༄༅།མདོ་སྨད་དབུས་སྤྱི་ཁྱབ་རྒྱན་ལས་ཁང་གི་ལས་དོན་བྱེད་ཕྱོགས་ཀྱི་རྩ་འཛིན་སྒྲིག་གཞི།

དོན་ཚན་དང་པོ།      རྒྱུན་ལས་ལྷན་ཚོགས།

༡༽   རྒྱུན་ལས་ལྷན་ཚོགས་སྐབས་ཉུང་མཐར་རྒྱུན་ལས་རྩ་འབོར་སུམ་ཆ་གཉིས་ཚང་དགོས། མང་མོས།

༢  ༽   ལོ་འཁོར་གཅིག་ནང་རྒྱུན་ལས་ལྷན་ཚོགས་ཐེངས་གཉིས་ལས་མི་ཉུང་བ་འཚོགས་དགོས། མང་མོས།

༣༽ ཚོགས་གཙོ་གཞོན་གཉིས་ནས་རྒྱུན་ལས་རྣམས་ལ་གོ་བསྡུར་གྱིས་ལྷན་ཚོགས་དུས་ཚེས་གཏན་འབེབས་བྱ་རྒྱུ། དམིགས་བསལ་ཛ་དྲག་ཚོགས་འདུ་འཚོགས་དགོས་བྱུང་ན་ལས། དེ་མིན་ཟླ་གཅིག་དང་ཕྱེད་སྔོན་ཚོགས་བརྡ་མ་གོ་མ་ཐོས་མེད་པར་རྒྱུན་བཞུགས་ལས་བྱེད་ཀྱི་འགན་ཁུར་དགོས། སྤྱི་མོས།

༤  ༽   རྒྱུན་ལས་སུ་ཞིག་རྒྱུན་ལས་ལྷན་ཚོགས་སུ་བསྟུད་མར་ཐེངས་གཉིས་བཅར་མ་ཐུབ་ཚེ་རྒྱུན་ལས་ནང་མུ་མཐུད་བཞུགས་མ་བཞུགས་སོ་སོས་དགོངས་དཔྱད་གནང་རྒྱུ། སྤྱི་མོས།

༥༽   རྒྱུན་ལས་ལྷན་ཚོགས་ནམ་འཚོགས་ཀྱི་ཚིག་ཐོ་རྒྱུན་བཞུགས་ལས་བྱེད་ཀྱི་ལུགས་མཐུན་ངང་བདག་ཉར་བྱ་དགོས། ལས་ཁུངས་ནང་རྒྱུན་བཞུགས་ལས་བྱེད་གཅིག་གི་དུས་ཡུན་ལོ་གཅིག་ཡིན་ལ་བསྐྱར་འདེམས་བྱེད་པར་དགག་བྱ་མེད། མང་མོས།

དོན་ཚན་གཉིས་པ།             རྒྱུན་ལས་ལྷན་ཚོགས་ཀྱི་འགན་དབང་།

༡༽   རྒྱུན་ལས་ལྷན་ཚོགས་ཀྱིས་མདོ་སྨད་དབུས་རྒྱུན་གྱི་ལས་དོན་སྤྱི་དང་བྱེ་བྲག་གི་སྲིད་བྱུས་གཏན་འབེབས་བྱ་དགོས། གལ་ཏེ་ཛ་དྲག་གི་རིགས་ཐག་གཅོད་བྱེད་མ་ཐུབ་ཚེ་སློབ་སྟོན་པར་བཀའ་འདྲི་ལམ་སྟོན་ཞུ་རྒྱུ། སྤྱི་མོས།

༢༽    རྒྱུན་ལས་ལྷན་ཚོགས་ཀྱིས་ལས་དོན་གྲུབ་འབྲས་བསྐྱར་ཞིབ་བྱ་རྒྱུ་དང་འབྱུང་འགྱུར་ལས་དོན་བྱེད་ཕྱོགས་ཀྱི་འཆར་འགོད་དང་ལས་དོན་ཆ་བགོས་བྱ་རྒྱུ། མང་མོས།

༣ ༽   རྒྱུན་ལས་ལྷན་ཚོགས་ཀྱིས་ལས་ཁུངས་ཀྱི་ལས་དོན་དང་། དཔལ་འབྱོར་དང་རྩིས་ཀྱི་གནས་སྟངས་ཁག་ལ་བསྐྱར་ཞིབ་བྱ་དགོས། མང་མོས།

