༄༅། །བོད་ལྗོངས་མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞི།

༄༅། །བོད་ལྗོངས་མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞི།

 

ལེའུ་དང་པོ། རྩ་འཛིན

དོན་ཚན་དང་པོ།   སྒྲིག་གཞིའི་མིང།

བོད་ལྗོངས་མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞི་བོད་རྒྱལ་ལོ་ ༢༡༤༤ ཕྱི་ལོ་ ༢༠༡༧  ཞེས་འབོད་རྒྱུ།

དོན་ཚན་གཉིས་པ། འགོ་འཛུགས།

རྩ་འཛིན་སྒྲིག་གཞི་འདི་བོད་ལྗོངས་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་དུ་གཏན་འབེབས་བྱས་ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ།

དོན་ཚན་གསུམ་པ། ཁྱབ་ཚད།

སྒྲིག་གཞི་འདིས་བོད་ལྗོངས་མདོ་སྨད་ཆོལ་ཁའི་ཁྱབ་ཁོངས་སུ་གཏོགས་པའི་མདོ་སྨད་པ་ཡོངས་ལ་ཁྱབ་པ་ཡིན།

ལེའུ་གཉིས་པ། གཞི་རྩའི་དམིགས་ཡུལ་དང་བྱེད་སྒོ།

དོན་ཚན་བཞི་པ། གཞི་རྩའི་དམིགས་ཡུལ།

༡།  ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་སྤྱི་དང་། ལྷག་པར་དུ་ཐུགས་བསྐྱེད་དམ་བཅའ་རྣམ་གསུམ་ལག་བསྟར་འབྱུང་ཐབས་སུ་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ།

༢།  བོད་དོན་བདེན་མཐའ་གསལ་ཐབས་སུ་རང་ནུས་ཅི་ལྕོགས་ཀྱིས་འབད་བརྩོན་བྱ་རྒྱུ།

༣།   བོད་ཆོལ་གསུམ་ཆོས་ལུགས་དང་བཅས་པ་མཐུན་སྒྲིལ་དམ་གཙང་ཐོག མདོ་སྨད་ནང་ཁུལ་དམ་ཚིག་གཟོང་ཁ་གཅིག་སྒྲིལ་འབྱུང་ཐབས་བྱ་རྒྱུ།

༤།  གཞིས་བྱེས་བོད་མིའི་སྤྱི་ཚོགས་དང་ཚོགས་མི་སོ་སོའི་གནས་ཡུལ་དུ་འཁོར་ཡུག་སྲུང་སྐྱོབ་དང་ཆོས་ལུགས་རིས་མེད། འཚེ་མེད་ཞི་བའི་ལྟ་གྲུབ་སྙིང་པོར་བཟུང་བའི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་བཟང་པོའི་ཡོན་ཏན་གོང་སྤེལ་བྱ་ཐབས།

༥།  བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ཡུལ་སྲོལ་གོམས་གཤིས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་འབྱུང་ཐབས།

༦། གཞིས་བྱེས་གཉིས་སུ་གནའ་དེང་ཤེས་ཡོན་ཡ་མ་བྲལ་བའི་འདབ་གཤོག་ཟུང་ལྡན་གྱི་སློབ་གསོ་སྐུལ་སྤེལ།

༧།  གཙང་སྦྲ་འཕྲོད་བསྟེན་དང་ནད་རིགས་སྔོན་འགོག་སྨན་བཅོས་བཅས་ཀྱི་གོ་རྟོགས་ལས་འགུལ་སྤེལ་རྒྱུ།

༨། ཆོལ་ཁོངས་རྒས་ཧྲེང་དང་། ནད་མནར་རམ་འཚོ་འཁོས་ཉམ་ཐག་རིགས་ལ་མཐུན་འགྱུར་རོགས་རམ་གང་ཡོང་བྱ་རྒྱུ།

དོན་ཚན་ལྔ་པ། བྱེད་སྒོ།

༡། སྒྲིག་གཞི་འདིའི་གཞི་རྩའི་དམིགས་ཡུལ་ཁག་སྒྲུབ་ཐབས་སུ་སྤྱི་སྒེར་ཚང་མས་འབད་བརྩོན་བྱ་རྒྱུ།

༢། མདོ་སྨད་དབུས་དང་ས་གནས་རྒྱུན་ལས་ཀྱི་ལས་དོན་ཡར་རྒྱས་ཚགས་ཚུད་ཡོང་ཐབས་སུ་ཚོགས་མི་ཚང་མས་མཐུན་འགྱུར་རོགས་རམ་གང་ཡོང་བྱ་རྒྱུ།

༣། ཚོགས་མི་ཚང་མས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བོད་ཀྱི་ཡུལ་མིའི་གཞི་རྩའི་ཐོབ་ཐང་དང་། ལས་འགན་ཁག་སྒྲུབ་དགོས།

༤། མདོ་སྨད་དབུས་རྒྱུན་ལས་ཁང་ནས་ཛ་དྲག་འགན་སྐུལ་གང་གནང་འབད་སྒྲུབ་བྱེད་དགོས།

༥།  ཆབ་སྲིད་ཀྱི་ལས་འགུལ་གང་ཞིག་སྤེལ་ཀྱང་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་ཁྲིམས་དང་མཐུན་པར་བྱ་རྒྱུ།

༦།  མདོ་སྨད་དབུས་རྒྱུན་དང་ས་གནས་རྒྱུན་ལས་ཁང་ལས་གཞན་པའི་ལུང་ཚན་བྱེ་བྲག་པའི་སྐྱིད་སྡུག་ཚོགས་པ་འཛུགས་མི་ཆོག

ལེའུ་གསུམ་པ། ཚོགས་མི།

དོན་ཚན་དྲུག་པ། ཚོགས་མིའི་ཐོབ་ཐང་།

༡།  ཆོལ་ཁོངས་ཚོགས་མི་རྣམས་ཕོ་མོ་དང་། ཆོས་ལུགས། སྐྱ་སེར། དབུལ་ཕྱུག  གོ་གནས་བཅས་ཀྱི་དབྱེ་བ་མེད་པར་ཚང་མ་འདྲ་མཉམ་གྱིས་སྒྲིག་གཞི་འདིའི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག

༢།  མདོ་སྨད་ཆོལ་ཁོངས་སུ་གཏོགས་པ་ཚང་མ་ཚོགས་མི་ཡིན་ཞིང་། མི་རིགས་དང་ཆོལ་ཁུངས་གཞན་དང་གཉེན་སྒྲིག་བྱས་པའི་གཟའ་ཟླ་དང་ཕྲུ་གུ་རྣམས་ལོ་གཉིས་འཁོར་མཚམས་ཚོགས་མིར་ཞུགས་ཆོག

༣།  ཚོགས་མི་རྣམས་མདོ་སྨད་དབུས་དང་ས་གནས་རྒྱུན་ལས་ཀྱི་ལས་འགུལ་དང་། ཚོགས་འདུའི་རིགས་ལ་མཉམ་ཞུགས་བྱེད་ཆོག

