སྐྱབས་མགོན་ཀིརྟི་ཚང་གི་གདན་ས་ཆེན་པོ་བཞི།

དང་པོ། སྐྱབས་མགོན་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་གདན་སའི་གཙོ་བོ་མ་དགོན་སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ནི། སྐྱབས་མགོན་ཀིརྟི་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱིས་ས་འབྲུག ཕྱི་ལོ་ ༡༧༤༨ ལོར་ཕྱག་བཏབ་ཅིང༌། ཤིང་ཁྱི། ཕྱི་ལོ་ ༡༧༥༤ ལོར་གདན་ས་སྟག་ཚང་ལྷ་མོའི་གྲྭ་ཚང་རྣམས་ཀྱི་ཐོག་མ་གསང་སྔགས་རྒྱུད་པ་གྲྭ་ཚང་གསར་ཚུགས་ཀྱིས་རྣམ་རྒྱལ་བདེ་ཆེན་གླིང་ཞེས་པའི་གཙུག་ལག་བཞེངས། དུས་སྐབས་དེ་འདྲ་ཞིག་ལ་ལོ་རྒྱུས་སྟེང་གི་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ ཞེས་པ་ཀིརྟི་ཚང་གི་ཆོས་སྲིད་དབང་ལུང་གི་འབྱུང་ཁུངས་སྙན་གྲགས་ཅན་དེ་ཡང་གསར་ བཞེངས་གནང༌། ས་སྟག ཕྱི་ལོ་ ༡༨༡༨ ལོར་སྐྱབས་མགོན་ཀིརྟི་སྐུ་ཕྲེང་བདུན་པ་སྐྱབས་མཆོག་ཐུབ་བསྟན་ཉི་མས་པཎ་ཆེན་ བསོད་ནམས་གྲགས་པའི་ཡིག་ཆའི་སྟེང་ནས་གཞུང་ཆེན་བཀའ་པོད་ལྔ༌། གསང་སྔགས་རྒྱུད་སྡེ་བཞི་དང་བཅས་པར་གསན་བསམ་བགྲོ་གླེང་བྱེད་པའི་མཚན་ཉིད་གྲྭ་ ཚང་བློ་གསལ་གླིང་གསར་འཛུགས་མཛད། མེ་སྤྲེལ། ཕྱི་ལོ་ ༡༨༩༦ ལོར་སྐྱབས་མཆོག་ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཚང་གིས་དུས་འཁོར་ གྲྭ་ཚང་རིགས་ལྡན་ཆོས་འཁོར་གླིང་གསར་འཛུགས་མཛད། སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་ མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོའི་བཀའ་འབྲེལ་འོག་ཤིང་བྱ། ཕྱི་ལོ་ ༡༩༨༥ ལོར་སྟག་ཚང་ལྷ་མོ་བོད་ཀྱི་རིག་གནས་སློབ་གཉེར་ཁང་དང༌། ས་སྦྲུལ། ཕྱི་ལོ་ ༡༩༨༩ ལོར་གསོ་རིག་འགྲོ་ཕན་གླིང༌། ལྕགས་སྦྲུལ། ཕྱི་ལོ་ ༢༠༠༡ ལོར་ཆོས་བརྒྱུད་དང་དགོན་སྡེ་རིས་མེད་ཀྱི་སློབ་གཉེར་པའི་ཟབ་སྦྱོང་སློབ་གླིང་ བཅས་གསར་འཛུགས་མཛད། སྟག་ཚང་ལྷ་མོ་ཞེས་ཐོགས་དོན་ནི། དགོན་པའི་ལུང་ཕུག་ཏུ་སྟག་ཚང་གི་བྲག་ཕུག་དང་དཔལ་ལྡན་ལྷ་མོའི་གནས་བཅས་ཡོད་པས་ སྟག་ཚང་ལྷ་མོ་ཞེས་ཐོགས་ཤིང༌། དཔལ་ལྡན་ལྷ་མོའི་གནས་འདི་ནི་འཛམ་གླིང་གནས་ཆེན་ཉེར་བཞིའི་ཡ་གྱལ་དེ་ཝ་ཀོ་དྲི་ ཞེས་བྱིན་ཆེན་དུ་གྲགས་པ་ལྟར་ལྷ་མོ་དུང་ཟོར་མའི་སྐུ་རང་བྱོན་སོགས་བྱིན་ཅན་ ཤིན་ཏུ་མང༌། དེང་སྐབས་རྔ་པ་ཁུལ་མཛོད་དགེ་རྫོང་གི་ཁོངས་གཏོགས། གྲྭ་ཚང་བཞི་དང་ཟུར་འཛུགས་སློབ་གཉེར་ཁང་གཉིས། དགེ་འདུན་པའི་ཞལ་གྲངས་ ༧༠༠ ལྷག་བཞུགས་པ་བཅས་ངོ་སྤྲོད་ལོ་རྒྱུས་མདོ་བསྡུས་སུ།

གཉིས་པ། རྔ་པ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང༌། སྐྱབས་མགོན་ཀིརྟི་སྐུ་ཕྲེང་བརྒྱད་པ་སྐྱབས་མཆོག་བློ་བཟང་འཕྲིན་ཚང་གིས་རྨེའུ་ དཔོན་མོ་ཨ་སྐྱོང་བདེ་སྒྲོན་དང༌། རྨེའུ་བློན་དཀོན་མཆོག་སོགས་ཀྱིས་གཙོས་མཱ་བློན་སྡེ་འབངས་རྣམས་ཀྱིས་དགོན་པ་ འདེབས་དགོས་པའི་ཞུ་བ་ནན་ཆེར་ཕུལ་བའི་ངོར། ལྕགས་རྟ། ཕྱི་ལོ་ ༡༨༧༠ ལོར་དངོས་སུ་ཕྱག་བཏབ་ཅིང༌། ཆུ་བྱ། ཕྱི་ལོ་ ༡༨༧༣ ལོར་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆའི་སྟེང་ནས་གཞུང་ཆེན་བཀའ་པོད་ལྔ་དང་གསང་ སྔགས་རྒྱུད་སྡེ་བཞི་དང་བཅས་པར་གསན་བསམ་སློབ་གཉེར་བྱེད་པའི་མཚན་ཉིད་གྲྭ་ཚང་ ཐོས་བསམ་གླིང་གསར་འཛུགས་མཛད། མེ་བྱ། ཕྱི་ལོ་ ༡༨༩༦ ལོར་སྐྱབས་མཆོག་བློ་བཟང་འཕྲིན་ལས་ཚང་གིས་གསང་སྔགས་རྒྱུད་པ་གྲྭ་ཚང་གསར་ འཛུགས་དང༌། མེ་སྟག ཕྱི་ལོ་ ༡༩༢༦ ལོར་སྐྱབས་མཆོག་ཀིརྟི་སྐུ་ཕྲེང་བཅུ་པ་ངག་གི་དབང་པོས་དུས་འཁོར་གྲྭ་ཚང་ཨེ་ཝམ་ ཟུང་འཇུག་ཆོས་འཁོར་གླིང་གསར་འཛུགས་མཛད། ཆུ་ཕག ཕྱི་ལོ་ ༡༩༨༣ ལོར་སྐྱབས་མཆོག་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བློ་བཟང་བསྟན་འཛིན་ འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོའི་བཀའ་འབྲེལ་ལྟར་སྨན་པ་གྲྭ་ཚང་གསོ་ རིག་འགྲོ་ཕན་གླིང་དང༌། ཤིང་ཁྱི། ཕྱི་ལོ་ ༡༩༩༤ ལོར་ལྔ་རིག་ནང་བསྟན་སློབ་གླིང་བཅས་གསར་འཛུགས་མཛད། དེང་སྐབས་རྔ་པ་ཁུལ་རྔ་པ་རྫོང་གི་ཁོངས་གཏོགས། གྲྭ་ཚང་བཞི་དང་ཟུར་འཛུགས་ལྔ་རིག་ནང་བསྟན་སློབ་གླིང༌། དགེ་འདུན་པའི་ཞལ་གྲངས་ ༢༥༠༠ ལྷག་བཞུགས་པས་བོད་གཞིས་ཀྱི་མདོ་དབུས་གཙང་གསུམ་གྱི་ཆོས་སྡེ་ཆེ་ཤོས་སུ་གྱུར་ ཡོད།

གསུམ་པ། ཧོར་ཚང་ཀིརྟི་དགོན་དགེ་ལྡན་བསྟན་འཕེལ་གླིང༌། ཤིང་སྤྲེལ། ཕྱི་ལོ་ ༡༧༦༤ ལོར་སྐྱབས་མགོན་ཀིརྟི་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་ཚང་གནས་འདིར་ཕེབས་ ཏེ་ས་གཞི་བྱིན་རླབས་དང་ཆོས་འབྲེལ་མཛད་པ་ནས་ཀིརྟི་ཚང་དང་ཧོར་ཚང་དད་ལྡན་མང་ ཚོགས་བར་འབྲེལ་བ་ཐོག་མ་བྱུང་ཞིང༌། ྋསྐྱབས་མགོན་སྐུ་ཕྲེང་བདུན་པ་ཐུབ་བསྟན་ཉི་མ་ཚང་གི་སྐུ་དུས་སུ་བླ་མ་རྒྱལ་ མཚན་དང༌། རྒྱ་ཕྱུག་སེར་སྐྱ་རྣམས་ཀྱིས་ཡུལ་ཁམས་སྤྱིའི་མཆོད་གནས་སུ་དགོན་པ་ཞིག་ཕྱག་ འདེབས་མཛད་པར་བསྐུལ་མ་ཞུས་པ་ལྟར། ཆུ་ལུག ཕྱི་ལོ་ ༡༨༢༣ ལོར་སྲད་བརྒྱུད་ལུགས་ཀྱི་རྒྱུད་པ་གྲྭ་ཚང་ཞིག་གསར་དུ་བཙུགས། ཆུ་འབྲུག ཕྱི་ལོ་ ༡༨༣༢ ལོ་དང་ཤིང་འབྲུག ཕྱི་ལོ་ ༡༨༤༤ ལོ་སོ་སོར་ཧོར་གཙང་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་ནས་གྲྭ་ཤག་གསར་རྒྱག་དང༌། དབྱར་གནས་དང་སྒྲུབ་ཆོག་འགའ་གསར་འཛུགས་དང་བཀའ་ཆོས་ཀྱི་འཕྲིན་ལས་རྒྱ་ཆེར་ བསྐྱངས། ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་བརྒྱད་པ་ྋབློ་བཟང་འཕྲིན་ལས་ཚང་ཡང་ཧོར་ཚང་ཀིརྟི་ དགོན་པར་ལན་མང་ཆིབས་བསྒྱུར་བསྐྱངས་ཏེ་ས་ལུག ཕྱི་ལོ་ ༡༨༥༩ ལོར་ཆོ་འཕྲུལ་སྨོན་ལམ་གསར་འཛུགས་དང་མ་དངུལ་གྱི་ཐེབས་རྩ་སྦྱོར་འཇགས། ཆུ་བྱ། ཕྱི་ལོ་ ༡༨༧༣ ལོར་ཧོར་ཚང་ཀིརྟི་དགོན་གྱི་བཅའ་ཡིག་གསར་རྩོམ་མཛད། ལྕགས་ཡོས། ཕྱི་ལོ་ ༡༨༩༡ ལོར་གདན་ས་སྟག་ཚང་ལྷ་མོ་ལྟར་བློ་གསལ་གླིང་གི་ཡིག་ཆའི་སྟེང་ནས་མཚན་ཉིད་ཀྱི་ བཤད་གྲྭ་གསར་འཛུགས་མཛད། ྋསྐྱབས་མགོན་སྐུ་ཕྲེང་དགུ་པ་སྐལ་བཟང་བློ་གྲོས་ཚང་ཧོར་ཚང་ཀིརྟི་དགོན་པར་ལན་ གསུམ་དང༌། སྐུ་ཕྲེང་བཅུ་པ་ངག་གི་དབང་པོ་ཚང་ཐེངས་མ་གཉིས་བཅས་རིམ་པར་ཆིབས་བསྒྱུར་ བསྐྱངས་ནས་དགོན་པའི་འཆད་ཉན་དང་འགྲིག་ལམ་ཡར་རྒྱས་ལ་གཟིགས་སྐྱོང་ཚད་མེད་གནང༌། དགོན་པ་འདིའི་ཐད་ཀའི་འཛིན་སྐྱོང་སྐྱབས་མཆོག་སྐུ་ཕྲེང་བརྒྱད་པའི་བཀའ་ལྟར་ཨ་ ལགས་སེང་གདོང་སྐུ་ཕྲེང་རིམ་པས་གནང་གི་ཡོད་པ་ལས་ད་ལྟའི་འདི་པ་སེང་གདོང་སྐུ་ ཕྲེང་གསུམ་པ་ཡིན། དགོན་པའི་ཁྲི་པ་དང་དགེ་རྒན་དགོན་ལག་གཞན་དག་དང་སྤྱི་མཚུངས་ལྟར་གདན་ས་སྟག་ཚང་ ལྷ་མོ་ནས་གཏོང་གནང་མཛད་ཀྱི་ཡོད། ད་ལྟ་བསངས་ཆུ་རྫོང་གི་ཁོངས་གཏོགས། གྲྭ་ཚང་གཉིས་དང༌། དགེ་འདུན་པའི་ཞལ་གྲངས་ ༡༠༠ ལྷག་བཞུགས།

བཞི་པ། ཚོ་བདུན་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང༌། མདོ་སྨད་རོང་ཆེན་བཞིར་གྲགས་པའི་ནང་ཚན་རྒྱལ་མོ་ཚ་བ་རོང༌། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་མཆོག་རྩེ་རྒྱལ་པཱུའི་བློན་ཆེན་མཁར་ དགུ་དཔོན་པོ་ཏཱ་རོ་འཇམ་དབྱངས་ཀྱིས་ཚོ་བ་བདུན་ནང་གི་དགོན་ཆུང་རྣམས་ཕྱོགས་ གཅིག་ཏུ་བསྡུས་ནས་ད་ལྟའི་དགོན་པ་འདི་བཞེངས། དཔོན་པོ་འཇམ་དབྱངས་ཀྱིས་རྒྱུ་དངོས་ཀྱི་མཐུན་རྐྱེན་ཕངས་མེད་དུ་སྦྱར་ཞིང༌། ཁོ་རང་གི་སྤུན་དབོན་པོ་ཚུལ་ཁྲིམས་རྒྱ་མཚོ་ཟེར་བ་རིག་གནས་སྤྱི་བྱེ་ཀུན་ལ་ མཁས་པ་ཞིག་ཡོད་པ་ཁོང་གིས་ཕྱི་ནང་རྟེན་དང་བརྟེན་པ་བཅས་ཇི་ལྟར་བཞེངས་པའི་ཐོག་ མའི་བཟོ་བཀོད་ཀྱི་འཆར་འགོད་གནང༌། དུས་ཕྱིས་རབ་བྱུང་བཅོ་ལྔ་པའི་ས་འབྲུག ཕྱི་ལོ་ ༡༨༦༨ ལོར་དཔོན་པོ་མཁར་དགུའི་ཏཱ་རོ་འཇམ་དབྱངས་ཀྱིས་སྐྱབས་མགོན་ཀིརྟི་སྐུ་ཕྲེང་ བརྒྱད་པ་བློ་བཟང་འཕྲིན་ལས་ཚང་ཆེད་དུ་དགོན་པ་འདིར་གདན་དྲངས་ནས་དགོན་འགོ་ཕུལ། དུས་དེ་ནས་བཟུང་སྐྱབས་མགོན་ཀིརྟི་སྐུ་ཕྲེང་རིམ་པས་སྡེ་འདིའི་ཆོས་སྲིད་ལས་ དོན་ཀུན་ལ་སྟངས་འཛིན་གྱི་ཐུགས་འགན་བཞེས། ཁོང་གིས་སྡེ་འདིར་གསང་སྔགས་དཔལ་ལྡན་རྒྱུད་སྨད་པའི་ཕྱག་སྲོལ་ལྟར་གྱི་རྒྱུད་ པ་གྲྭ་ཚང་གསར་འཛུགས་མཛད་ཅིང་དགོན་པའི་བཅའ་ཡིག་ཆེན་མོ་གསར་རྩོམ་བཀའ་དྲིན་ བསྐྱངས། རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ། ཕྱི་ལོ་ ༡༩༡༧ ལོར་སྐྱབས་མགོན་ཀིརྟི་སྐུ་ཕྲེང་དགུ་པ་སྐལ་བཟང་བློ་གྲོས་ཚང་སྡེ་འདིར་ཕེབས་ ནས་དབང་ལུང་བསྩལ་ཅིང༌། མི་འཁྲུགས་པའི་སྒྲུབ་མཆོད་གསར་འཛུགས་མཛད། རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི། ཕྱི་ལོ་ ༡༩༣༤ ལོར་སྐྱབས་མགོན་སྐུ་གོང་མ་ྋངག་གི་དབང་པོ་སྡེ་འདིར་ཕེབས་ནས་ཆོ་འཕྲུལ་སྨོན་ ལམ་ཆེན་མཱུའི་ཚོགས་དབུར་ཕེབས་པས་མཚོན་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེ་བསྐྱངས་ ཐོག སྒོས་ཀྱི་བཀའ་སྲུང་རྒྱལ་པོ་ཆེན་པོ་དཔའ་བོ་རྩལ་གྱི་རྒྱལ་ཁང་གསར་བཞེངས་གྲུབ་ པ་ལ་རབ་གནས་སོགས་མཛད། མེ་ཕག ཕྱི་ལོ་ ༡༩༤༧ ལོར་སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་རྗེ་བློ་བཟང་བསྟན་འཛིན་འཇིགས་ མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོས་མ་དགོན་ལྟར་བློ་གསལ་གླིང་གི་ཡིག་ཆའི་སྟེང་ ནས་མཚན་ཉིད་ཀྱི་རྩོད་གྲྭ་དང༌། བསྟན་པ་སླར་གསོའི་དབུ་ཚུགས་རྗེས་སྨན་པ་གྲྭ་ཚང་གསར་འཛུགས་མཛད། དང་ཐོག་ཁྲི་པ་དང་དགེ་རྒན་གདན་ས་སྟག་ཚང་ལྷ་མོ་ནས་བཏང་ཞིང༌། དུས་འགྱུར་གྱི་རྗེས་སུ་ཆོས་སྡེ་ཆེན་པོ་རྔ་ཡུལ་ཀིརྟི་དགོན་ནས་གཏོང་བཞིན་ཡོད། ད་ལྟ་འབར་ཁམས་རྫོང་གི་ཁོངས་གཏོགས། གྲྭ་ཚང་གསུམ་དང༌། དགེ་འདུན་པའི་ཞལ་གྲངས་ ༢༠༠ ལྷག་ཅིག་བཞུགས།

About ལས་འབྱེད།