༤༽    རྒྱུན་ལས་ལྷན་ཚོགས་ཀྱིས་ལོ་རེའི་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་གཏན་འབེབས་བྱ་རྒྱུ། མང་མོས།

༥  ༽    རྒྱུན་ལས་ལྷན་ཚོགས་ཀྱིས་ལས་དོན་ཆ་བགོས་ལྟར་རྒྱུན་ལས་སོ་སོའི་ལས་དོན་སྙན་ཐོ་དང་། ལས་བསྡོམས་རྒྱུན་ལས་ལྷན་ཚོགས་སུ་འབུལ་བ་དང་སྦྲགས་གོ་བསྡུར་བྱ་རྒྱུ།   སྤྱི་མོས།

དོན་ཚན་གསུམ་པ།   ཚོགས་གཙོ་གཞོན་དང་དྲུང་ཆེའི་ལས་འགན།

༡༽   མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་དོན་གང་ཡིན་ཚོགས་གཙོ་གཞོན་དང་དྲུང་ཆེས་གོ་བསྡུར་བརྒྱུད་བཀོད་ཁྱབ་དང་ལམ་སྟོན་བྱ་རྒྱུ། ལས་ཁུངས་ཀྱི་ཉིན་རེའི་ལས་དོན་རྒྱུན་བཞུགས་ལས་བྱེད་ཀྱི་གནང་གི་ཡོད་རུང་ལས་ཁུངས་སྤྱིའི་འགན་དབང་ཆ་ཚང་ཚོགས་གཙོ་ལ་ཡོད། སྤྱི་མོས།

༢༽   རྒྱུན་ལས་ལྷན་འཛོམས་ཀྱི་ཐག་གཅོད་དང་། གསལ་བསྒྲགས། བཀོད་ཁྱབ་སོགས་ཚོགས་གཙོའི་སྟངས་འཛིན་འོག་བྱ་དགོས། དེ་མིན་ཉིན་རེའི་ལས་ཁུངས་ཀྱི་ལས་དོན་རྣམས་རྒྱུན་བཞུགས་ལས་བྱེད་ཀྱི་བྱ་རྒྱུ།     སྤྱི་མོས།

༣༽   གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་འདུ་དང་ཟབ་སྦྱོང་། ལས་འགུལ་གཞན་བཅས་ལ་ཚོགས་གཙོ་གཞོན་ནམ་དྲུང་ཆེ་སུ་རུང་བཅར་དགོས། གསུམ་ཀ་དུས་ཁོམ་མ་བྱུང་ཚེ་རྒྱུན་ལས་སུ་ཡིན་མདོ་སྨད་དབུས་རྒྱུན་གྱི་ངོ་ཚབ་ཐོག་གཏོང་འཐུས། སྤྱི་མོས།

༤ ༽  རླུང་འཕྲིན་དང་དུས་དེབ་ཚགས་ཤོག་ཁག་ལ་ཚོགས་གཙོ་གཞོན་དང་དྲུང་ཆེ་གསུམ་གོ་བསྡུར་གྱིས་སུ་རུང་ནས་མདོ་སྨད་དབུས་རྒྱུན་གྱི་མགྲིན་ཚབ་བྱ་འཐུས། ཚོགས་གཙོ་གཞོན་དང་དྲུང་ཆེ་གསུམ་དུས་ཁོམ་མེད་ཚེ་རྒྱུན་ལས་གཞན་སུ་རུང་ལ་འགན་དབང་བསྐུར་ཆོག དེ་མིན་མདོ་སྨད་དབུས་རྒྱུན་གྱི་མིང་ཁྱེར་ཏེ་ཚགས་ཤོག་དང་རླུང་འཕྲིན་ཚོགས་འདུ་ཁག་ལ་གཏམ་བཤད་སྤེལ་མི་ཆོག  སྤྱི་མོས།

༥༽   ཚོགས་གཙོ་གཞོན་དང་དྲུང་ཆེས་རྒྱུན་ལས་རྣམས་ལ་གནད་དོན་གལ་ཆེའི་སྐོར་དང་ལས་དོན་མཇུག་འདེད་ཀྱི་སྐུལ་ལྕག་དུས་ནས་དུས་སུ་ཁ་པར་རམ། དྲ་རྒྱའི་བརྒྱུད་ལམ་ཁག་ནས་འབྲེལ་བ་བྱ་དགོས། སྤྱི་མོས།

