བོད་ཀྱི་ཚེ་ཐར་གཏོང་སྲོལ་ནི་ ” སྲོག་གཅོད་པ་སྤངས་པ་དང་ཁ་ཟས་རབ་ཏུ་སྦྱིན་པའོ་ ” ཞེས་རྒྱུ་དང་རྐྱེན་གཉིས་ཀྱིས་ཚེ་རིང་བར་འགྱུར་བར་བཤད། དེ་བས་རང་ཉིད་ཀྱི་རྩ་བའི་བླ་མ་དང་དྲིན་ཆེན་ཕ་མ་གཙོས་གཉེན་ཉེ་དུ་དགའ་ཉེ་ སྤུན་གྲོགས་སུ་ཞིག་གི་ཚེ་སྲོག་ལ་བར་ཆད་མི་འཕྲད་པའི་ཆེད་དང་། དེ་བཞིན་སེམས་ཅན་ཐམས་ཅད་རང་ཉིད་ཀྱི་མ་རུ་མ་གྱུར་བ་མེད་ལ་དེ་དག་རང་ཉིད་དང་ འབྲེལ་ཆགས་སུ་ཡོད་པར་འདོད་ནས་སྒོ་ཕྱུགས་རྟ་ནོར་ལུག་གསུམ་དང་བྱ་བྱེའུ་རི་ དྭགས་ཉྭ་རིགས་སོགས་སྲོག་དང་
ལྡན་པ་གང་ཞིག་གི་ཚེ་རིང་དུ་བསྲིངས་ཕྱིར་ཚེ་ཐར་ དུ་གཏོང་བ་དང་། སོ་སོར་བདག་དབང་མེད་པ་ཞིག་ཡིན་ནའང་སེམས་ཅན་དེ་ཉིད་ཀྱི་བདེ་བའི་ཆེད་དུ་རྒྱུ་ ནོར་གྱིས་བླུས་ནས་ཚེ་ཐར་དུ་གཏོང་བ། སྲོག་ཉེན་ལ་ཐུག་པའི་སེམས་ཅན་ཚེ་ཐར་དུ་གཏོང་བ། དེ་བཞིན་བླ་མ་དང་ཡི་དམ། ཆོས་སྐྱོང་། ཡུལ་ལྷ་གཞི་བདག་སོགས་ལྷ་ཀླུ་གཉན་གསུམ་ལ་ཕུལ་ནས་ཚེ་ཐར་དུ་གཏོང་བ། ཤིང་ནགས་སོགས་སྐྱེ་དངོས་རིགས་ལའང་སྲོག་ལྡན་དང་ལྷ་ཀླུ་གཉན་གསུམ་གྱི་འདུ་ཤེས་ བཟུང་ནས་ཚེ་ཐར་དུ་གཏོང་སྲོལ་ཡོད། དཔེར་ན། ཤིང་སྡོང་སོགས་ཀྱི་ཡལ་གའི་ཐོག་ལུག་དཀར་པོའི་བལ་བཏགས་ནས་ཚེ་ཐར་དུ་གཏོང་བ། དྲིན་གཟོ་བའི་ཆེད་དུ་ཚེ་ཐར་དུ་གཏོང་བའི་རིགས་དང་། སོ་སོ་དང་གཉེན་གྲོགས་སོགས་ཀྱི་ཚེ་སྲོག་རིང་དུ་བསྲིང་རྒྱུའི་ཆེད་དུ་ཚེ་ཐར་ དུ་གཏོང་བ། སེམས་ཅན་ཐམས་བཅད་མ་རུ་མ་གྱུར་བ་མེད་པའི་འདུ་ཤེས་ཀྱི་སྙིང་རྗེ་ཡིས་ཚེ་ཐར་དུ་ གཏོང་བ། གཞན་གྱི་དཀའ་སྡུག་དང་མནར་གཅོད་མཐོང་མ་བཟོད་པར་ཚེ་ཐར་དུ་གཏོང་བ་སོགས་རིགས་ མང་པོ་ཡོད། སྒོ་ཕྱུགས་ཡིན་ན་ཟེ་ཁ་དང་རྔོག་མའི་ནང་དུ་བལ་དཀར་དང་དར་མཚོན་གྱི་སྲུང་རྟགས་ འདོགས་པ་དང་ཡང་ན་རྣ་དང་རྭ་རྩེ་སོགས་སུ་འདོགས། ཡི་དམ་སོགས་སུ་ཕུལ་བའི་ཚེ་ཐར་ཡིན་ན་མགོན་གཡག་གམ་སྲུང་གཡག་དང་།ལྷ་ལུག་སོགས་ སུ་འབོད། བསང་ཕུལ་ཏེ་སྲུང་རྟགས་འདོགས། ཚེ་ཐར་དུ་བཏང་བའི་ཉིན་དེ་ནས་བཟུང་བཙོང་ནས་རིན་མི་ལེན། བཤས་ནས་ཤ་མི་ཟ། བཟུང་ནས་བེད་མི་སྤྱོད་པའི་དམ་བཅའ་དང་བཅས་ཏེ་སྲུང་རྟགས་འདོགས་པ་དང་། ཁྲུས་ཆུ་དཀར་ནག་གིས་ཁྲུས་བྱེད་པ། སྐྱབས་གནས་དཀོན་མཆོག་གསུམ་དང་ལྷ་ཀླུ་གཉན་གསུམ་ལ་གཏན་ཉར་དང་བཅས་ཏེ་འདོགས་ཐག་ སོགས་ཡོངས་སུ་བླངས་ནས་རང་དབང་རྒྱ་ཡན་དུ་གཏོང་སྲོལ་ཡོད།