༤། ཚོགས་མི་རང་ལོ་ ༡༨ ཧྲིལ་པོ་ལོན་པ་རྣམས་མདོ་སྨད་དབུས་དང་ས་གནས་རྒྱུན་ལས་ཀྱི་འོས་གཞིར་ཞུགས་པའམ། འོས་ཤོག་འཕེན་པའི་ཐོབ་ཐང་ཡོད།

༥།  ཚོགས་མི་རྣམས་ཀྱིས་མདོ་སྨད་དབུས་དང་ས་གནས་རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་ལ་བསམ་འཆར་འདོན་པ་དང་། གཞེན་སྐུལ་བྱེད་ཆོག

༦། ཚོགས་མི་རྣམས་ཀྱིས་མདོ་སྨད་དབུས་དང་ས་གནས་རྒྱུན་ལས་ཀྱི་ཡིག་ཆ་དང་རྩིས་ཁྲར་ལྟ་ཞིབ་བྱེད་ཆོག

༧།  ཚོགས་མི་རྣམས་ཀྱིས་མདོ་སྨད་དབུས་དང་ས་གནས་རྒྱུན་ལས་ལ་བདེ་སྡུག་ཞུ་གཏུག་དང་རོགས་སྐྱོར་དགོས་པའི་འབོད་སྐུལ་ཞུ་ཆོག

དོན་ཚན་བདུན་པ། ཚོགས་མིའི་ལས་འགན།

༡།    བོད་ལྗོངས་མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞི་ལ་བརྩི་བཀུར་དང་ཉམས་ལེན་བྱེད་དགོས།

༢། མདོ་སྨད་ཚོགས་ཆེན་དང་། དམིགས་བསལ་ཚོགས་ཆེན་གྱི་གྲོས་ཆོད་ཁག་ལ་བརྩི་སྲུང་དང་ལག་བསྟར་བྱེད་དགོས།

༣། མདོ་སྨད་དབུས་དང་ས་གནས་རྒྱུན་ལས་ཁང་གིས་སྤེལ་བའི་ལས་འགུལ་ཅི་རིགས་དང་། ཚོགས་འདུ་དང་འདུ་འཛོམས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱེད་དགོས།

༤།   མདོ་སྨད་ཆོལ་ཁའི་ཚོགས་དངུལ་ཆད་མེད་འབུལ་དགོས།

༥།  མདོ་སྨད་ཆོལ་ཁོངས་ཚོགས་མི་ཕན་ཚུན་དབར་རོགས་རེས་དང་མཐུན་འགྱུར་རྒྱབ་སྐྱོར་བྱེད་དགོས།

༦། མདོ་སྨད་ཆོལ་ཁའི་སྒྲིག་གཞི་དང་། ཚོགས་ཆེན་གྱི་གྲོས་ཆོད་ཁག་གི་དགོངས་དོན་དང་འགལ་བའི་བྱེད་སྒོ་ཇི་རིགས་ལ་འཛུལ་ཞུགས་བྱེད་མི་ཆོག

༧།  མདོ་སྨད་དབུས་རྒྱུན་གྱི་བཀའ་འཁྲོལ་མེད་པར་ཆོལ་ཁོངས་ཚོགས་མི་དང་། ཚོགས་མི་མཉམ་འདུས་ཀྱི་མིང་བཏགས་ཚོགས་པ། ས་གནས་རྒྱུན་ལས་བཅས་སུ་རུང་ནས་མདོ་སྨད་ཆོལ་ཁའི་མིང་ཐོག་ནས་དཔལ་འབྱོར་འདུ་འགོད་དང་། ཞལ་འདེབས་བསྡུ་སློང་གི་བྱེད་སྒོ་སྤེལ་མི་ཆོག

དོན་ཚན་བརྒྱད་པ། མདོ་སྨད་ཚོགས་ཆེན།

༡།  མདོ་སྨད་ཚོགས་ཆེན་གྱི་གྲུབ་ཆ་ནི་འགན་འཛིན་ལྷན་ཚོགས་དང་། ས་གནས་ཁག་གི་གྲངས་བཅད་ལྟར་གྱི་ཚོགས་བཅར་བ་རྣམས་དང་། དབུས་རྒྱུན་ཟུར་བ་རྣམས་ཡིན།

༢། ལོ་གསུམ་རེའི་མཚམས་སུ་མདོ་སྨད་ཆོལ་ཁའི་ཚོགས་ཆེན་ཐེངས་རེ་སྐོང་ཚོགས་བྱ་རྒྱུ།

༣།  མདོ་སྨད་ཚོགས་ཆེན་ནི་དབུས་རྒྱུན་ལས་ཁང་གི་སྒྲིག་གཞི་གཏན་འབེབས་དང་བསྐྱར་བཅོས། དབུས་རྒྱུན་ཚོགས་མི་འདེམས་བསྐོ་དང་འཕོ་འགྱུར། གྲོས་ཆོད་འཇོག་པ། དབུས་རྒྱུན་གྱི་ལས་བསྡོམས་དང་རྩིས་ཞིབ་སྙན་ཐོར་ཞིབ་འཇུག་དང་འདྲི་བརྩད་བཅས་ཀྱི་དབང་ཚད་ལྡན་པའི་མདོ་སྨད་ཆོལ་ཁའི་དབང་ཚད་མཐོ་ཤོས་ཀྱི་ཚོགས་འདུ་དེ་ཡིན།

༤། ཚོགས་ཆེན་གྱི་ཚོགས་ཚེས་དང་། ཚོགས་ཡུན། གྲོས་གཞི་བཅས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གཏན་འབེབས་བྱ་རྒྱུ།

༥།  དབུས་རྒྱུན་ལས་ནས་ས་གནས་རྒྱུན་ལས་ཁག་གི་གནས་སྟངས་ལ་གཞིགས་པའི་ཚོགས་ཆེན་གྱི་ཚོགས་མིའི་གྲངས་འབོར་གྲངས་བཅད་དང་། ཚོགས་ཡུལ་ས་གནས་གཏན་འབེབས་བྱས་ཏེ། ཚོགས་ཆེན་བསྐྱང་རྒྱུར་ཉིན་གྲངས་  ༩༠  གོང་ས་གནས་ཚང་མར་གསལ་བསྒྲགས་བྱ་རྒྱུ།

༦།  ཚོགས་བཅར་བའི་དངོས་ཡོད་གྱི་བརྒྱ་ཆའི་༥༡མ་ལོངས་ན་དོན་ཐག་གཅོད་བྱེད་མི་ཆོག

དོན་ཚན་དགུ་བ། མདོ་སྨད་དམིགས་བསལ་ཚོགས་ཆེན།

༡།  དམིགས་བསལ་ཚོགས་ཆེན་གྱི་ཚོགས་མིའི་གྲུབ་ཆ་ནི་མདོ་སྨད་དབུས་རྒྱུན་ལས་ཁང་ནས་གཏན་འབེབས་བྱ་རྒྱུ།