༦༽   མདོ་སྨད་པ་ཞིག་ལ་ངོ་སྦྱོར་རྒྱབ་གཉེར་སོགས་ཕྱག་ཁྱེར་སྤྲོད་དགོས་མིན་ཐོག་རྩོད་རྙོག་བྱུང་ཚེ་ཚོགས་གཙོའི་ཐག་གཅོད་དེ་མཐའ་མ་ཡིན།  སྤྱི་མོས།

དོན་ཚན་བཞི་བ།       ཆབ་སྲིད་ཀྱི་ལས་དོན་བྱེད་ཕྱོགས།

༡༽  མདོ་སྨད་ཚོགས་ཆེན་གྱི་གྲོས་ཆོད་དགོངས་དོན། མདོ་སྨད་དབུས་རྒྱུན་གྱིས་ཆབ་སྲིད་ཀྱི་ལས་འགུལ་ཇི་ཞིག་སྤེལ་ཡང་། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག འཛུགས་ཀྱི་གཏན་འབེབས་སྲིད་བྱུས་ཀྱི་རྒྱ་ལས་མ་བརྒལ་པ་བྱ་དགོས། སྤྱི་མོས།

༢༽  མདོ་སྨད་དབུས་རྒྱུན་ལས་སུ་ཡིན་ཡང་མདོ་སྨད་དབུས་རྒྱུན་གྱི་ངོ་ཚབ་མཚོན་པའི་ཐོག་གོང་གསལ་སྲིད་བྱུས་ལས་བརྒལ་པའི་ལས་འགུལ་ནང་ཞུགས་མི་ཆོག སྤྱི་མོས།

༣༽   ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་ཐད་ལོ་རེ་ནང་ཐེངས་གཅིག་མདོ་སྨད་པ་བླ་ཆེན་ཁག་དང་། བཀའ་ཟུར། སྤྱི་ཟུར། གཞན་ཡང་ཤེས་ཡོན་ཅན་དང་ཉམས་མྱོང་ཅན་ལྷན་དུ་གོ་བསྡུར་ལམ་སྟོན་ཞུ་འོས་ཞུས་ཆོག སྤྱི་མོས།

༤༽   དུས་རྒྱུན་ཏུ་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་དང་འབྲེལ་བ་དམ་ཟབ་དགོས་པ་དང་། དོན་ཚན་བཞི་པའི་ནང་གསེས་དང་པོ་དང་མ་འགལ་བའི་ཐོག་ནས་ཟུང་འབྲེལ་གྱི་ལས་འགུལ་སྤེལ་བའམ་མཉམ་ཞུགས་བྱ་ཆོག་པ་ཡིན། སྤྱི་མོས།

༥༽   ཆབ་སྲིད་ལས་འགུལ་སྤེལ་འཆར་དུས་ནས་དུས་སུ་རྒྱུན་ལས་ལྷན་ཚོགས་ནས་གཏན་འབེབས་བྱ་རྒྱུ། སྤྱི་མོས།

དོན་ཚན་ལྔ་པ།                   སྤྱི་ཚོགས་བདེ་དོན་གྱི་ལས་དོན་བྱེད་ཕྱོགས།

༡༽  དྲུང་ཆེ་དང་བདེ་དོན་འགན་འཛིན་ནས་སྤྱི་ཚོགས་བདེ་དོན་གྱི་རྐང་འགན་གཙོ་བོ་ལེན་རྒྱུ་དང་། རྒྱུན་བཞུགས་རྒྱུན་ལས་རྣམས་ཀྱིས་ཀྱང་འགན་ཁུར་མཉམ་ལེན་བྱ་དགོས། གནས་ཚུལ་བྱེ་བྲག་པ་བྱུང་རིགས་ལ་སྤྱི་ཚོགས་བདེ་དོན་གྱི་འགན་འཛིན་ལྷན་གོ་བསྡུར་གྱིས་ལས་འགན་ཆ་བགོས་བྱ་དགོས། སྤྱི་མོས།

༢༽   མདོ་སྨད་པ་ཡིན་རིགས་ནས་མདོ་སྨད་ལག་ཁྱེར་བྱང་བུ་བཟོ་དགོས་ཤིང་། མདོ་སྨད་ལག་ཁྱེར་བྱང་བུ་མེད་རིགས་ལ་རྒྱབ་གཉེར་དང་ངོས་སྦྱོར་སོགས་སྤྲོད་རྒྱུ་མིན། སྤྱི་མོས།

