མཚོ་ལྷོ་ཆབ་ཆ་(ཀུང་ཧོ)རྫོང་ཁོངས་ཀྱི་དགོན་སྡེ་ཁག

༡    འཁྱམས་རུ་དགོན་བཀྲ་ཤིས་དགེ་འཕེལ་གླིང་།

འཁྱམས་རུ་དགོན་བཀྲ་ཤིས་དགེ་འཕེལ་གླིང་ནི་སྤྱི་ལོ་༡༨༩༤ལོར་བློན་པོ་གསེར་ཆེན་རུ་མཁན་ཆེན་དགེ་འདུན་ཆོས་འབྱོར་རྒྱ་མཚོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་འདེབས་པོ་ལ་ཡོངས་གྲགས་འཁྱམས་རུའི་ཨ་ལགས་ཟེར།དགོན་འདི་ཐོག་མར་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོས་སྤྱི་ལོ་༡༦༧༡ལོ་ཡས་མས་སུ་བཏབ་པའི་གུར་དགོན་ཞིག་སྟེ།གསང་ལུང་ནགས་འདབས་དང་།ཟབ་མོའི་ནགས་འདབས་སོགས་སུ་བསྡད་རྗེས་མང་རར་སྤོས།སྤྱི་ལོ་༡༨༡༣ལོར་ཀུན་མཁྱེན་གསུམ་པ་འཇིགས་མེད་རྒྱ་མཚོས་དགོན་པ་འདེབས་པའི་ཐུགས་བཀོད་དང་།བཀྲ་ཤིས་དགེ་འཕེལ་གླིང་ཞེས་པའི་མིང་བསྩལ་བ་ལྟར་འཁྱམས་རུའི་ཨ་ལགས་བྱ་བས་ཁང་དགོན་དུ་བསྒྱུར་ཟེར་ཡང་།ཐར་ཤུལ་ཚང་གི་གུར་སྒར་མང་རར་སྤོས་པའི་སྒར་ཤུལ་ལམ།སྡེ་ཁྲོད་དུ་སྒར་བ་དང་དགེ་འདུན་རེ་ཟུང་ཡོད་པ་གཞི་བྱས་ནས་བཏབ་པ་འདྲ།

 

 

༢     དགོན་པ་སོ་མ།

དགོན་པ་སོ་མ་ནི་སྤྱི་ལོ་༡༩༠༢ནི་ཆབ་ཆ་རུ་ཚུལ་ཁྲིམས་སྙན་གྲགས་རྒྱ་མཚོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་དགོན་མིང་ཆ་ཚང་དགོན་གསར་བཀྲ་ཤིས་ཐེག་ཆེན་གླིང་།འདིར་ཐོག་མར་ཨ་རིག་དགེ་བཤེས་ཆེན་མོས་སྒྲུབ་པ་མཛད།ཕྱིས་ཁོང་གི་སྒྲུབ་ཁང་གད་ཕུག་ཏུ་རྟ་བོ་སྨན་པའི་རྟ་བོ་སྨྱུང་གནས་པས་སྒྲུབ་པ་མཛད་དེ་སྒར་གཞིས་བཟུང་།རབ་བྱུང་བཅུ་བཞི་བའི་སྟོད་ཙམ་ལ་ཀ་མདོ་དང་།འབྲོག་ལུང་།འབེལ་རྩ།གཅན་ཉིན་སྲིབ་སོགས་དུས་འཁྲུག་གིས་གཙེས་པས་ཚོ་ཁག་ཡུལ་སྡེ་འགའ་ཡུལ་བུད་དེ་འདི་ཕྱོགས་སུ་གཞིས་ཆགས།དེ་སྐབས་ཁོང་ཚོས་མཆོད་གནས་སུ་བྱ་ཁྱུང་མཁན་ཆེན་གདན་དྲངས་ཤིང་།ཁོང་གིས་གོང་གི་མཚམས་ཁང་གི་རྨང་གཞིའི་སྟེང་དགོན་སྡེ་འདི་ཉིད་བཏབ།སྔར་རྒྱལ་དབང་བསོད་ནམས་རྒྱ་མཚོ་དང་ལྔ་བ་ཆེན་པོ་སོགས་ཕེབས་མྱོང་བའི་ཆབ་ཆའི་ལྷ་ཁང་ངམ་ཐེག་མཆོག་ཆོས་འཁོར་གླིང་ཡང་འདི་དང་བསྲེག་པས་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་ཐོགས་ཟེར།སྤྱི་ལོ་༡༩༥༨ལོར་རྒྱས་བཅོམ།སྤྱི་ལོ་༡༩༨༠ལོ་ནས་ས་གནས་ཡུལ་མིས་དང་བླང་བསྐྱར་བཞེངས་བྱས།

 

 