༢།  ས་གནས་རྒྱུན་ལས་ཁག་གི་རྩ་འབོར་སུམ་ཆ་གཉིས་ནས་ཡིག་ཐོག་ཞུ་སྐུལ་འབྱོར་བའམ། སློབ་སྟོན་པ་སུམ་ཆ་གཉིས་ཡན་གྱིིས་ཞུ་སྐུལ་འབྱོར་བ། ཡང་ན་མདོ་སྨད་དབུས་རྒྱུན་ལས་ནས་དགོས་གལ་མཐོང་ན། མདོ་སྨད་དབུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་ནས་དམིགས་བསལ་ཚོགས་ཆེན་སྡུད་སྐོང་བྱེད་ཆོག

༣། ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་གྱི་ཚོགས་མིའི་ལམ་གྲོན་དང་། ཁང་དོད་སོགས་ས་གནས་རང་ནས་ཞུ་སྤྲོད་དམ། ཡང་ན་དབུས་རྒྱུན་ནས་མཐུན་རྐྱེན་སྦྱོར་མིན་སྐབས་དུས་སོ་སོར་དབུས་རྒྱུན་ལས་ཁང་ནས་གསལ་བསྒྲགས་སུ་གསལ་འདོན་ཇི་བྱས་ལ་རྩ་འཛིན་བྱ་དགོས།

དོན་ཚན་བཅུ་པ།   སྐུ་མགྲོན་དང་ཟུར་ཉན་པ།

༡།ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་གདན་ཞུས་སྐུ་མགྲོན་རྣམས། དབུས་རྒྱུན་ལས་ནས་གོ་སྒྲིག་ལྟར་གྱི་གྲལ་གནས་སུ་བཞུགས་རྒྱུ།

༢།ཟུར་ཉན་པ་རྣམས་དབུས་རྒྱུན་ལས་ཀྱིས་ལག་འཁྱེར་འགྲེམས་སྤྲོད་བྱས་པ་ལྟར་ཟུར་ཉན་པའི་གྲལ་མཚམས་སུ་བཞུགས་རྒྱུ་ལས་ཚོགས་ཞུགས་ཚོགས་མིའི་གྲས་སུ་འཚང་འཇུག་མི་ཆོག་པ་དང་། གཏམ་བཤད་དང་། ཐག་གཅོད་ཀྱི་བྱ་རིམ་ནང་གོ་སྐབས་ལེན་མི་ཆོག

དོན་ཚན་བཅུ་གཅིག ཚོགས་འདུའི་སྐབས་ཀྱི་སྲུང་བྱ་ཁག

༡།  དབུས་རྒྱུན་ལས་ཁང་གིས་འགྲེམས་སྤྲོད་བྱས་པའི་ལག་འཁྱེར་ཡོད་ན་མ་གཏོགས། ཚོགས་ཆེན་གྱི་ཚོགས་ཁང་དུ་མི་སུའང་རང་དགར་འཛུལ་ཞུགས་མི་ཆོག

༢།  ཚོགས་གཙོ་དང་ཚོགས་མིས་བཀའ་མོལ་གནང་བཞིན་པའི་སྐབས་བར་གཅོད་ཀྱི་བཀའ་མོལ་གནང་བ་དང་བར་བཅད་དེ་འགྲོ་བསྐྱོད་མི་ཆོག

༣།  ཚོགས་ཁང་ནང་ཚུལ་མཐུན་བག་ཡོད་བསྟེན་དགོས་པ་ལས། སྒྲིག་མེད་དམ། མཐོང་ཆུང་། ཁེངས་དྲེགས་ཀྱི་སྤྱོད་ཚུལ་སྟོན་པའམ་སྐད་འབོད་རིགས་མི་ཆོག

༤།  ཚོགས་གཙོས་མིང་འབོད་མ་བྱུང་བར་རང་མཚམས་ཀྱིས་གསུང་བཤད་གནང་མི་ཆོག

ལེའུ་བཞི་པ། མདོ་སྨད་དབུས་དང་ས་གནས་ཀྱི་སྒྲིག་འཛུགས་དང་། རྒྱུན་ལས་ཡོང་སྟངས།

དོན་ཚན་བཅུ་གཉིས་པ། མདོ་སྨད་དབུས་རྒྱུན་ལས།

༡། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་གྲངས་འབོར་  ༡༡ ལས་མ་བརྒལ་བ་ཞིག་དགོས་པ་ཡིན།

༢།  མདོ་སྨད་དབུས་རྒྱུན་ལ་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ། རྩིས་པ་དང་།   དངུལ་གཉེར།   འབྲེལ་མཐུད་འགན་འཛིན། བདེ་དོན་འགན་འཛིན།  ཆོས་རིག་འགན་འཛིན། འདུ་འགོད་འགན་འཛིན་བཅས་ལས་བགོས་བསྐོ་གཞག་བྱེད་དགོས།

༣།  མདོ་སྨད་དབུས་རྒྱུན་ལས་སྐབས་རེའི་ཡུན་ཚད་ལོ་གསུམ་རེ་ཡིན་ཞིང་། རྒྱུན་ལས་གང་ཞིག་བསྐྱར་འདེམས་བྱུང་བར་དགག་བྱ་མེད། དབུས་རྒྱུན་གསར་པ་འོས་འདེམས་མ་བྱུང་བར་དབུས་རྒྱུན་རྙིང་པས་ལས་འཁུར་རྒྱུན་འཁྱོངས་བྱ་དགོས།

༤།  མདོ་སྨད་དབུས་རྒྱུན་གྱི་ངོ་ཡོད་རྩ་འབོར་སུམ་ཆ་གཉིས་ལོངས་ཚེ། ལས་དོན་ཐག་གཅོད་བྱེད་ཆོག

༥། དབུས་རྒྱུན་ཚོགས་འདུའི་ནང་མང་མོས་ཐག་གཅོད་ཇི་བྱུང་མཉམ་རུབ་ཀྱིས་འགན་འཁུར་ལེན་དགོས།

༦། དབུས་རྒྱུན་ནས་ལོ་འཁོར་གཅིག་ནང་འཆར་ཅན་ཚོགས་འདུ་གཉིས་ལས་མི་ཉུང་བ་ཚོགས་དགོས་པ་དང་། གྲོས་གཞི་དང་ཉིན་གྲངས་ཇི་ཚོགས་དབུས་རྒྱུན་ནས་ཐག་གཅོད་གནང་རྒྱུ།

༧། དབུས་རྒྱུན་ལས་ཁང་ནས་ཚོགས་འདུའི་དུས་ཚེས་དང་།  ཚོགས་ཡུལ། ས་གནས་བཅས་འཁོད་པའི་ཚོགས་སྐོང་བརྡ་ཐོ་ཉིན་གྲངས་  ༢༡  སྔོན་ཚུད་དབུས་རྒྱུན་ཚོགས་མི་རེ་རེ་ལ་གཏོང་དགོས།