༣༽   གནད་དོན་བྱེ་བྲག་པའི་ཆེད་དུ་ཕྱག་ཁྱེར་བྱང་བུ་དང་ངོས་སྦྱོར། རྒྱབ་གཉེར་ཡིག་ཆ་སོགས་གནད་དོན་ར་འཕྲོད་གསལ་པོ་མ་ཆགས་པར་ནམ་ཡང་སྤྲོད་མི་ཆོག སྤྱི་མོས།

༤༽ རང་ཁོངས་ཀྱི་མི་ཤི་རྐྱེན་ཆགས་དང་། ནད་མནར་ཛ་དྲག་རིགས་ལ་གཟིགས་སྐྱོང་ངེས་པར་བྱ་དགོས་ཤིང་། མི་ཤི་རྐེན་ཆགས་ལ་ཐུགས་གསོའི་དོད་སྒོར་༣༥༠རེ་འབུལ་རྒྱུ་དང་། ནད་མནར་ཚབས་ཆེན་རོགས་སྐྱོར་དགོས་རིགས་ལ་མདོ་སྨད་ཛ་དྲག་མ་དངུལ་ལས་ཚད་འཛིན་སྒྲིག་གཞི་གཞིར་བཞག་ཐོག་རོགས་དངུལ་སྤྲོད་རྒྱུ། སྤྱི་མོས།

༥ ༽  རང་ཁོངས་རྒན་འཁོགས་རྒན་གསོ་ཁང་དུ་མ་ཚུད་པ་རྣམས་མདོ་སྨད་དབུས་རྒྱུན་དང་མདོ་སྨད་སྤྱི་འཐུས་རྣམ་པ་བརྒྱུད་ནས་རྒྱབ་གཉེར་གང་དགོས་ཐོག་རྒས་གསོར་འཇུག་ཐབས་བྱ་རྒྱུ། སྤྱི་མོས།

༦༽   རང་ཁོངས་དཔལ་འབྱོར་ཉམ་ཐག་ཟ་འཐུང་མེད་པ་བོད་མིའི་སྒྲིག་འཛུགས་ནས་རོགས་རམ་མེད་པའམ། འདང་ངེས་མེད་པ་ར་འཕྲོད་འཕེར་ངེས་རྣམས་ལ་འོས་འཚམས་ཀྱི་རོགས་སྐྱོར་བྱ་རྒྱུ། སྤྱི་མོས།

༧ ༽  རང་ཁོངས་དཔལ་འབྱོར་ཞན་རིགས་ཀྱི་བུ་ཕྲུག་མཐོ་སློབ་དང་། ལག་ཤེས་བཟོ་གྲྭ་སོགས་ལ་གཏོང་ཐུབ་མིན་གྱི་གནས་ཚུལ་བྱུང་ཚེ། མདོ་སྨད་དབུས་རྒྱུན་གྱིས་མདོ་སྨད་པ་དཔལ་འབྱོར་དྲགས་གྲས་སམ། གཞན་སྤྱི་སྒེར་ཚོགས་སྡེ་ལ་འབྲེལ་ཞུས་ཀྱིས་ཤེས་ཡོན་རོགས་རམ་ཐོབ་ཐབས་བྱ་རྒྱུ། སྤྱི་མོས།

༨༽   རང་ཁོངས་མྱོས་རྫས་ལ་ངན་གོམས་ཁག་བཅོས་ཐབས་སུ་སྨན་ཁང་ངམ་སྒྲིག་འཛུགས་ཚད་ལྡན་ནང་འཇུག་ཐབས་བྱ་རྒྱུ། སྤྱི་མོས།

༩༽   མདོ་སྨད་པ་ལས་མེད་ལས་ཀ་བྱེད་འདོད་མེད་པ་རྣམས་ཕུད། གཞན་ལས་ཀ་བྱེད་འདོད་ཡོད་རིགས་ལ་སློབ་གསོ་དང་། ལས་ཀར་འཇུག་ཐབས་བྱ་རྒྱུ། སྤྱི་མོས།

༡༠༽  རང་ཁོངས་གསར་དུ་འབྱོར་བ་རྣམས་ཀྱི་ནང་ནག་ཉེས་ཅན་ཕུད་སྐྱབས་བཅོལ་ལག་ཁྱེར་དང་གཞན་ཡུལ་ཁྲིམས་ཀྱི་རྐྱེན་པས་དཀའ་ངལ་འཕྲད་རིགས་ལ་སྐབས་བསྟུན་རོགས་རམ་མཐུན་སྦྱོར་བྱ་རྒྱུ། སྤྱི་མོས།

དོན་ཚན་དྲུག་པ།                 མདོ་སྨད་དབུས་སའི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས།

༡༽   མདོ་སྨད་དབུས་རྒྱུན་ལས་ཁང་གི་ཚོགས་གཙོ་གཞོན་དང་སྤྱི་ཁྱབ་དྲུང་ཆེས་རྐང་འགན་ཐོག་རྒྱུན་བཞུགས་ལས་བྱེད་ནས་ས་གནས་ཁག་ལ་འབྲེལ་བ་རྒྱུན་ཆད་མེད་པ་བྱ་དགོས། སྤྱི་མོས།

༢༽   མདོ་སྨད་དབུས་རྒྱུན་གྱི་ལས་དོན་དང་ལས་ཁུངས་ཚགས་ཚུད་ཡོང་སླད་རྒྱུན་ལས་ནང་ཁུལ་ནས་ལས་བྱེད་ཚད་ལྡན་ཞིག་བསྐོ་གཞག་བྱ་རྒྱུ། སྤྱི་མོས།

༣༽   ཕྱིར་བསྡུ།

༤༽   ཕྱིར་བསྡུ།

༥༽    དབུས་རྒྱུན་ཕྱོགས་བསྐྱོད་ལོ་རེ་ཐེངས་རེ་དགོས་རྒྱུ་དང་། ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་རྒྱུན་ལས་ལྷན་ཚོགས་ཀྱིས་གཏན་འབེབས་བྱ་རྒྱུ། འོན་ཀྱང་དམིགས་བསལ་ཕྱོགས་བསྐྱོད་བྱ་དགོས་རིགས་ཚོགས་གཙོ་གཞོན་དང་དྲུང་ཆེ་མཉམ་འབྲེལ་གྱིས་ཐག་གཅོད་བྱ་འཐུས། སྤྱི་མོས།

༦༽  མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ས་གནས་རྒྱུན་ལས་སོ་སོའི་འབྲེལ་བ་བྱ་ཡུལ་གྱི་ཁ་བྱང་དང་། ཡིག་འབྲེལ་གྱི་ཡིག་སྣོད་ཁམས་དྭངས་ཉར་ཚགས་དགོས། ས་གནས་རྒྱུན་ལས་ཁག་འཕོ་འགྱུར་བྱུང་ཚེ་འབྲེལ་བ་བྱ་ཡུལ་དང་ཁ་བྱང་གསར་བ་སྐབས་མཚམས་སྣོན་འཇོག་དོ་ནན་བྱ་དགོས། སྤྱི་མོས།

༧༽    དབུས་རྒྱུན་གྱི་ལས་དོན་ཅི་བྱས་དང་། གསལ་བསྒྲགས། ས་གནས་ཁག་ནས་ལས་འགུལ་སྤེལ་བའི་གནས་ཚུལ་དང་། གཞན་ཡང་བོད་ནང་དང་བཙན་བྱོལ་གྱི་གནས་ཚུལ་གལ་ཆེའི་རིགས་དུས་ནས་དུས་མདོ་སྨད་དྲ་རྒྱའི་ཐོག་འགོད་ཐུབ་བྱ་རྒྱུ། སྤྱི་མོས།

༨༽ ས་གནས་ཁག་ལ་ཕྱོགས་བསྐྱོད་སྐབས་ས་ཁོངས་སོ་སོར་མདོ་སྨད་མི་མང་གི་གྲངས་འབོར་དང་། ལོ་རེའི་སྐྱེས་འདས་ཀྱི་གནས་སྟངས། ཛ་དྲག་ཉམ་ཐག་ཕྲུ་གུར་མཐོ་སློབ་ཤེས་ཡོན་རོགས་རམ་དགོས་ངེས་དང་ལས་མེད་བཅས་ཀྱི་ཐོ་གཞུང་བསྡུ་འགོད་ཀྱིས་རྒྱུན་ལས་ལྷན་ཚོགས་སུ་ཕུལ་དགོས། སྤྱི་མོས།

༩༽    རྒྱལ་བའི་སྐུ་ཕྱྭ་དང་གཞན་ཡང་ཞབས་རིམ་སྒྲུབ་དགོས་ཁག་ཚོགས་གཙོའི་སྟངས་འཛིན་འོག་ཆོས་རིག་འགན་འཛིན་གྱིས་གཏན་འབེབས་ཀྱིས་དེ་ལུགས་ལག་བསྟར་བྱ་དགོས། སྤྱི་མོས།

