སྤེལ་བའི་ཞིང་ཁམས་སུ་འགྱུར་བའི་ཐུགས་སྨོན་བཟང་པོར་བརྟེན་ནས་མིང་བཏགས་པ་ཡིན། དེང་སང་ཡུལ་འདི་ཉིན་པ་དང་མདོ་ཁོག་ཅེས་ཤང་གཉིས་སུ་ཕྱེ་ཡོད་ལ་བསྡོམས་པས་མི་གྲངས་ཁྲི་ཚོ་གཉིས་ལ་ཉེ་བ་ཙམ་མཆིས། ཀུན་གྱིས་འབྲོག་ལས་གཙོ་བོར་བཟུང་སྟེ་རང་ཉིད་ཀྱི་འཚོ་ཐབས་ལ་འབད་བཞིན་གདའ། ཡུལ་འདིའི་ས་བབ་ཀྱི་ཆགས་ཚུལ་བཙན་ལ་གྲོང་ཁྱེར་དང་རྫོང་མཁར་ལ་ཁ་ཐག་རིང་བས་མང་ཚོགས་ཀྱི་འཚོ་བའི་རོལ་སྟངས་དང་། ཡུལ་སྲོལ་གོམས་འདྲིས་སོགས་ལ་དེང་རབས་སྒོ་འབྱེད་རིག་གནས་ཀྱིས་ཁ་མ་བསྒྱུར་བར་གདོད་མའི་རྣམ་པ་ལྟོས་བཅས་ཀྱིས་རྒྱུན་འཛིན་བྱས་ཡོད་པ་འདི་ཡང་ཡུལ་དེའི་ཐུན་མོང་མ་ཡིན་པའི་གཉེན་སྒྲིག་བྱེད་སྟངས་སྐོར་འཆད་པར་དོན་སྙིང་གལ་ཆེན་ལྡན་པར་སྙམ། །
གཉེན་སྒྲིག་གི་བླང་བྱའི་སྐོར།
སྐྱེས་ཕོ་མོ་གཉེན་སྒྲིག་བྱེད་པ་ནི་འགྲོ་བ་མིའི་རིགས་འཕེལ་རྒྱས་སུ་འགྲོ་བའི་སྲོག་རྩ་དང་། རང་གི་རིགས་རྒྱུད་ཕྱི་མ་སྐྱེད་པའི་འགོ་ཁུངས་ཡིན་ལ།གཉེན་སྒྲིག་བྱེད་པ་དེ་ཕོ་མོ་སུ་ལ་མཚོན་ནའང་མི་ཚེ་ཧྲིལ་བོའི་དོན་དག་གལ་ཆེན་ཞིག་ཡིན་པས། ཡུལ་འདིའི་གཉེན་སྒྲིག་ཁྱིམ་ཚང་ཕྱོགས་གཉིས་ཀས་གཉེན་སྒྲིག་ས་ཕ་རོལ་པོའི་ཚང་གི་ཁྱིམ་རྒྱུད་དང་རིགས་རུས། རྒྱུན་ལྡན་ཡིན་མིན་སོགས་ལ་སྔོན་ནས་རྩད་ཞིབ་ནན་པོ་བྱེད་ཅིང་། དེ་ནས་བུ་བུ་མོ་གཉིས་ཀྱི་ལོ་རུས་སྤར་ཁ་སོགས་མཐུན་མིན་ལ་མོ་ལུང་རྩིས་གསུམ་ཞུ་ཡི་ཡོད། ཁྱིམ་རྒྱུད་གཅིག་པ་དང་གཉེན་གྱི་འབྲེལ་བ་ཡོད་པའི་ནང་ཁུལ་དུ་གཉེན་སྒྲིག་པར་ཧ་ཅང་འཛེམས་པ་ཡིན་ཏེ། ཆེས་མ་མཐའ་ཡང་ཕ་ཚུན་ཆད་ནས་མི་རབས་བདུན་༣དས་པའི་རྗེས་ཡིན་དགོས། འདི་ནི་དེང་སང་ཚན་རིག་གི་བཤད་ཚུལ་དང་ཡང་དག་མཐུན་པ་སྟེ་བྱེས་པ་ཀླ་ཀློ་དང་དབང་བོ་མ་ཚང་བ་སྐྱེ་བ་འགོག་ཚེད་ཡིན། ཡུལ་འདིའི་གོམས་སྲོལ་ལ་སྐྱེས་པ་སྟག་རོ་ཅན་དང་བུ་མོ་འབྲུག་ལོ་ཅན་ཡིན་ན་བཟང་བར་བརྩི་ལ། ཁྱིམ་ཚང་གཅིག་ཏུ་ལོ་རྟགས་ཡོངས་རྫོགས་འཛོམས་ན་ཧ་ཅང་བཀྲ་ཤིས་པ་དང་དགེ་པེགས་འབྱུང་བའི་རྟགས་མཚན་དུ་བཤད། །
