མཚོ་ལྷོ་གད་པ་སུམ་མདོ་(ཐོན་ཏེ)རྫོང་ཁོངས་ཀྱི་དགོན་སྡེ་ཁག

༡    གཙང་དགོན་དོན་གྲུབ་རབ་བརྟན་གླིང་།

གཙང་དགོན་དོན་གྲུབ་རབ་བརྟན་གླིང་ནི་སྤྱི་ལོ་༡༧༦༥ལོར་གཙང་ཀོ་སྲིབ་འབའ་རུ་གཙང་པཎ་ཌི་ཏ་བསྟན་པ་རྒྱ་མཚོ་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

པཎ་ཆེན་དཔལ་ལྡན་ཡེ་ཤེས་རྒྱ་ཡུལ་ལ་ཕེབས་སྐབས་དགོན་མགོ་ཕུལ་ཞིང་བཅའ་ཡིག་ཞུས།སེ་ར་རྗེ་བཙུན་པའི་ཡིག་ཆའི་སྟེང་ནས་འཆད་ཉན་བཙུགས།ཕྱིས་ལྕགས་གླང་ལོར་བླ་དཔོན་ཐམས་ཅད་ཀྱིས་ཀུན་མཁྱེན་འཇམ་དབྱངས་བཞད་པ་ལ་ནན་ཞུས་བཞིན་འཛིན་བདག་གནང་།གཞི་མོ་གླས་དྲུག་དགོན་ས་བཟང་བས་དེར་སྤོས་ན་འདུ་ཁང་ཁོང་གིས་ཕིབས་ཆོག་གསུངས་ཀྱང་ས་ཁད་འགྱངས་ཆེས་པས་དང་ལེན་མ་བྱས་ཟེར།སྤྱི་ལོ་༡༩༣༧ལོར་ཁ་ཆེ་མཱ་པུ་ཧྥིང་གིས་ཁྲལ་ལོག་བཀལ་བ་སོགས་ཀྱིས་མ་འཆམ་ནས་དམག་རྟ་ནག་ཅན་གྱི་དནག་དཔུང་གིས་དགོན་པ་བཅོམ།སྤྱི་ལོ་༡༩༤༢ལོར་གཙང་སྐུ་ཕྲེང་ལྔ་བའི་སྤྲུལ་སྐུ་བཙལ་མི་ཆོག་པའི་བཙན་བཀའ་བཏང་བ་སོགས་དགོན་སྡེ་ལ་རྡབ་གསིགཚད་མེད་བྱུང་།

སྤྱི་ལོ་༡༩༥༨ལོར་རྒྱ་དནར་གུང་ཁྲན་གྱིས་བཅོམ་སྟེ་ཆོས་སྒོ་བརྒྱབ།སྤྱི་ལོ་༡༩༨༠ལོའི་རྗེས་སུ་ཡུལ་མིས་དང་བླང་གིས་བསྐྱར་གསོ་བྱས།

 

 

༢     གསེར་ལག་དགོན།

གསེར་ལག་དགོན་ནི་སྤྱི་ལོ་༡༦༩༥ལོར་འབའ་གསེར་ཐང་དུ་རྒྱ་ལི་བྱསམ་པ་དོན་ཡོད་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་བཀའ་དགོངས་བཞིན་རྒྱ་ལི་བྱམས་པ་དོན་ཡོད་རང་ཡུལ་མདོ་སྨད་དུ་ཕེབས་ཤིང་།ཨ་རིག་གིས་མཆོད་གཞིས་ཁས་བླངས་པ་ལྟར་རྨ་ཆེན་འདབས་འཇོག་འཐིའི་ལྷ་རི་དེའུ་དཀར་ཞེས་པར་བཏབ་ཀྱང་།མགོ་ལོག་གི་རྐུན་ཇག་གིས་གཙོས་པས་ཧང་ངེ་རི་རྒན་དུ་སྤོས།དེ་ནས་རྭ་ངན་གྱིས་གཙེས་པས་འཇང་ཆུང་ལ་ཁ་དཀར་རྡང་ཞེས་པར་སྤོས།དེ་ནས་ཀྱང་རྐུན་ཇག་དང་གཅན་གཟན་གྱིས་གཙེས་པས་རྒྱ་ལི་སྐུ་ཕྲེང་གཉིས་པས་མཐུ་གཏད་བྱས་ཏེ་རྟགས་ཐོན།ཁོང་དབུས་སུ་ཕེབས་ཏེ་པཎ་ཆེན་རིན་པོ་ཆེར་ཞུས་པས་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་ལུང་བསྟན་ལྟར་གསེར་ལག་ཏུ་དགོན་གནས་སྤོས།སྤྱི་ལོ་༡༩༢༣ལོར་ཁ་ཆེ་མཱ་ཇག་གིས་བཅོམ་འཕྲོག་བྱས་ཤིང་མི་གྲངས་ཉེར་གསུམ་བསད།