༡༠༽  ས་གནས་ཁག་གི་རྒྱུན་ལས་དང་། མདོ་སྨད་བླ་དཔོན་གནད་ཡོད་རྣམས་རྡ་སར་ཕེབས་སྐབས་འབྲེལ་བ་དང་སྣེ་ལེན་ཞུ་དགོས། དེ་བཞིན་བོད་རིགས་སྤྱི་དང་ལྷག་པར་དུ་མདོ་སྨད་པ་སུ་ཞིག་ལ་རང་རེའི་སྤྱི་ཚོགས་དང་རྒྱལ་སྤྱིའི་གཟེངས་བསྟོད་ཐོབ་རིགས་ལ་ལེགས་གསོའི་འཚམས་འདྲི་ཞུ་དགོས། སྤྱི་མོས།

དོན་ཚན་བདུན་པ། དཔལ་འབྱོར་འདུ་འགོད་དང་། སྔོན་རྩིས། དངུལ་རྩིས། དཔལ་འབྱོར་བདག་ཉར་བྱེད་ཕྱོགས།

༡༽   མདོ་སྨད་དབུས་རྒྱུན་གྱི་དགོས་ངེས་འགྲོ་གྲོན་དངུལ་འབབ་ཕུད། དེ་མིན་དངུལ་འབོར་ཇི་ཡོད་ཁུངས་བརྟན་དུས་བཀག་སྐྱེད་བཅོལ་བྱ་རྒྱུ། ཁུངས་བརྟན་མིན་རྒྱུན་ལས་ལྷན་ཚོགས་ཀྱིས་ཐག་གཅོད་བྱ་རྒྱུ་དང་། དུས་བཀག་སྐྱེད་བཅོལ་ཁག་ཚོགས་གཙོ། དྲུང་ཆེ་དང་། དངུལ་གཉེར། རྩིས་པ་བཅས་བཞི་ཡི་མིང་ཐོག་འཇོག་རྒྱུ་དང་། རྒྱུན་ལས་ལྷན་ཚོགས་ཀྱིས་བཀའ་འཁྲོལ་མེད་པར་དངུལ་ཕྱིར་འཐེན་ནམ་ཡང་མི་ཆོག སྤྱི་མོས།

༢ ༽   ད་ཡོད་དངུལ་འབབ་ཇི་ཡོད་དུས་བཀག་སྐྱེད་བཅོལ་མུ་མཐུད་འཇོག་རྒྱུ་དང་། དེའི་སྐྱེད་འབབ་དང་། ཟ་ཁང་གི་ཁང་གླ། ཚོགས་དངུལ་ཞལ་འདེབས་བཅས་ནས་ལོ་རེའི་སྔོན་རྩིས་གཏན་འབེབས་བྱ་རྒྱུ། སྤྱི་མོས།

༣༽   ཕྱིར་བསྡུ། སྤྱི་མོས།

༤༽   མདོ་སྨད་དཔལ་འབྱོར་ཡར་རྒྱས་གོང་འཕེལ་ཡོང་སླད་དབུས་རྒྱུན་ལྷན་ཚོགས་ཀྱིས་དུས་ནས་དུས་སུ་འཆར་གཞི་བསྒྲིག་རྒྱུ། སྤྱི་མོས།

༥༽   དགོས་ངེས་རྒྱུན་གྲོན་ཆེད་དངུལ་ཁང་དུ་དངུལ་འཇོག(Saving bank account)བྱ་རྒྱུ་དང་། དེ་ཡང་ཚོགས་གཙོ། དྲུང་ཆེ་དང་དངུལ་གཉེར། རྩིས་པ་བཞི་ཡི་མཚན་ཐོག་ཏུ་འཇོག་རྒྱུ། དེ་ནས་མཚན་འཁོད་པ་རྒྱུན་ལས་གཉིས་ཀྱི་མཚན་རྟགས་ཐོག་དངུལ་འདོན་འཇུག་ཆོག་ནའང་འབུམ་གཅིག་གི་མན་ཚོགས་གཙོ་ལྷན་རྒྱས་ནས་ཐག་གཅོད་བྱ་རྒྱུ་དང་། དེ་ལས་མང་བ་རྒྱུན་ལས་ལྷན་འཛོམས་ཐོག་གོ་བསྡུར་གྱིས་ཐག་གཅོད་བྱ་རྒྱུ། སྤྱི་མོས།

༦ ༽    རྒྱུན་གྲོན་གསོལ་ཕོགས་དང་ཁང་གླ། གཞན་དངུལ་འབོར་ཆེ་བ་རྣམས་དངུལ་ཁང་བཅད་ཤོག་བརྒྱུད་སྤྲོད་དགོས་། དེ་ལྟར་མ་བྱུང་ཚེ་ཁུངས་ལྡན་འགྲེལ་བརྗོད་ཡིག་ཐོག་འགོད་དགོས། སྤྱི་མོས།

༧༽   དངུལ་གཉེར་གྱི་སར་ལག་དངུལ་ཧིན་སྒོར་ཉིས་ཁྲི་ལྷག་ཉར་འཇོག་མི་ཆོག སྤྱི་མོས།

༨༽   འགྲོ་སོང་ཇི་ཕྱིན་ལ་ཁུངས་ལྡན་བྱུང་འཛིན་ཡོད་དགོས། དེ་ལྟར་མ་བྱུང་ཚེ་མ་ཐུབ་པའི་འགྲེལ་བརྗོད་གསལ་བོ་དགོས།           སྤྱི་མོས།

༩༽    ཟླ་རེའི་མཚམས་ཚོགས་གཙོ་གཞོན་གྱིས་སྟངས་འཛིན་འོག་དངུལ་གཉེར་དང་རྩིས་པས་དེང་ལུགས་བཞིན་རྩིས་ཉར་འཇོག་བྱ་དགོས་པ་དང་། དངུལ་ལྷག་དང་དངུལ་ཆད་ཀྱི་གནས་སྟངས་གསལ་པོ་བཟོ་དགོས། མང་མོས།

༡༠༽   རྩིས་ཀྱི་གནས་སྟངས་ཆ་ཚང་ཁ་གསལ་རྒྱུན་ལས་ལྷན་ཚོགས་ནམ་འཚོགས་སྐབས་སྙན་སྒྲོན་ཞུ་དགོས། སྤྱི་མོས།

༡༡༽   ལས་འཆར་བྱེ་བྲག་པར་སྤྱི་དངུལ་ནས་གཏོང་མི་དགོས་པར་ལས་འཆར་བཟོས་ཏེ་སྤྱི་སྒེར་རོགས་ཚོགས་ཁག་ནས་ཐབས་འཚོལ་བྱ་རྒྱུ། སྤྱི་མོས།

༡༢༽   མདོ་སྨད་ནང་ཁུལ་དང་། ཕྱི་ཁག་ནས་རོགས་རམ་ཇི་ཐོབ་ཚང་མ་ཚོགས་གཙོ་གཞོན་དང་། དྲུང་ཆེ། དངུལ་གཉེར་དང་རྩིས་པ་བཅས་ཀྱིས་མཁྱེན་རྟོགས་དགོས་པ་དང་འཕྲལ་དུ་དངུལ་ཁང་ནང་འཇོག་དགོས། དངུལ་རྐྱང་ཉིན་བཅོ་ལྔའི་ནང་ཚུན་དངུལ་ཁང་ནང་འཇོག་མ་ཐུབ་ཚེ། འབྲེལ་ཡོད་ནས་དངུལ་སྐྱེད་བརྒྱ་ཆ ༡༠ སྒྲུབ་འབུལ་ཞུ་དགོས། དེ་མིན་མ་ཐུབ་པའི་འགྲེལ་བརྗོད་ཡིག་ཐོག་འགོད་དགོས། སྤྱི་མོས།

༡༣༽  ཞལ་འདེབས་དང་རོགས་རམ་བྱུང་རིགས་ལ་བྱུང་འཛིན་ངེས་པར་དུ་སྤྲོད་དགོས། སྤྱི་མོས།

༡༤༽  མདོ་སྨད་ས་རྒྱུན་ཁག་ལ་ཚོགས་དངུལ་དུས་ཐོག་བསྡུ་དགོས་པའི་བཀོད་ཁྱབ་གཏོང་དགོས་པ་དང་ཚོགས་དངུལ་ལས་བྱུང་བའི་རྩིས་གསལ་བདག་ཉར་དགོས།          སྤྱི་མོས།

དོན་ཚན་བརྒྱད་པ།    འགྲིམ་འགྲུལ་དང་ཟུར་ཕོགས།

༡༽  དབུས་རྒྱུན་གྱི་ལྟ་རྟོགས་འོག་ཡོད་པའི་མདོ་སྨད་ཀྱི་དངུལ་གང་ཡོད་དེ་དག་བསྲི་ཚགས་བདག་ཉར་བྱ་དགོས་པ་ལས་དོན་མེད་ཆུད་ཟོས་སུ་ནམ་ཡང་གཏོང་མི་ཆོག སྤྱི་མོས།