དོན་ཚན་བཅུ་གསུམ་པ། 

མདོ་སྨད་དབུས་དང་ས་རྒྱུན། སློབ་སྟོན་པ་དང་དམིགས་བསལ་སློབ་སྟོན་པའི་འོས་ཆོས།

༡།   བོད་ལྗོངས་མདོ་སྨད་ཆོལ་ཁའི་ཚོགས་མི་ཡིན་པ།

༢།   དང་བླངས་དཔྱ་དངུལ་དང་མདོ་སྨད་ཆོལ་ཁའི་ཚོགས་དངུལ་འབུལ་ཆད་མེད་པ།

༣།   རང་ལོ་ ༡༨ ཧྲིལ་པོ་ལོན་པ།

༤། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དངོས་ཤུགས་བརྒྱུད་གསུམ་ནས་མཚན་དམོད་དང་ངན་བསྡོ་བྱེད་མཁན་མ་ཡིན་པ།

༥། དོལ་རྒྱལ་བསྟེན་མཁན་དང་། དེའི་རྗེས་འབྲང་པ་མ་ཡིན་པ།

༦། ནག་ཉེས་ཀྱི་ཁྲིམས་ཆད་ཕོག་པ་མ་ཡིན་པ།

༧། བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།

༨། མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞི་དང་། ཚོགས་ཆེན་གྱི་གྲོས་ཆོད་ཁག་ལ་གནོད་འགལ་དང་བརྩི་མེད་བྱེད་མཁན་མ་ཡིན་པ་བཅས།

དོན་ཚན་བཅུ་བཞི་པ། དབུས་རྒྱུན་འོས་འདེམས་བྱ་ཕྱོགས།

༡།  སྐབས་སོ་སོའི་མདོ་སྨད་ཚོགས་ཆེན་ཐོག་ཚོགས་ཞུགས་ཚོགས་མིས་གསང་བའི་འོས་ཤོག་འཕངས་ཏེ་དབུས་རྒྱུན་རྣམས་འོས་འདེམས་བྱེད་དགོས།

༢། མདོ་སྨད་དབུས་རྒྱུན་གྱི་འོས་བསྡུ་ནམ་དགོས་སྐབས། འོས་གཞིའི་ནང་ཞུགས་འཆར་མེད་པའི་འོས་བསྡུའི་འགན་འཛིན་གཅིག་དང་།ལས་བྱེད་གཉིས་བསྐོ་གཞག་བྱེད་དགོས་པ་དང་། འོས་བསྡུའི་ལས་བྱེད་གང་ཞིག་འོས་གཞིར་སླེབས་ཚེ། འོས་བསྡུའི་ལས་བྱེད་ཀྱི་ལས་འགན་བཤོལ་དགོས།

༣། འོས་བསྡུ་སྔོན་འགྲོ་དང་དངོས་གཞི་གཉིས་བྱ་རྒྱུ་དང་། དབུས་རྒྱུན་གྲངས་བཅད་མཐའ་མའི་འོས་ཤོག་འདྲ་མཉམ་བྱུང་ཚེ་བསྐྱར་དུ་འོས་བསྡུ་བྱེད་དགོས།

༤།  འོས་བསྡུའི་ལས་བྱེད་ནས་འོས་ཐོབ་མང་རིམ་རྩེ་བཏོག་གྲངས་ ༡༡ ཚོགས་ཆེན་ཐོག་འདེམས་ཐོན་བྱུང་བའི་གསལ་བསྒྲགས་བྱ་རྒྱུ་དང་། འཕྲོས་ལྷག་འོས་ཐོབ་མང་ཉུང་གོ་རིམ་ལྟར་མཚན་གཞུང་བཀོད་པའི་སྒུག་ཐོར་འོས་བསྡུའི་ལས་བྱེད་ཐུན་མོང་གི་མིང་རྟགས་བཀོད་དེ། འདེམས་ཐོན་དབུས་རྒྱུན་ལ་འབུལ་རྒྱུ།

༥།  དབུས་རྒྱུན་ས་མིག་སྟོང་པ་ཐོན་ཚེ་བར་མའི་འོས་བསྡུ་མ་དགོས་པར་དབུས་རྒྱུན་ཚོགས་གཙོས་སྒུག་ཐོའི་འོས་ཐོབ་མང་རིམ་རྩེ་བཏོག་གིས་ཚབ་གསར་བསྐོ་གཞག་བྱེད་ཆོག

༦། ལུགས་མཐུན་དགོངས་པ་ཞུ་འཁྲོལ་མ་བྱུང་བར་དབུས་རྒྱུན་ཚོགས་འདུར་བསྟུད་མར་ཐེངས་གཉིས་ལ་བཅར་ཞུགས་མ་བྱས་ཚེ་དབུས་རྒྱུན་ནས་རང་བཞིན་གྱིས་བུད་པ་ཡིན།

དོན་ཚན་བཅོ་ལྔ་པ། མདོ་སྨད་དབུས་རྒྱུན་གྱི་འགན་དབང་།

༡།  མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞི་དང་། ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་གྱི་གྲོས་ཆོད་དང་།ཐག་གཅོད་ཁག་མདོ་སྨད་དབུས་རྒྱུན་ལས་ཀྱིས་འགན་ཁུར་ཏེ་ཐད་ཀར་རམ་ས་གནས་རྒྱུན་ལས་ཁག་བརྒྱུད་ལག་བསྟར་དོན་འཁྱོལ་བྱེད་དགོས།

༢།  དབུས་རྒྱུན་གྱི་ལས་ཁུངས་དང་མཁར་དབང་། མ་དངུལ་བཅས་ལ་དོ་དམ་དང་སྟངས་འཛིན་བྱ་རྒྱུ།

༣། ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན། རྒྱུན་ལས་ཚོགས་འདུ། འགན་འཛིན་ལྷན་ཚོགས་བཅས་འཆར་འཕར་སྐོང་འཚོགས་བྱ་རྒྱུ།

༤།  དབུས་རྒྱུན་གྱི་ལོ་རེའི་སྔོན་རྩིས་འཆར་འབུལ་དང་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ།

༥།  ལས་གཞི་འཆར་འགོད་དང་དཔལ་འབྱོར་འདུ་འགོད་ཀྱི་བྱེད་སྒོ་སྤེལ་རྒྱུ།

༦།  ས་གནས་རྒྱུན་ལས་ཁག་དང་ཆོལ་ཁོངས་ཚོགས་མི་ལ་དུས་ནས་དུས་སུ་ལས་དོན་དང་ཞུ་སྒོའི་ལམ་སྟོན་དང་། བཀོད་འདོམས། སྟངས་འཛིན་བྱ་རྒྱུ།