གཉེན་གཏམ་དུ་འགྲོ་བའི་སྐོར།
ཡུལ་འདིར་མདོ་དབུས་ཁམས་གསུམ་ཀུན་དུ་ཏ་ཅང་མཐོང་བར་དཀོན་པའི་གོམས་སྲོལ་དེ་བས་་ཁྱད་མཚར་ཞིག་མངའ་བ་ནི། ན་ཆུང་བུ་མོ་ཀནས་ལམ་མ་འགྲིམ་པ་རྣམས་ཀྱིས་མགོའི་སྐྲ་ལན་བྱར་མི་སླ་ཞིང་། ལྭ་པའི་སྐེ་རགས་ལ་དུས་རྒྱུན་བལ་སྐྱད་ལས་བསླས་པའི་སྐེ་རགས་ལན་ཐུ་མ་ཞེས་པ་བཅིངས་ཀྱི་ཡོད། ཡུལ་འདིར་མཚོན་ན་རས་ཀྱི་སྐེ་རགས་བཅིང་བ་ནི་གཉེན་སྒྲིག་ཟིན་པའི་རྟགས་པཚན་ནམ་ཡང་ན་སྨན་ཆུང་བུ་མོ་ཞིག་གནས་ཁྱིམ་བྱེ་བདག་མོ་ཞིག་ཏུ་གྱུར་པའི་མཚོན་བྱེད་དུ་མངོན། དེ་བས་གཉེན་འཚོལ་མི་ཁྱིམ་ཚང་སུ་ཞིག་ཡིན་རུང་གཉེན་འཚོལ་དུས་ཀྱི་མིག་གི་མདའ་མོ་སྐེ་རགས་བལ་ཐག་བཅིངས་ཡོད་པ་རྣམས་ཀྱི་ཕྱོགས་སུ་འཕེན་པ་ཡིན་ལ། དེ་ཡང་གཉེན་གྱི་དམིགས་འབེན་གཏན་འཁེལ་བྱུང་རྗེས་རིམ་བཞིན་རྒྱུས་ལོན་དང་ལོ་རུས་སྤར་ཁ་མཐུན་མིན་གྱི་སྐོར་ལ་མོ་རྩིས་ལུང་བསྟན་བྱས་ཤིང་། སྔོན་བསགས་གཉེན་གྱི་ལས་ཕྲོའི་འབྲས་བུ་བཟང་བ་འབྱུང་བའི་ལུང་བསྟན་ག་བྱུང་ན་ད་གཟོད་ཕན་ཚུན་གྱི་བར་ལ་གཉེན་ཏམ་པའི་བར་བ་མངག་སྟེ་བུ་མོ་སློང་དུ་འགྲོ་བའི་གོ་རྩོམ། སྤྱིར་བཏང་དུ་གཉེན་གཏམ་བར་བ་ནི་ག་པའི་ཕྱོགས་ཀྱི་གཉེན་སའམ་ཤ་ཚ་མི་ཀུན་གྱིས་ས་ལེན་ཞིང་བརྩི་བཀུར་བྱེད་པ། ཁྱིམ་ཚང་གས་གཉིས་ཀའི་འགོ་ཐུབ་ངེས་བའི་རྒན་པོ་ཞིག་ཙལ་ནས་མངགས་ཀྱི་ཡོད་པ་དེར་བར་བ་ཞེས་རྗོད། དེས་མཚོན་རྟགས་ལ་ཆང་བཟང་པོ་དམ་་གང་དང་ཁ་བཏགས་གཅིག གོ་རེ་རླངས་བཙོས་མ་གཡིས་བཙོས་གང་རུང་ཡ་གྲངས་ཤིག་བཅས་ར་དེ་བུ་མོ་ཚང་གི་ཁྱིམ་དུ་སོང་སྟེ་ཁྱིམ་གཉིས་ཉེན་གྱི་འབྲེལ་བ་བཙུགས་ནས་མོ་ལུང་རྩིས་གསུམ་ཆུད་ཚུལ་སོགས་སྨྲས་ཏེ་བུ་མོ་སློང་བ་ཡིན། གལ་ཏེ་་མོའི་ཕ་མ་གཉིས་ཀྱིས་བུ་མོ་མི་སྟེར་ཚེ་མཚོན་རྟགས་ཕྱིར་སློག་སྲོལ་ཡོད། སྤྱིར་བཏང་དམིགས་་སལ་གྱི་གནད་དོན་མེད་ཚེ་སློང་ཐེངས་གསུམ་གྱི་ང་བུ་མོ་སྟེར་པ་ཡིན་ཞིང་། སྟེར་རྗེས་བུ་མོའི་སོས་རིན་དང་རྒྱན་གོས་ཀྱི་སྐོར་ལ་གྲོས་བསྡུར་དང་། གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་མ་ཞིག་ལ་གཉེན་འགྲིག་གི་ཚིག་མདུད་རྒྱག་པ་ཡིན། །