༢༽   ཕྱོགས་བསྐྱོད་སྐབས་འགྲིམ་འགྲུལ་ཐོབ་ཐང་མེ་འཁོར་གྲང་གློག་ཨང་3AC དང་ཡང་ན་2AC གང་རུང་། སྤྱི་སྤྱོད་འགྲུལ་འཁོར་དཀྱིས་མའི་ཐོབ་ཐང་ཡོད། དེ་ལས་བརྒལ་པའི་འཕར་སོང་རང་ངོས་ནས་གཏོང་དགོས། ཛ་དྲག་གི་རྐྱེན་པས་གནམ་ཐོག་བསྐྱོད་དགོས་བྱུང་ན་རྡ་སར་བཅའ་བཞུགས་རྒྱུན་ལས་རྣམས་ཀྱིས་གོ་བསྡུར་བྱ་འཐུས། སྤྱི་མོས།

༣༽   ཕྱོགས་བསྐྱོད་ཉིན་དོད་ ༣༥༠ ཐམ་པ་དང་། ཞལ་ལག་ནར་གཏོང་ཡོད་ན་དེའི་ཐོབ་ཐང་མེད།

༤༽   ཕྱོགས་བསྐྱོད་ལས་དོད་ཉིན་རེར་ཧིན་སྒོར་ ༣༥༠ ཡོད། སྤྱི་མོས།

༥༽ ཕྱོགས་སྐྱོད་སྐབས་མགྲོན་ཁང་ནང་བཞུགས་དགོས་བྱུང་ཚེ་ཉིན་རེར་ ༥༠༠ ལས་བརྒལ་ན་དོ་བདག་སོ་སོ་ནས་གཏོང་དགོས། གཞན་དམིགས་བསལ་གྱི་འགྲོ་གྲོན་ཡོད་ན་རྒྱུན་ལས་ལྷན་འཛོམས་ཐོག་སྔོན་ནས་བཀའ་འཁྲོལ་ཡོད་པ་དང་། ཡང་ན་རྒྱུན་ལས་ལྷན་འཛོམས་ཀྱིས་དམིགས་བསལ་ཐག་གཅོད་བྱེད་དགོས་རིགས་ལས་གཞན་ཅི་ཡོད་རྩིས་འགྲོ་གཏོང་རྒྱུ་མིན། སྤྱི་མོས།

༥༽  གཞུང་འབྲེལ་ཕྱི་རྒྱལ་ཁག་ལ་བསྐྱོད་དགོས་རིགས་ལ་སྔོན་ཚུད་ནས་མདོ་སྨད་ས་རྒྱུན་ཁག་ཡང་ན། མི་སྣར་འབྲེལ་མཐུད་ཀྱིས། ཟས་དོད་དང་ཁང་དོད་འབུལ་མི་དགོས་པ་བྱ་དགོས། དེ་མིན་ཕྱིར་བསྐྱོད་མ་བྱས་གོང་ཚོགས་གཙོ་གཞོན་དང་། སྤྱི་ཁྱབ་དྲུང་ཆེ། དངུལ་གཉེར། རྩིས་པ་བཅས་གྱིས་ཁེ་ཕན་ཁག་གཏན་འབེབས་བྱ་དགོས།

དོན་ཚན་དགུ་པ།       རྩ་འཛིན་སྒྲིག་གཞིའི་སྐད་ཡིག་ཚད་འཛིན།

མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞི་འདི་སྐད་ཡིག་གང་འདྲ་ཞིག་གི་ཐོག་ཕབ་བསྒྱུར་བྱས་ཀྱང་ཚད་འཛིན་ས་བོད་ཡིག་ཡིན། སྤྱི་མོས།

དོན་ཚན་བཅུ་པ།       རྩ་འཛིན་སྒྲིག་གཞི་བསྐྱར་བཅོས།

རྩ་འཛིན་སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་རིགས་བྱུང་ཚེ་རྒྱུན་ལས་ལྷན་ཚོགས་ཀྱིས་མང་མོས་ཐོག་བསྐྱར་བཅོས་བྱ་འཐུས། སྤྱི་མོས

མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཡིག་ཚང་ནས་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༥ ཚེས་ ༡༨ ཉིན།

About ལས་འབྱེད།

Leave a Reply

Your email address will not be published.