༧།  ས་གནས་རྒྱུན་ལས་ཀྱི་ངོས་སྦྱོར་གཞིར་བཟུང་རང་ཁོངས་ཚོགས་མི་ལ་ངོས་སྦྱོར་དང་རྒྱབ་གཉེར་ཡི་གེ་སྤྲོད་རྒྱུ།

༨།  དགོས་ངེས་ཀྱི་སྒྲིག་གཞི་དང་། ལམ་སྟོན། རྩ་འཛིན་ཡིག་ཆ་བཟོ་འགོད་ཀྱིས་ལག་བསྟར་བྱ་རྒྱུ།

༩།  མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞི་དང་། ཚོགས་ཆེན་གྱི་གྲོས་ཆོད་ཁག་ལ་རྒྱབ་གཏོད་དང་བརྩི་མེད་བྱེད་མཁན་ལ་དགོས་ངེས་ཀྱི་གོ་བསྐོན་བྱས་ཏེ།ལམ་ནོར་ལྡོག་ཤེས་མི་བྱེད་མཁན་ལ་ཚོགས་མིའི་ཐོབ་ཐང་བཀག་བསྐྱིལ་བྱེད་ཆོག།

༡༠། བོད་མིའི་འདུ་གནས་གང་ཞིག་ཏུ་མདོ་སྨད་པ་གྲངས་ཚད་ངེས་ཅན་ཞིག་ཡོད་ཚེ། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ས་གནས་རྒྱུན་ལས་སམ། འབྲེལ་མཐུད་པ་བསྐོ་འཛུགས་དང་ཕྱིར་བསྡུ་བྱ་འཐུས།

༡༡།  མདོ་སྨད་དབུས་རྒྱུན་དང་། ས་གནས་རྒྱུན་ལས། ཆོལ་ཁོངས་བོད་མིའི་སྒྲིག་འཛུགས་ཀྱི་ལས་གནས་འཛིན་མཁན་གང་རུང་གིས་མདོ་སྨད་ཆོལ་ཁའི་སྒྲིག་གཞི་དང་ཚོགས་ཆེན་གྱི་གྲོས་ཆོད་ཁག་ལ་ཕྱོགས་འགལ་བྱེད་པའམ།ཡང་ན་བོད་སྤྱིའི་རྩ་དོན་ལ་གནོད་པའི་ལས་འགུལ་སྤེལ་རིགས་ལ་དབུས་རྒྱུན་གྱི་འགན་དབང་ཐོག་ནས་བབ་བསྟུན་ཐག་གཅོད་བྱེད་ཆོག

དོན་ཚན་བཅུ་དྲུག་པ། མདོ་སྨད་དབུས་རྒྱུན་ཚོགས་གཙོ་གཞོན་དང་དྲུང་ཆེ།

༡།འདེམས་ཐོན་དབུས་རྒྱུན་རྣམས་ལས་ཁུར་དུ་མ་ཞུས་གོང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་སྒྲིག་གཞི་འདིའི་ཟུར་སྣོན་ཡིག་ཆ་༼ཀ༽ཚིག་གཞི་ལྟར་ལས་ཁུར་དམ་བཅའ་འམ་ཁས་ལེན་བྱ་དགོས།

༢།  སྐབས་སོ་སོའི་དབུས་རྒྱུན་ཚོགས་ཐེངས་དང་པོའི་ཐོག་དབུས་རྒྱུན་རང་ཁོངས་ནས་ཚོགས་གཙོ་གཅིག་དང་ཚོགས་གཙོ་གཞོན་པ་གཅིག  དྲུང་ཆེ་གཅིག་བཅས་གསང་བའི་འོས་བསྡུ་བྱ་དགོས།

༣།  འདེམས་ཐོན་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་བཅས་ནས་ལས་ཁུར་དུ་མ་ཞུས་གོང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་སྒྲིག་གཞི་འདིའི་ཟུར་སྣོན་ཡིག་ཆ་༼ ཁ ༽ཚིག་གཞི་ལྟར་ལས་ཁུར་དམ་བཅའ་འམ་ཁས་ལེན་བྱ་དགོས།

༤།  དབུས་རྒྱུན་གྱི་རྩ་འབོར་སུམ་ཆ་གཉིས་ཡན་མོས་མཐུན་གྱིས་ཚོགས་གཙོ་ཚོགས་གཞོན་དང་། དྲུང་ཆེ་འཕོ་འགྱུར་གཏོང་དགོས་བྱུང་ན་ལས། དེ་དག་གི་ལས་ཁུར་ཡུན་ཚད་ལོ་གསུམ་ཡིན།

༥།  ཚོགས་གཙོ་ཚོགས་གཞོན་དང་།   དྲུང་ཆེ་བཅས་ཀྱི་ས་མིག་སྟོང་པ་ནམ་ཐོན་ལ་དབུས་རྒྱུན་རྩ་འབོར་སུམ་ཆ་གཉིས་ཡན་གྱིས་ཚབ་གསར་གསང་བའི་འོས་བསྡུ་བྱ་དགོས།

༦།ཚོགས་གཙོས་རྩ་དགོངས་ཞུ་དགོས་ན་འགན་འཛིན་ལྷན་ཚོགས་ལ་ཞུ་དགོས་པ་དང་།  དེ་བྱིངས་ནས་ཚོགས་གཙོར་དགོངས་པ་ཞུ་འཁྲོལ་དགོས་པ་ཡིན།

༧།དབུས་རྒྱུན་རྣམས་ཚོགས་བཅར་དགོངས་འཁྲོལ་དང་རྩ་དགོངས་ཞུ་དགོས་བྱུང་ཚེ་ཚོགས་གཙོའི་མཚན་ཐོག་རང་ཉིད་ཀྱི་མིང་རྟགས་འཁོད་པའི་དགོངས་ཤོག་འབུལ་དགོས།

༨། ཚོགས་གཙོ་ཚོགས་གཞོན་དང་། དྲུང་ཆེ་བཅས་ནས་དབུས་རྒྱུན་གཞན་ལ་གོ་བསྡུར་གྱིས་ནང་ཁུལ་རྩིས་པ་དང་། དངུལ་གཉེར།  བདེ་དོན། ཆོས་རིག  འབྲེལ་མཐུད་ཀྱིས་མཚོན་ལས་བགོས་བཀོད་སྒྲིག་བྱེད་དགོས།

དོན་ཚན་བཅུ་བདུན་པ། ཚོགས་གཙོ་ཚོགས་གཞོན་དང་དྲུང་ཆེའི་ལས་འགན།

༡།  ཚོགས་གཙོས་མདོ་སྨད་ཚོགས་ཆེན་དང་། འགན་འཛིན་ལྷན་ཚོགས། ཚོགས་འདུ་ཁག་ལ་གཙོ་སྐྱོང་བྱ་རྒྱུ་དང་།མདོ་སྨད་དབུས་རྒྱུན་གྱི་ལས་དོན་སྤྱི་ཡོངས་ལ་འགོ་འདོམས་བྱ་རྒྱུ།