བག་མ་བསུ་སྟངས་ཀྱི་སྐོར།
བག་མ་གནས་ལ་བསུ་སྲོལ་ནི་སྤྱིར་བཏང་དུ་།ར་པ་དང་སློང་རྟེན་སྔོན་དུ་བཏང་བའི་ཆ་རྐྱེན་འོག་ཏུ་གཟའ་སྐར་འཕྲོད་སྦྱོར་ལེགས་པོ་ཞིག་ཏུ་།སུ་བ་ཡིན་ཞིང་། བསུ་མི་ལ་མག་པ་དང་མག་རོགས། ད་དུང་ཤ་ཉེ་གསུམ་བཅས་རྒྱན་གོས་གཟབ་མཆོར་ལེགས་པར་སྤྲས་ཏེ་འགྲོ་བ་དང་།དེའང་རྟེན་འབྲེལ་གྱི་ཐོག་མ་འདི་ནས་བཟུང་འགྲིག་པའི་ཆེད་དུ་མག་རོགས་དེ་ཡང་ཕ་མ་བུ་གསུམ་འཛོམས་ཤིང་། སྔོན་ཆད་བཟའ་ཐོར་མ་མྱོང་བ་ཞིག་ཡིན་དགོས། བུ་མོའི་ཁྱིམ་དུ་སླེབས་པ་ན་ཐོག་མར་མག་པས་ཁོ་ཚང་གི་མཆོད་ཁང་ལ་ཁ་བཏགས་ཤིག་འཐེན་ཏེ་ཕྱག་གསུམ་འཚལ་དགོས་ལ། དེའང་མག་གསར་གཅིག་པུ་ངོ་གནོང་བར་གཞིགས་ཏེ་སྤྱིར་བཏང་དུ་མག་རོགས་ཀྱིས་ཁོ་དང་མཉམ་པས་འཚལ་རོགས་བྱེད་ཀྱང་ཆོག བུ་མོ་གནས་ལ་འགྲོ་བའི་སྔར་ཉིན་དུ་བུད་མེད་ཁ་དྲོ་བཀྲ་ཤིས་བཟའ་ཚང་བྱིས་པ་འཛོམས་པ་ཞིག་ཡོང་ནས་བུ་མོའི་སྐྲ་སླ་བ་ཡིན། དེ་ནི་མོའི་ལང་། ཚོའི་མེ་ཏོག་གི་གང་བུ་ཕྱེ་བའི་སྔོན་འགྲོ་ཡིན། བུ་མོའི་སྐྲ་ཕབ་ཚུལ་ལ་ཡུལ་འདིའི་ཡར་འགག་དང་མར་འགག་གཉིས་ཅུང་མི་འདྲ་སྟེ།ཡར་འགག་རྣམས་ཀྱིས་ལྟག་དཀྱིལ་གྱི་སྐྲ་ལན་བུ་ལེབ་མོར་བསླས་པ་དང་། ལྷག་མ་རྣམས་ལན་ཆུང་རྩིད་སྐུད་ལྟར་ཕྲ་ལ་ཞིབ་པ་མང་པོ་བསླས། དེ་གཉིས་རྒྱབ་ཀྱི་འབྲེལ་མཚམས་ཀྱི་གོང་རོལ་དུ་དུང་ལེབ་ངོ་ཚལ་གཉིས་ཁ་བུབ་ཏུ་འདོགས་ཤིང་། མར་འགག་ཚོས་དེར་འབྲོག་མགོ་ཞེས་འབོད་པ་རེད།དེ་བཞིན་དུ་བག་གསར་གྱི་གོན་པ་ལའང་ཁྱད་པར་ཅུང་ཟད་མཆིས་ཏེ། ཁོ་ཚོས་བག་གསར་གྱི་རྩག་པའི་གོང་བར་ལུ་གུའི་ཚ་འཇམ་སོར་དོ་ཙམ་གླན་པའི་འོག་ཏུ་གཟིག་གི་ལྤགས་པ་ཆེ་ཆུང་རན་པ་ཞིག་གི་མཐར་གོས་དམར་པོ་དང་ལྗང་ཁུ་མཉམ་གཤིབ་ཀྱིས་སྦྱར་བ་དང་། རྩག་པའི་མཐའ་གཤམ་དུ་རྟོལ་ལྤགས་དཀར་པོ་སོར་བཞི་ཙམ་གྱི་གོང་དུ་འཕྲུག་རྒྱ་ལོ་ནག་པོ་དང་འཕྲུག་དམར་ཁྲ། གོས་དམར་པོ་དང་ལྗང་ཁུ་སོགས་སྦྱར། ཕུ་དུང་