༣      གཡོན་རུའི་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང་།

གཡོན་རུའི་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང་ནི་སྤྱི་ལོ་༡༨༣༡ལོར་མཚོ་སྔོན་པོའི་རིག་སྨོན་དུ་གཡོན་རུ་བློ་བཟང་ནོར་བུས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་ཞྭ་དམར་པཎ་ཌི་ཏའི་བཀའ་བཀོད་བཞིན་གཡོན་རུ་བློ་བཟང་ནོར་བུས་བཏབ།ཐོག་མར་གུར་དགོན་ཡིན་ཀྱང་།སྤྱི་ལོ་༡༩༣༥ལོར་གཡོན་རུའི་སྐུ་སྐྱེ་བློ་བསྟན་འཛིན་རྒྱ་མཚོས་ཁང་དགོན་དུ་བསྒྱུར།དགོན་འདིར་བླ་སྤྲུལ་ལྔ་ཙམ་བཞུགས།སྤྱི་ལོ་༡༩༥༨ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ།སྤྱི་ལོ་༡༩༨༢ལོ་ནས་ཡུམ་མིས་དགོན་པ་བསྐྱར་འདེབས་བྱས།

 

 

 

༤     ཐར་ཤུལ་དགོན།

ཐར་ཤུལ་དགོན་ནི་སྤྱི་ལོ་༡༩༠༧ལོར་བྲག་ཐོ་དཀར་རིལ་དུ་རྭ་རྒྱའི་སྐུ་ལོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་བའི་མཚན་དངོས་ལ་བྱམས་པ་བཟང་བོ་ཟེར།ཐར་ཤུལ་ཆོས་སྐྱོང་རྒྱ་མཚོས་བཙུགས་པའི་ཐར་ཤུལ་སྤྱི་བ་

གཞི་བྱས་ནས་བཏབ་ཅིང་།ཐོག་མར་གུར་དགོན་བྱས་ཏེ་སྤྲུལ་ལུང་འོས་ཚལ་དང་དགུག་ཐུལ།བྲག་དམར་ཐ་རིང་བཅས་སུ་ངེས་མེད་དུ་བསྡད།སྤྱི་ལོ་༡༩༡༧ལོར་རྭ་རྒྱ་ནས་བྱམས་པ་བཟང་བོ་བྱ་བ་ཞིག་ཐར་ཤུལ་སྡེ་ཁྲོད་དུ་སླེབས་ནས་བཞུགས་པ་ལ་རྭ་རྒྱའི་སྐུ་ལོ་ཐོགས།ཕྱིས་དེ་ཉིད་དགོན་བདག་ལྟ་བུར་གྱུར།སྤྱི་ལོ་༡༩༡༣ལོར་ཁང་དགོན་དུ་བསྒྱུར་ཏེ་བྲག་ཐོ་དཀར་རིལ་ཞེས་པའི་སར་བཏབ།རྭ་རྒྱ་སྐུ་ལོ་སྐུ་ཕྲེང་གཉིས་པའི་སྐབས་དགེ་བཤེས་ཐོ་རྒྱའི་རྒྱ་མཚོས་སྒོ་མང་ཡིག་ཆའི་སྟེང་ནས་མཚན་ཉིད་བཙུགས།འདི་ལ་ཇོ་སྐོར་མཛོ་མོ་ལུང་དགོན་པའང་ཟེར་བར་སྣང་།སྤྱི་ལོ་༡༩༥༨ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ།སྤྱི་ལོ་༡༩༨༢ལོ་ནས་ཡུལ་མིས་དགོན་པ་བསྐྱར་འདེབས་བྱས།ད་ལྟ་དགེ་འདུན་པ་༨༠ཙམ་ཡོད།

 

 

 

༥     ས་ཕྱུག་དགོན་གསང་སྔགས་བསྟན་རྒྱས་གླིང་།

ས་ཕྱུ་དགོན་གསང་སྔགས་བསྟན་རྒྱས་གླིང་ནི་སྤྱི་ལོ་༡༦༩༡ལོར་ཆབ་ཆའི་ས་ཕྱུག་སྡེ་བར་མོག་ཀྱྭ་མཁན་ཆེན་འཇམ་དབྱངས་རྒྱ་མཚོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་ཐོག་མར་ཇོ་སྐོར་སྦྱི་བ་གཞི་བྱས་ནས་གུར་དགོན་བཏབ་སྟེ་འབྲོག་རུ་དང་ལྷན་དུ་གནས་ངེས་མེད་ལྟ་བུར་བསྡད།ཕྱིས་མོག་ཀྱྭ་སྐུ་ཕྲེང་ལྔ་བ་འཇམ་དབྱངས་དགེ་བ་དཔལ་གྱིས་མཛོ་མོ་ལུང་དུ་ཁང་དགོན་དུ་བསྒྱུར།སྤྱི་ལོ་༡༩༥༨ལོར་རྒྱས་བཅོམ།སྤྱི་ལོ་༡༩༨༡ལོ་ནས་ཡུལ་མིས་བསྐྱར་གསོ་བྱས།

 

 

 

༦    ལྷ་མོ་དྲེལ་དགོན་ཚུལ་ཁྲིམས་དར་རྒྱས་གླིང་།

ལྷ་མོ་དྲེལ་དགོན་ཚུལ་ཁྲིམས་དར་རྒྱས་གླིང་ནི་སྤྱི་ལོ་༡༨༨༡ལོར་ལྷ་མོ་དྲེལ་རུ་སྨར་ཁམས་སྐུ་ལྔ་བ་དགེ་འདུན་བསྟན་འཛིན་རྒྱ་མཚོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཐོག་མར་གུར་སྒར་ཡིན་ཞིང་ཅང་ཤེས་ཆོ་ནོ་ཞེས་པར་བསྡད། རྒྱལ་དབང་བཅུ་གསུམ་པས་ཚུལ་ཁྲིམས་དར་རྒྱས་གླིང་བཏབ། ཕྱིས་རྐྱེན་དབང་གིས་ཀཱ་ཡན་གྲམ་དཀར་སོགས་སུ་སྤོས་ཤིང་། མཐར་

མཐར་དུང་དཀར་ཞེས་པར་གཞི་བཟུང་སྟེ་ཁང་དགོན་དུ་བསྒྱུར། ཨ་རོལ་རྡོ་རྗེ་འཆང་གིས་དགོན་གནས་ལྷ་མོ་དྲེལ་དུ་སྤོས་ན་ལེགས་པར་གསུངས་ཀྱང་། རྒྱ་དམར་གྱི་བཙན་འཛུལ་སླེབས་ནས་ཅི་ཡང་མེད་

པར་གྱུར། སྤྱི་ལོ་༡༩༨༠ ལོའི་རྗེས་སུ་སྨར་ཁམས་བློ་བཟང་བསྟན་འཛིན་རྒྱ་མཚོས་ལྷ་མོ་དྲེལ་ཞེས་པའི་སར་བསྐྱར་བཞེངས་བྱས།

 

 

༧    རྒྱ་ཡེ་དགོན་ངོ་མཚར་ཐར་འདྲེན་གླིང་།

རྒྱ་ཡེ་དགོན་ངོ་མཚར་ཐར་འདྲེན་གླིང་ནི་སྤྱི་ལོ་༡༩༨༤ལོར་མཚོ་སྔོན་རྒྱ་ཡེ་རུ་གུང་རི་མཁའ་འགྲོ་མས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

སྤྱི་ལོ་༡༩༨༠ ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་འདི་ཕྱོགས་སུ་ཕེབས་སྐབས། གུང་རི་མཁའ་འགྲོ་མས་ཞུས་པ་བཞིན་པཎ་ཆེན་རིན་པོ་ཆེས་ངོ་མཚར་ཐར་འདྲེན་གླིང་ཞེས་པའི་དགོན་མིང་ཕྱག་བྲིས་བསྩལ།

 

 

 

༨      འབུམ་ལུང་ཉམས་དགའི་དབེན་གནས།

འབུམ་ལུང་ཉམས་དགའི་དབེན་གནས་ནི་སྤྱི་ལོ་༡༩༡༨ལོར་ཆོས་རྗེ་ཐང་དཀར་དུ་རྔ་བ་བློ་བཟང་འཕྲིན་ལས་རྒྱ་མཚོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་ཐོག་མར་ཀུན་གཟིགས་པཎ་ཆེན་བཅུ་བ་མཆོག་གིས་དགོན་ས་ལུང་བསྟན་ཞིང་། ཁོང་གི་སྐུ་བརྙན་དང་འོད་དཔག་མེད་ཀྱི་སྐུ་ཆུང་ཞིག་བྱིན་རྟེན་དུ་གནང་བ་རྟེན་གཙོའི་གཟུངས་སུ་ཡོད་ཟེར

 

 

 

༩     ཐེབ་རྒྱ་ཉིན་མཐའ་མའི་དགོན་པ།

ཐེབ་རྒྱ་ཉིན་མཐའ་མའི་དགོན་པ་ནི་སྤྱི་ལོ་༡༨༣༠ལོར་ཆབ་ཆ་རྫོང་ཁོངས་སུ་ཨ་མཆོད་སྔགས་པས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་རྔ་བ་ཕྱོགས་ཀྱི་གྲྭ་ཨ་མཆོད་སྔགས་པ་ཟེར་བ་ཞིག་གནས་འདིར་ཡོང་ནས་བསྡད་ཅིང་།དེ་ཉིད་ཀྱིས་སྣེ་ཁྲིད་དེ་ཐེབ་རྒྱ་ཡུལ་མིའི་རོགས་སྐྱོར་ལ་བརྟེན་ནས་དགོན་པ་འདི་བཏབ།བ་ཡན་སྡེ་ཚ་དགོན་པའི་དགོན་ལག་ཏུ་གཏོགས།སྤྱི་ལོ་༡༩༥༨ལོར་རྒྱས་བསྣུབས་ཏེ་ཆོས་སྒོ་བརྒྱབ།སྤྱི་ལོ་༡༩༨༣ལོར་ནས་ས་གནས་ཡུལ་མིས་བསྐྱར་གསོ་བྱས།

 

 

About རྩོམ་སྒྲིག་པ།