༢།  ཚོགས་གཙོས་མདོ་སྨད་དབུས་རྒྱུན་གྱི་དངུལ་རྩིས་དབང་ལྡན་འགན་འཛིན་གྱི་ལས་འགན་ལེན་རྒྱུ།

༣།ཚོགས་གཙོ་མདོ་སྨད་དབུས་རྒྱུན་གྱི་ངོ་བོའི་ཐོག་ནས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་འདུ་དང་མཛད་སྒོ་ཁག་ལ་བཅར་ཞུགས་བྱ་རྒྱུ།

༤།དབུས་རྒྱུན་གྱི་རྩ་འཛིན་ཡིག་ཆ་དང་། གན་རྒྱ། བདག་ཐོབ་ཡིག་ཆ་བཅས་བདག་ཉར་གྱིས། དབུས་རྒྱུན་འཕོ་ལེན་སྐབས་སོ་སོར་ཡིག་ཐོག་ཏུ་རྩིས་སྤྲོད་ལེན་ཁམས་གཙང་བྱེད་དགོས།

༥།  ཚོགས་གཙོ་ངོ་བཞུགས་མེད་སྐབས་དེའི་ལས་འགན་རྣམས་ཚོགས་གཞོན་གྱིས་ལེན་རྒྱུ།

༦།  དྲུང་ཆེ་ལས་ཁུངས་སུ་རྒྱུན་བཞུགས་ཀྱིས་དབུས་རྒྱུན་གྱི་ལས་དོན་མཇུག་སྐྱོང་དང་སྐུལ་འདེད་དགོས་རིགས་ལ་འགན་ཁུར་ལེན་རྒྱུ།

༧།  དྲུང་ཆེས་ཚོགས་གཙོ་ཚོགས་གཞོན་ལ་གོ་བསྡུར་ཐོག་དབུས་རྒྱུན་ལས་ཁུངས་ཀྱི་ལས་དོན་ལ་ལྟ་རྟོག་དང་སྟངས་འཛིན་བྱ་རྒྱུ།

༨།  དྲུང་ཆེས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་མགྲིན་ཚབ་པའི་འགན་ཁུར་ལེན་རྒྱུ།

༩།  དྲུང་ཆེས་མདོ་སྨད་དབུས་རྒྱུན་གྱི་དངུལ་རྩིས་གཏོང་ལེན་འགན་འཛིན་གྱི་ལས་འགན་ལེན་རྒྱུ།

༡༠།  དྲུང་ཆེས་མདོ་སྨད་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས། དབུས་རྒྱུན་ཚོགས་འདུ་འཆར་འཕར་ཁག་གི་ཚིག་ཐོ་བཟོ་འགོད་དང་བདག་ཉར་བྱ་རྒྱུ།

༡༡།  དྲུང་ཆེས་དེབ་སྐྱེལ་བྱས་པའི་ཡུལ་ཁྲིམས་ཀྱི་ཆ་རྐྱེན་གཞིར་བཟུང་ལོ་རེར་ཡུལ་ཁྲིམས་ཀྱི་ཆ་རྐྱེན་ལྡན་པའི་རྩིས་ཞིབ་སྙན་ཐོ་ཁྲིམས་མཐུན་བཟོ་ཐབས་ཀྱི་འགན་ཁུར་བླངས་ཏེ། ལས་གནས་འཕོ་ལེན་སྐབས་སོ་སོར་ཡིག་ཐོག་རྩིས་སྤྲོད་རྩིས་ལེན་ཁམས་གཙང་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། འགན་འཛིན་ལྷན་ཚོགས།

༡། འགན་འཛིན་ལྷན་ཚོགས་ནི་སྐབས་དུས་སོ་སོའི་མདོ་སྨད་དབུས་རྒྱུན་གྱི་སློབ་སྟོན་པ་རྣམ་པ་དང་། སྤྱི་འཐུས་ལས་ཐོག་པ་རྣམ་པ། མདོ་སྨད་དབུས་རྒྱུན་གྱི་ཚོགས་གཙོ་བཅས་ཡིན་ལ། དབུས་རྒྱུན་གྱི་ཚོགས་གཙོས་འགན་འཛིན་ལྷན་ཚོགས་ཀྱི་དྲུང་ཆེའི་འགན་ཁུར་དགོས།

༢།  སློབ་སྟོན་པ་རྣམ་པས་མདོ་སྨད་དབུས་རྒྱུན་ནས་ཞུ་སྐུལ་ནམ་བྱུང་ལ་བོད་ལྗོངས་མདོ་སྨད་ཆོལ་ཁའི་གལ་གནད་ཆེ་བའི་སྲིད་བྱུས་ཐོག་ལས་དོན་རྒྱུས་མངའི་ལམ་སྟོན་དང་བསམ་འཆར་འདོན་རྒྱུ།

༣།མདོ་སྨད་དབུས་རྒྱུན་དང་འགན་འཛིན་ལྷན་ཚོགས་ཉུང་མཐར་ལོ་རེར་ཐེངས་གཉིས་ལྷན་ཚོགས་བྱ་རྒྱུ་དང་། དབུས་རྒྱུན་ལས་ནས་དགོས་གལ་དང་བསྟུན་ཏེ་འགན་འཛིན་ལྷན་ཚོགས་འཕར་མ་སྐོང་འཚོགས་བྱེད་ཆོག

༥།   མདོ་སྨད་དབུས་རྒྱུན་གྱི་ལོ་འཁོར་སྔོན་རྩིས་འགན་འཛིན་ལྷན་ཚོགས་སུ་སྙན་སྒྲོན་ཞུས་ཏེ་གཏན་འབེབས་བྱ་རྒྱུ་དང་། དབུས་རྒྱུན་གྱི་ལོ་རེའི་ལས་བསྡོམས་དང་། བྱུང་སོང་རྩིས་ཁྲ། རྩིས་ཞིབ་སྙན་ཐོ། ལོ་རེའི་སྔོན་རྩིས་དང་མ་འོངས་བྱེད་འཆར་ཁག་འགན་འཛིན་ལྷན་ཚོགས་སུ་སྙན་སྒྲོན་གྱིས་མོས་མཐུན་བཀའ་འཁྲོལ་ཞུ་དགོས།

དོན་ཚན་བཅུ་དགུ་པ། མདོ་སྨད་ས་གནས་རྒྱུན་ལས།

༡།ས་གནས་རྒྱུན་ལས་ཀྱི་ཚོགས་མི་རྣམས་ས་གནས་དེ་གའི་རང་ཁོངས་མདོ་སྨད་པ་རྣམས་ཀྱིས་ཐད་ཀར་འོས་བསྡུའི་ལམ་ནས་འདེམས་བསྐོ་བྱ་རྒྱུ།

༢།ས་གནས་རྒྱུན་ལས་ཁང་ནས་ས་གནས་རང་ཁོངས་མདོ་སྨད་མི་དམངས་དང་མདོ་སྨད་དབུས་རྒྱུན་ལ་འགན་ཁུར་བའི་ཐོག་ནས་ལས་དོན་ལག་བསྟར་བྱ་རྒྱུ།