གཉིས་ཀྱི་ཁ་རུ་གོང་པ་ལྟར་གཟིག་པགས་དང་གོས་དམར་ལྗང་སྦྱོར་གྱི་ཡོད། མར་འགག་ཚོས་སྐྲའི་ལན་བུ་ཡར་འགག་ཇི་བཞིན་ཕྲ་ཞིང་ཞིབ་པ་མང་པོ་མི་སླ་བར་ལན་ཆེན་གསུམ་གྱིས་འཐུས་པ་བགྱིས་ཏེ་དེའི་སྟེང་དུ་གསེར་གྱི་ཐིག་ཐུས་ཆུང་ཆུང་ཕྲེང་དུ་བསྟར་པ་སུམ་བརྒྱ་དྲུག་ཅུ་མར་དཔྱངས་ཏེ་འདོགས་པ་དང་། སྣེ་མོ་སྐེ་རགས་བར་དུ་འདྲེན་ཞིང་གོང་རོལ་དུ་དངུལ་གྱི་དོ་ལོ་སོགས་གཡུ་བྱུར་གྱི་རྒྱན་གྱ་ནོམ་པ་འདོགས་པ་ཡིན། གཞན་ཡང་བག་གསར་གྱི་གྱོན་པར་གཟིག་པགས་ཀྱིས་རྒྱན་པའི་དཔེ་མ་མཆིས་ཤིང་། གོང་པར་ཚ་འཇམ་དང་འཕྲུག་རྒྱ་ལོ་གླན་པ་དང་།མཐའ་གཤམ་དུ་གོས་ནག་པོ་སོར་བཞིའམ་ལྔའི་གོང་དུ་གོས་ལྗང་ཁུ་དེ་དང་ཆ་འདྲ་བ་ཞིག་གམ་དེའི་སྟེང་དུ་ད་དུངེ་གོས་དམར་སེར་བསྣན་ཏེ་སྦྱར་བ་ཡིན་ལ་དེར་གོན་པ་ཉིས་མཐའ་མ་དང་སུམ་མཐའ་མ་ཞེས་བརྗོད་པ་རེད། དེ་དག་ལས་གོས་སྣ་གཅིག་ལས་མི་སྦྱོར་བའི་གོན་པ་ཁེར་མཐའ་མ་ནི་སྤྱིར་བཏང་གི་གྱོན་ཆས་ཡིན་ནོ། །
བག་མ་སྐྱེལ་ཚུལ་གྱི་སྐོར།
བུ་མོ་གནས་ལ་སྐྱེལ་བའི་ཉིན་དེར་ཁྱིམ་ཚང་ཕྱོགས་གཉིས་ཀྱིས་རང་རང་ས་ནས་གྲྭ་པ་ཞིག་གདན་དྲངས་ཏེ་གཡང་འབོད་དང་ལྷ་མཆོད་བྱེད་ཅིང་། བུ་མོ་འགྲོ་ཁར་རང་ཉིད་སྐྱེས་ཡུལ་གྱི་ཆོས་སྐྱོང་ལ་ཕྱག་འབུལ་བ་དང་། དྲི་ཞིམ་བདུག་སྤོས་རྐང་གསུམ་ལ་མེ་སྒྲོན་ཏེ་ལག་པ་ཐལ་མོ་སྦྱར་བའི་བར་བཙིར་ནས་མར་ལོག་པར་ཁྱིམ་མི་ཡོངས་དང་ཤ་ཉེ་བུ་མོ་རྣམས་ཀྱི་རས་ལྭ་ཞིག་གི་གོང་པ་ཐུར་གཏད་དེ་ཁོ་མོའི་རྒྱབ་ཏུ་བསྐོན་ཏེ་སྲང་ལམ་བར་སྐྱེལ་མ་བྱེད། རས་ལྭའི་གོང་བ་ཐུར་དུ་གཏད་དེ་བསྐོན་པ་ནི་བག་འགྲོ་བེམ་འགྲོ་གཅིག་ཏུ་བརྩི་བའི་ལུགས་སྲོལ་ཞིག་སྟེ་དོན་དུ་གཡང་ཤོར་བར་གཟབ་པའི་བྱེད་སྲོལ་ཞིག་ཡིན་པར་བཤད། བུ་མོ་སྐྱེལ་མི་ནི་བག་རོགས་དང་ཨ་ཞང་ཡིན་པ་དང་། བག་གསར་གཉེན་ཚང་གི་སྡེ་པའི་འདབས་སུ་འབྱོར་བ་ན་བཞོན་རྟ་ལས་མར་བབས་ཏེ་མགོ་བོ་སྒུར་སྒུར་བྱས་ཏེ་འགྲོ་བ་ཡིན་ལ། དེ་ནི་སྡེ་པ་དེའི་ཡུལ་ལྷ་གཞི་བདག་དང་རྒན་དར་གཞོན་གསུམ་ལ་བརྩི་བཀུར་དང་གུས་ཞུམ་བྱེད་པའི་སྲོལ་བཟང་ཞིག་རེད།ཡིན་ནའང་སྡེ་པ་དེའི་མི་རྣམས་ཀྱིས་བག་གསར་རང་དགར་སྡེ་པའི་ནང་ཡོང་དུ་མི་འཇུག་པར་སྲང་མདོ་ནས་བཟུང་བཀག་སྒོ་རིམ་པ་གསུམ་བརྒྱབ་ཡོད་ལ། དེ་རེ་རེ་ནི་བར་བས་སྒོ་གླུ་བླངས་ཏེ་འབྱེད་དགོས་ཏེ། སྒོ་གླུའི་གླུ་ཚིག་ནི་འདི་ལྟར་ཏེ། སྒོ་ཕྱི་སྒོ་ནང་སྒོ་བར་སྒོ་གསུམ། ཕྱི་སྒོ་དབུས་གཙང་ཆོས་སྒོ་རེད། ཆོས་ཚིག་གསུམ་གསུངས་ན་ཕྱེ་རྒྱུ་རེད། །བར་སྒོ་རྒྱ་ནག་དངུལ་སྒོ་རེད། ། དངུལ་དོང་ཙེ་བྱིན་ན་ཕྱེ་རྒྱུ་རེད། ། ནང་སྒོ་གླུ་བའི་གླུ་སྒོ་རེད། གླུ་ཚིག་གསུམ་བླངས་ན་ཕྱེ་རྒྱུ་རེད། ། ཞེས་ལེན་བཞིན་དུ་ཆང་དང་ཁ་བཏགས་འཐེན་ནས་ཕྱེ་དགོས། དེ་ལྟར་བཀག་སྒོ་རིམ་པ་སོ་སོ་ལས་ཐར་རྗེས་ཨ་ཞང་རྣམས་ཀྱིས་སློང་སྟོར་བའི་འགོ་རྩོམ་པ་ཡིན་ལ། སྡེ་མི་མང་ཚོགས་ཀྱིས་ཀྱང་འུར་ཟིང་ཆེན་པོས་སློང་འཐུ་བར་བྲེལ། སློང་སྟོར་ནི་མང་ཚོགས་སྤྱི་ཁྱབ་རང་བཞིན་གྱི་བྱ་འགུལ་ཞིག་ཡིན་ཞིང་།སློང་ནི་གཙོ་བོ་ཀུ་ཤུ་དང་། ཀ་ར། སིལ་ཏོག སྟར་ཀ། ཆང་ལ་སོགས་པ་བཟའ་བཏུང་གི་རིགས་ཡིན་པ་དང་། སྡེ་མི་རྒན་དར་གཞོན་གསུམ་གྱིས་འུར་ཟིང་ཆེན་པོས་འཐུ་བ་རེད། ། བག་གསར་གནས་ཁྱིམ་དུ་འབྱོར་རྗེས། ཐོག་མར་ཁྱིམ་དེའི་མར་སྣེ་ན་བལ་གདན་དཀར་པོ་ཞིག་བཏིང་ཡོད་པ་དེའི་སྟེང་ནས་ཁ་མཆོད་ཁང་ལ་ཕྱོགས་ཏེ་ཕྱག་གསུམ་འཚལ་དགོས་པ་དང་། དེ་མུར་མག་པའི་ཨ་མའམ་མ་སྲུ་བཟའ་ཚང་བྱིས་པ་འཛོམས་པ་ཞིག་གིས་ལག་མགོ་ནས་ཁྲིད་དེ་ཐབ་འགྲམ་དུ་སོང་ནས་གྲ་སྒྲིག་ཡོད་པའི་ཤིང་གི་མེ་ལྕེ་གསུམ་ཡར་ཐབ་ནང་དུ་སྐུལ་བ་དང་། དེ་ནས་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་ཚང་བ་ཞིག་ཏུ་འོ་ཞོ་གང་འདྲེན་པར་ཚེ་དཔལ་ལོངས་སྤྱོད་རྒྱས་པའིྲརྟེན་འབྲེལ་དུ་ཧུབ་གསུམ་རྒྱག་དགོས་པ་ཡིན། སྐབས་དེར་གནས་ཁྱིམ་གྱིས་སྔགས་པ་ཞིག་གདན་དྲངས་ཡོད་ཅིང་། དེས་བྱ་མགྱོགས་པ་ཞེས་ཤིང་དང་རྩྭ་ལས་བྱས་བའི་བྱ་ཁྱུང་གི་གཟུགས་བརྙན་ཞིག་བཞེངས་ཏེ་མཆོད་ཁང་འགྲམ་དུ་འཛུགས་པ་དང་། ཏྲུ་འཛུགས་པ་ཞེས་མག་གསར་དང་བག་གསར་གཉིས་ཀྱི་སྤྱི་གཙུག་ཏུ་འབྲི་མར་མཐེབ་རྩེ་ཙམ་ཞིག་སྦྱར་བ་ཡིན། དེར་ཨ་ཞང་ཚང་གིས་ཀྱང་སྔགས་པར་མར་རྒྱ་མ་གསུམ་ལྷག་གི་འབུལ་བ་སྟེར་དགོས། བྱ་ཁྱུང་གི་གཟུགས་བརྙན་དེ་གང་བྱུང་དུ་མི་སྐྱུར་བར་བདུན་གཅིག་འདས་པའི་རྗེས་ནས་རང་སྡེའི་ལབ་རྩེ་རུ་ཁྱེར་ཏེ་འཇོག་དགོས་པ་ཡིན། །
གཉེནལྟོན་བྱ་ཚུལ་གྱི་སྐོར།
གཉེན་སྟོན་ཕལ་ཆེར་བག་གསར་བསྐྱལ་བའི་ལོ་དེའི་ལོ་གསར་གྱི་གཟའ་སྐར་འཕྲོད་སྦྱོར་བཟང་བའི་དུས་ཞིག་ལ་བྱེད་པ་ཡིན་ཏེ། ཉིན་དེར་གནས་ཚང་གིས་ཤ་མར་ཐུད་གསུམ་དང་། དཀར་གསུམ་མངར་གསུམ་སོགས་བཟའ་བཏུང་ལོངས་སྤྱོད་གྱ་ནོམ་པར་བཤམས་ཀྱི་ཡོད་ཅིང་། ཞང་ཆེན་ཞང་ཆུང་དང་། དགའ་ཉེ་སྤུན་མཆེད་སོགས་ཐག་ཉེ་རིང་ཀུན་གྱི་མགྲོན་པོ་མ་ཚང་བ་མེད་པར་ལྷན་གཅིག་ཏུ་འཛོམས་ཀྱི་ཡོད། ཉིན་དེའི་ཆེས་གཙིགས་ཆེ་བའི་མགྲོན་པོ་ནི་ཨ་ཞང་རྣམས་ཡིན་ཞིང་། ཁོ་ཚོར་མགྲོན་བརྒྱའི་གྲལ་འགོ་ན་རིམ་པ་བཞིན་འདུག་གནས་བཀོད་སྒྲིག་བྱས་ཡོད་ལ། ཀུན་གྱིས་བརྩི་བཀུར་ཆེན་པོ་བྱེད་པ་རེད། གཉེན་སྟོན་ཐོག་ཏུ་བོས་པའི་མགྲོན་པོ་སུ་ཡིན་ནའང་ལག་སྟོང་དུ་ཡོང་བའི་སྲོལ་མེད་ཅིང་། རང་རང་གི་འཁོས་བབ་དང་བསྟུན་ནས་ཤ་ཆང་དང་གོ་རེ། སྒོར་མོ། ཁ་བཏགས་སོགས་གོམས་སྲོལ་ལྟར་ཁྱེར་ཡོད་ལ། ཨ་ཞང་ཚོས་དེ་བས་ཀྱང་རྟ་ནོར་ལུག་གསུམ་གང་རུང་དང་གོས་ལྭ་ཕྲུག་ལྭ་སོགས་མག་པའི་ཕ་མ་གཉིས་གཙོ་བྱས་པའི་ཁྱིམ་མི་ཡོངས་ལ་རིམ་པ་བཞིན་འོས་འཚམ་དུ་སྟེར་བ་ཡིན་ལ། མག་པ་ཚང་གིས་ཀྱང་དེར་ཕྱིར་གོས་དང་ཚི་ལེན་སོགས་ཀྱི་རྫོགས་པ་བྱིན་པ་ཡིན། སྟོན་ཐོག་ནས་ཐོག་མར་གྲལ་ཚགས་དམ་པ་ཞེས་གཉེན་ཚང་གི་ཤ་ཉེ་གཙོ་བོས། ཡར་གྲལ་མར་གྲལ་བར་གྲལ་གསུམ། ། ཡར་གྲལ་གྲལ་ན་ སྟག་པགས་བཏིང་། ། སྟག་རི་མོ་སྟེང་དུ་ཞང་ཆེན་བཞུགས། ། བར་གྲལ་གྲལ་ན་གཟིག་ཐིག་ལེའི་སྟེང་དུ་ཞང་འབྲིང་བཞུགས། ། མར་གྲལ་གྲལ་ན་དོམ་པགས་བཏིང་། ། དོམ་སྤུ་ཅན་སྟེང་དུ་ཞང་ཆུང་བཞུགས། ། ཞེས་སྟོན་གླུ་སྙན་མོས་ཨ་ཞང་རྣམས་ལ་བསྔགས་ཚིག་གི་མེ་ཏོག་ཕྲེང་བ་དགུང་དུ་གཏོར་བ་རེད། གྲལ་ཚགས་དམ་རྗེས་སུ་སྡེ་པའམ་ཚོ་པ་དེའི་རྒན་པོ་ལོ་ལོན་ཞིག་གིས་ལག་བཀྲ་ཤིས་རྟགས་བརྒྱད་གི་དཀར་ཡོལ་བདུད་རྩི་ཆང་གིས་བལྟམས་པ།ཁར་འབྲི་མར་སེར་བོས་རྒྱན་བཏབ་པ་ཞིག་བཟུང་སྟེ་སྨོན་འདུན་གྱི་མཆོད་ཁ་བསམ་གྱིས་མི་ཁྱབ་པ་འཕེན་པ་དང་། དེའི་འཕྲོད་ཨ་ཞང་རེ་རེས་ཀྱང་སྨོན་ལམ་དང་གཤིས་བརྗོད་བྱེད། སྤྱིར་གཉེན་སྟོན་ནི་བུ་བུ་མོ་གཉིས་མཉམ་དུ་འདུས་པའི་དགའ་བསུ་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཡིན་པས། གླུ་ལེན་གར་རྩེད་བྱེད་པ་ནི་དེའི་ནང་དོན་གཙོ་བོ་ཞིག་རེད།ཉིན་དེར་ཨ་ཞང་ཚང་དང་མག་པ་ཚང་གི་ཕྱོགས་གཉིས་ཕན་ཚུན་གླུ་ལེན་རེས་དང་གླུ་ཤགས་འགྱེད་རེས་ཀྱི་སྲོལ་ཡོད་ཅིང་། རང་ཕྱོགས་ཀྱི་ལ་རྒྱ་དང་ མཚན་སྙན་མི་འཆོར་བའི་ཆེད་དུ་བག་སྟོན་བྱེད་ པའི་ཉིན་འགའི་སྔོན་ནས་བཟུང་དེར་ཁྲིད་སྦྱངས་དང་སྟ་གོན་བྱེད་པ་ཡིན། ཉིན་ཧྲིལ་པོའི་སྟོན་ཚོགས་ཀྱི་མཇུག་གྲོལ་བ་ན། ཨ་ཞང་ཆེ་ཆུང་འདུས་པའི་ཕྱོགས་ཀྱི་མགྲོན་པོ་རྣམས་ལ་ལམ་ཆང་གི་རྫོང་བ་བྱས་ཏེ་བདེ་མོའི་ལམ་དུ་སྐྱེལ་མ་བྱེད་པ་དང་། ཨ་ཞང་རྣམས་ཀྱིས་སྡེ་འདབས་ནས་གཉེན་ཚང་དང་རུ་སྡེ་ཚོ་པ། ཁ་ཡ་ན་ཟླ་བཅས་ལ་ངག་སྙན་མོ་དབྱངས་ལ་དྲངས་ཏེ་གླུ་འཇོག་པ་ནི་འདི་ལྟར། བུ་ཁྱིམ་ནས་སྐྱེས་ཀྱི་མ་བསམ། ། བུ་མོ་སྒོ་ནས་ཡོང་ཐལ་མ་བསམ། ། དེ་གཉིས་ལ་བཟང་ངན་མ་ཕྱེ། །སྡེ་གཅིག་གི་ན་ཟླ་གཅེས་མ། ། རྒྱུ་ནོམ་པས་སྐྱོར་རྒྱུ་དཀའ་མོད། ལག་ལས་ཀའི་ཕྱོགས་ལ་མཉམ་ཞོག ། ཟས་རུམ་ཟ་བྱ་རྒྱུ་དཀའ་མོད། ། གཏམ་ཁ་བཅོས་བྱ་རྒྱུ་མ་བརྗེད། ། ཅེས་པའི་གླུ་ཡི་སྒོ་ནས་བུ་མོ་བཙོལ་གདམས་ལེགས་པར་བགྱིས་ཏེ་འགྲོ་བ་ཡིན་ལ། དེའི་ཉིན་བག་གསར་ཡང་ཨ་ཞང་ཚོ་དང་མཉམ་དུ་ཕྱིར་རང་ཡུལ་དུ་ལོག་པ་ཡིན། ། གཉེན་སྟོན་གྲོལ་རྗེས་ཀྱི་ཉིན་འགའི་རྗེས་ནས་བུ་མོ་ཚང་གི་ཤ་ཉེ་གཙོ་བོ་ཞིག་གིས་བག་གསར་ཕྱིར་གནས་ཡུལ་དུ་བསྐྱལ་པར་འོང་བ་ཡིན། ། དེ་དུས་བག་གསར་གྱི་བཙན་མདའ་ཞེས