༣།  ས་གནས་རྒྱུན་ལས་ཁང་སོ་སོའི་མིང་དང་། ལས་ཤོག ལས་ཐམ། ལས་རྟགས་སོགས་དབུས་ནས་འཆར་འགོད་ཀྱིས་ཚང་མ་གཅིག་གྱུར་བྱ་རྒྱུ།

༤། ས་རྒྱུན་སོ་སོའི་གོ་བབ་དང་མཐུན་པའི་མིང་ཐོག་ནས་བྱེད་སྒོ་སྤེལ་བ་ལས། རང་འཚམས་ཀྱི་སྒོ་ནས་མདོ་སྨད་ཆོལ་ཁའམ། གཞིས་བྱེས་མདོ་སྨད་ཀྱི་ངོ་ཚབ་ཀྱི་མིང་བཀོལ་སྤྱོད་བྱེད་མི་ཆོག

༥།   ས་གནས་རྒྱུན་ལས་ཁག་སོ་སོའི་རང་ཁོངས་སུ་གཏོགས་པའི་ཉམ་ཐག་རིགས་ལ་འཚོ་སྐྱོང་རོགས་རམ་གང་ཐུབ་བྱ་རྒྱུ་དང་། ད་དུང་འབྲེལ་ཡོད་ནས་མཐུན་འགྱུར་དགོས་གལ་བྱུང་ཚེ། དབུས་རྒྱུན་ལ་རྒྱབ་གཉེར་དང་། རོགས་ཕན་གྱི་ཞུ་སྐུལ་བྱ་རྒྱུ།

༦།  ས་གནས་རྒྱུན་ལས་ཁག་ནས་སྒྲིག་གཞི་འདིའི་ཆ་རྐྱེན་ཁག་དང་མ་འགལ་བའི་འོག་ས་རྒྱུན་སོ་སོའི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་། རྩ་འཛིན་ཡིག་ཆ་གཏན་འབེབས་བྱེད་ཆོག་ཀྱང་། གཏན་འབེབས་ཡིག་ཆ་དེ་རིགས་ཀྱི་ངོ་བཤུས་དབུས་རྒྱུན་ལས་ལ་འབུལ་དགོས།

༧།  ས་རྒྱུན་སོ་སོའི་ལོ་འཁོར་ལས་བསྡོམས་དང་། བྱུང་སོང་རྩིས་ཁྲའི་སྙན་ཐོ་ལོ་རེའི་ཕྱི་ཟླ་ ༤།༣༠གོང་དབུས་རྒྱུན་ལ་འབུལ་དགོས།

༨།  ས་གནས་རྒྱུན་ལས་ཁག་གི་རྩ་འབོར་སུམ་ཆ་གཉིས་ཡན་ནས་མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞིའི་དོན་ཚན་གང་རུང་ལ་བསྐྱར་བཅོས་དགོས་པའི་ཁྲིམས་འཆར་ཡིག་ཐོག་ནས་འདོན་འབུལ་ཞུས་ཚེ། དབུས་རྒྱུན་ནས་ཚོགས་ཆེན་རྗེས་མའི་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ལས་རིམ་ནང་འཇུག་དགོས་པ་དང་། དབུས་རྒྱུན་དང་འགན་འཛིན་ལྷན་ཚོགས་གཉིས་ཀྱིས་ཁྲིམས་འཆར་དེར་བཟོ་བཅོས་ཁྲིམས་འཆར་འདོན་ཆོག་ཀྱང་། ས་རྒྱུན་ཁག་གིས་བསྐྱར་བཅོས་ཁྲིམས་འཆར་ཚོགས་ཆེན་དུ་སྙན་སྒྲོན་ཞུ་དགོས།

ལེའུ་ལྔ་པ། དངུལ་རྩིས་དང་ལོ་འཁོར་སྔོན་རྩིས། རྩིས་ཞིབ།

དོན་ཚན་ཉི་ཤུ་པ།

མདོ་སྨད་དབུས་རྒྱུན་ནས་ལོ་ལྟར་འགན་འཛིན་ལྷན་ཚོགས་སུ་དངུལ་རྩིས་འཆར་ལོའི་ཡོང་འབབ་ཇི་ཡོད་དང་། འགྲོ་སོང་གཏོང་ས་ཇི་ཡོད་ཀྱི་ལོ་འཁོར་སྔོན་རྩིས་འགོད་འབུལ་གྱིས་བཀའ་འཁྲོལ་ཞུ་ཐོབ་དགོས།

དོན་ཚན་ཉེར་གཅིག་པ།

དབུས་རྒྱུན་ནས་ལོ་རེའི་རྩིས་ཁྲ་དང་།བྱུང་སོང་ཁ་འཐབ་གྱི་རྩིས་ཁྲ་བཅས་ཚད་ལྡན་རྩིས་ཞིབ་པ་ཞིག་གིས་རྩིས་སྙན་དག་མཆན་འཁོད་པའི་ཡིག་ཆ་འགན་འཛིན་ལྷན་ཚོགས་སུ་སྙན་སྒྲོན་ཞུས་ཏེ་དག་མཆན་ཞུ་རྒྱུ།

དོན་ཚན་ཉེར་གཉིས་པ།

མདོ་སྨད་སྤྱི་ལ་དབང་བའི་ས་ཁང་དང་དངུལ་དངོས་གང་ཡོད་དང་། དེ་དག་གི་དེབ་སྐྱེལ་ཡིག་ཆ་ཐམས་ཅད་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་མཚན་ཐོག་ཏུ་བཟོ་འགོད་ཚད་ལྡན་ཡོངས་ཐབས་བྱེད་དགོས།

ལེའུ་དྲུག་་པ། བར་བརྒལ་གྱི་ཆ་རྐྱེན།

དོན་ཚན་ཉེར་གསུམ་པ།

མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞིའི་སྐད་ཡིག་ཚད་འཛིན། མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞི་འདི་སྐད་ཡིག་གང་འདྲ་ཞིག་གི་ཐོག་ཕབ་བསྒྱུར་བྱས་ཀྱང་ཚད་འཛིན་ས་བོད་ཡིག་ཡིན།

དོན་ཚན་ཉེར་བཞི་པ།

མདོ་སྨད་དབུས་རྒྱུན་ནས་སྒྲིག་གཞི་འདི་གཏན་འབེབས་བྱས་ཉིན་ནས་ཟླ་བ་ ༦ ནང་ཚུན།

ཀ༽    མདོ་སྨད་དབུས་རྒྱུན་གྱི་ལོ་འཁོར་སྔོན་རྩིས་དང་། དངུལ་རྩིས་སྟངས་འཛིན་གྱི་སྒྲིག་གཞི།

ཁ ༽   དབུས་རྒྱུན་ལས་ཁང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི།

ག༽ ཤེས་ཡོན་རོགས་སྐྱོར་དང་ཉམ་ཐགས་རོགས་སྐྱོར་གྱི་སྒྲིག་གཞི་བཅས་ཀྱི་འཆར་ཟིན་བཟོ་འགོད་ཀྱིས་འགན་འཛིན་ལྷན་ཚོགས་སུ་གཏན་འབེབས་བྱུང་བ་ལྟར་ལག་བསྟར་བྱ་རྒྱུ།

ལེའུ་བདུན་པ།       སྒྲིག་གཞི་བསྐྱར་བཅོས།

དོན་ཚན་ཉེར་ལྔ་པ།

ས་གནས་རྒྱུན་ལས་ཁག་གི་རྩ་འབོར་སུམ་ཆ་གཉིས་ཡན་ནས་སྒྲིག་གཞིར་བསྐྱར་བཅོས་ཁྲིམས་འཆར་ཕུལ་བའམ། འགན་འཛིན་ལྷན་ཚོགས་སམ། དབུས་རྒྱུན་འཚོགས་འདུའི་ཐོག་བསྐྱར་བཅོས་དགོས་པའི་ཁྲིམས་འཆར་བཏོན་ཚེ།  མདོ་སྨད་དབུས་རྒྱུན་ལས་ཁང་ནས་མདོ་སྨད་ཚོགས་ཆེན་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཕུལ་ཏེ། ཚོགས་བཅར་ཚོགས་མིའི་རྩ་འབོར་གྱི་སུམ་ཆ་གཉིས་ཡན་ནས་མོས་མཐུན་བྱུང་ན། སྒྲིག་གཞི་འདིའི་དོན་ཚན་གང་རུང་ལ་བསྐྱར་བཅོས་སོང་བ་ངོས་འཛིན་གྱིས་དེ་དོན་རྩ་འཛིན་ལག་བསྟར་ཆོག་རྒྱུ།

དོན་ཚན་ཉེར་དྲུག་པ།

ཚོགས་ཆེན་ཐོག་སྒྲིག་གཞི་བསྐྱར་བཅོས་གཏན་འབེབས་ནམ་སོང་མཚམས་རྒྱུན་ལས་སྐབས་གསར་པས་ཆོལ་ཁོངས་མང་ཚོགས་ལ་རྒྱ་ཁྱབ་གསལ་བསྒྲགས་བྱེད་དགོས།

དབུས་རྒྱུན་ཚོགས་མིའི་ལས་ཁུར་དང་གསང་རྒྱའི་དམ་བཅའ།

ཟུར་སྣོན་ཡིག་ཆ། ཀ

༄༅། །བདག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་བགྱི་བ། མདོ་སྨད་དབུས་རྒྱུན་ལས་སུ་འདེམས་ཐོན་བྱུང་བ་ལྟར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞི་ལ་སྙིང་ནས་གུས་བཀུར་དང་། ཉམས་ལེན་ཞུས་ཏེ། མདོ་སྨད་དབུས་རྒྱུན་ལས་པའི་ལས་ཁུར་ཞུ་སྒོ་རྣམས་ཉེ་རིང་ཕྱོགས་ལྷུང་དང༌། གནོད་ཞུམ་བསླུ་བྲིད་ཀྱི་དབང་དུ་མ་སོང་བར། དྲང་བདེན་ལྷག་བསམ་གཡོ་མེད་ཀྱི་སྒོ་ནས། བོད་སྤྱིའི་བསྟན་སྲིད་མི་རིགས་དང་བོད་ལྗོངས་མདོ་སྨད་ཆོལ་ཁའི་སྤྱི་སྨན་ལས་དོན་གྱི་ཆེད་དུ་རང་ནུས་ཅི་ཡོད་ཀྱིས་ཞབས་འདེགས་ཧུར་བསྐྱེད་ཞུ་རྒྱུ་དང་།མདོ་སྨད་དབུས་རྒྱུན་གྱི་གསང་རྒྱའི་ལས་དོན་གང་ཞིག་དབུས་རྒྱུན་ནས་ཕྱིར་བསྒྲགས་བྱེད་ཆོག་པའི་ཐག་གཅོད་མ་བྱུང་བར་དངོས་ཤུགས་བརྒྱུད་གསུམ་ནས་ཕྱི་གྱར་མི་འབྱུང་བའི་གསང་རྒྱ་དམ་ཉར་ཞུ་རྒྱུར་

༡    མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།

ཡང་ན།

༢    ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།

ཟུར་སྣོན་ཡིག་ཆ། ཁ།

དབུས་རྒྱུན་ཚོགས་གཙོ་ཚོགས་གཞོན་དང་། དྲུང་ཆེ་བཅས་ཀྱི་ལས་ཁུར་དང་གསང་རྒྱའི་དམ་བཅའ།

༄༅། །བདག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་བགྱི་བ། མདོ་སྨད་དབུས་རྒྱུན་གྱི་ཚོགས་གཙོར་/ཚོགས་གཞོན་དུ་/དྲུང་ཆེར་འདེམས་ཐོན་བྱུང་བ་ལྟར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞི་ལ་སྙིང་ནས་གུས་བཀུར་དང་།ཉམས་ལེན་ཞུས་ཏེ།མདོ་སྨད་དབུས་རྒྱུན་ལས་པའི་ལས་ཁུར་ཞུ་སྒོ་རྣམས་ཉེ་རིང་ཕྱོགས་ལྷུང་དང༌།གནོད་ཞུམ་བསླུ་བྲིད་ཀྱི་དབང་དུ་མ་སོང་བར། དྲང་བདེན་ལྷག་བསམ་གཡོ་མེད་ཀྱི་སྒོ་ནས།བོད་སྤྱིའི་བསྟན་སྲིད་མི་རིགས་དང་བོད་ལྗོངས་མདོ་སྨད་ཆོལ་ཁའི་སྤྱི་སྨན་ལས་དོན་གྱི་ཆེད་དུ་རང་ནུས་ཅི་ཡོད་ཀྱིས་ཞབས་འདེགས་ཧུར་བསྐྱེད་ཞུ་རྒྱུ་དང་། མདོ་སྨད་དབུས་རྒྱུན་གྱི་གསང་རྒྱའི་ལས་དོན་གང་ཞིག་དབུས་རྒྱུན་ནས་ཕྱིར་བསྒྲགས་བྱེད་ཆོག་པའི་ཐག་གཅོད་མ་བྱུང་བར་དངོས་ཤུགས་བརྒྱུད་གསུམ་ནས་ཕྱི་གྱར་མི་འབྱུང་བའི་གསང་རྒྱ་དམ་ཉར་ཞུ་རྒྱུར་

༡    མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།

ཡང་ན།

༢    ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༡༧ ཟླ་ ༠༩ ཚེས་ ༡༧ ཉིན་སྐབས་བཅུ་དྲུག་པའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་ནས་གཏན་འབེབ་ཞུས།

 

About ལས་འབྱེད།