་མདའ་ཞིག་ཁྱེར་དགོས་ལ། དེ་ནི་བུ་མོར་རིགས་རྒྱུད་འཁོར་བའི་རྟེན་འབྲེལ་ཡིན། མདའ་དེའི་དབྱིབས་དང་རྣམ་པ་ཐམས་ཅད་མདའ་གཞུའི་མདའ་དང་རྦད་དེ་མཚུངས་མོད། འོན་ཀྱང་དེ་ནི་མཚོན་ཆའི་རིགས་ལས་འདས་པར་བྱས་ཏེ་བལ་དཀར་དང་དར་ཟབ་སྣ་ལྔ། གཟིག་སྲམ་གྱི་ལྤགས་པ། ཁ་བཏགས་ངསོགས་ཀྱིས་མཛེས་པར་བརྒྱན་ཏེ་བལྟས་པ་ཙམ་གྱིས་བཀྲ་ཤིས་ཤིང་ཡིད་དུ་འོང་བ་ཞིག་སྣང་། བཙན་མདའ་དེ་བག་གསར་ལ་གནས་ཡུལ་ནས་བུ་ཕྲུག་མ་སྐྱེས་བར་དུ་ལོ་རེ་བཞིན་མ་ཆག་པར་ཁྱེར་དགོས་ཤིང་། མག་པ་ཚང་གིས་ཀྱང་དེར་ཧ་ཅང་མཐོང་ཆེན་བྱས་ཏེ་རང་ཁྱིམ་གྱི་མཆོད་ཁང་ནང་དུ་འཇོག་པ་དང་། ད་དུང་བཙན་མདའི་མགོར་དུང་ཕྲུག་དང་མགྲོན་བུ། མེ་ལོང་སོགས་བཏགས་ཏེ་སྔར་ལས་ཀྱང་དགེ་ལེགས་ལྡན་པར་བརྒྱན་གྱི་ཡོད་བཙན་མདའ་འཁྱེར་མཁན་ནི་བུ་མོ་རང་ཉིད་ཡིན་ཞིང་མདའི་རིང་ཐུང་ནི་སྨྱུག་མ་ཚིགས་དྲུག་ཡིན་མདའ་དེ་འཁྱེར་བ་ལ་མག་པ་ཚང་གིས་སྔོན་ནས་མདའ་ཆང་དང་མདའ་ཤ་ཞེས་བུ་མོ་ཚང་ལ་བསྐྱལ་དགོས། ཁྱིམ་ཚང་སུ་ཞིག་ཡིན་རུང་བཙན་མདའ་དེ་རང་གི་བུའི་བླ་མདའ་རུ་བརྩིས་པས། དེར་ཆག་སྐྱོན་སོགས་བྱུང་ན་ཧ་ཅང་བཀྲ་མི་ཤིས་པའི་རྟགས་ཡིན་པར་སྙམ་སྟེ་ཁྱིམ་མི་ཚང་མས་དེར་གཅེས་སྤྲས་དང་བདག་གཉེར་གང་ལེགས་བྱེད་ཀྱིན་གདའ་གཞན་ཡང་གལ་ཏེ་གཉེན་ཚང་ཕྱོགས་གཉིས་གང་རུང་དང་། ཕྱོགས་གཉིས་ཀྱི་དགའ་ཉེ་སྤུན་མཆེ་བཅས་ལ་ཚེ་ལས་འདས་པའི་དོན་རྐྱེན་མི་ལེགས་པ་་སོགས་བྱུང་ཚེ། གཤིན་པོ་ལ་འདུན་བྱེད་པ་ཡིན་་ཟེར་ནས་ལོ་དེར་བཙན་མདའ་མི་འཁྱེར་བར། ལོ་རྗེས་མའི་ནང་སླར་ཡང་མུ་མཐུད་དུ་ཁྱེར་བ་ཡིན་ནོ། །
མདོར་ན་ཡུལ་འདིའི་གཉེན་གྱི་སྒྲིག་སྲོལ་གྱིསརང་གི་རུས་རྒྱུད་ཕྱི་མ་སྐྱེད་པར་ཧ་ཅང་མཐོང་ཆེན་བྱེད་པ་དང་། རྒན་པར་བཀུར་བསྟི་དང་གཞོན་པར་བྱམས་སྐྱོང་། སྡེ་པ་དང་ཚོ་པ་ཁྱིམ་ཚང་བཅས་ཀྱི་བར་ལ་མཛའ་བརྩེ་དང་མཐུན་སྒྲིལ། ཕན་ཚུན་རོགས་རམ་དང་ཐུགས་ཁུར་སོགས་བྱེད་པའི་གནའ་རབས་བོད་ཀྱི་གོམས་སྲོལ་བཟང་པོ་དེ་མ་ཉམས་རྒྱུན་འཛིན་བྱེད་པ་ཡིན་ནོ། །