དགོན་པ་མེར་བསྲེགས།ཕྱིས་རྒྱ་བཟའི་གྲུབ་རྒན་ཚང་དང་།ཨ་རིག་ཚང་།ཨོའུ་ཀྱཱ་ཚང་།ཉྭ་ནག་ཚང་བཅས་ཀྱིས་སླར་གསོ་མཛད།མདོ་སྨད་ཆོས་འབྱུང་དུ།འདི་ལ་རྒྱ་ལི་སྒར་ཞེས་འབྱུང་ཞིང་།གསེར་ལག་དགོན་རྒྱ་བཟའ་ཁྲི་དགོན་ཞེས་དགོན་པ་མི་འདྲ་བ་གཉིས་ལྟ་བུར་བཤད་འདུག་པས་བརྟག

སྤྱི་ལོ་༡༩༥༨ལོར་རྒྱས་བཅོམ།སྤྱི་ལོ་༡༩༨༠ལོའི་རྗེས་ནས་ཡུལ་མིས་བསྐྱར་གསོ་བྱས།

 

 

༣     བདེ་ཆེན་དགོན་བཤད་སྒྲུབ་དར་རྒྱས་གླིང་།

བདེ་ཆེན་དགོན་བཤད་སྒྲུབ་དར་རྒྱས་གླིང་ནི་སྤྱི་ལོ་༡༩༣༡ལོར་རྒྱལ་བོ་གོ་ཆེན་གྱི་ལྷ་ཞོལ་དུ་བདེ་ཆེན་ལྷོ་བྲག་བློ་བཟང་ཆོས་འཕེལ་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

མཚོ་ལྷོའི་དགོན་ཁག་ལོ་རྒྱུས་སུ་དགོན་འདི་སྤྱི་ལོ་༡༩༢༨ལོར་ལྷོ་བྲག་བློ་བཟང་ཆོས་འཕེལ་གྱིས་བཏབ་ཅེས་འཁོད་འདུག་མོད།ལྷོ་བྲག་བློ་ཆོས་འདི་བ་མདོ་སྨད་ཆོས་འབྱུང་དུ་གསལ་བའི་མགར་རྩེ་བླ་མ་སྟག་ཕྲེང་ཅན་གྱི་སྐུ་ཕྲེང་བདུན་པ་ཡིན་ལ།ཁོང་སྤྱི་ལོ་༡༨༥༨ལོར་འཁྲུངས་ཤིང་།དགུང་ལོ་དོན་གསུམ་ཐོག་རྒྱལ་བོ་གོ་ཆེན་ལྷ་ཞོལ་དུ་དགོན་པ་བཏབ་ཟེར་བས་བཏབ་ལོ་སྤྱི་ལོ་༡༩༣༡ཡིན་དགོས་པ་ལྟ་བུར་སྣང་བས་དཔྱད།

 

 

༤    ཁྱུང་དམར་མཚམས་ཁང་བྲག་དམར་ཆོས་རྫོང་།

ཁྱུང་དམར་མཚམས་ཁང་བྲག་དམར་ཆོས་རྫོང་ནི་སྤྱི་ལོ་༡༩༥༢ལོར་ཀྱེེ་ཕུར་རི་རྒྱུང་མོ་ཡང་ལུང་མདོ་རུ་རི་ཁྲོད་པ་འགའ་འདུས་ཏེ་ཆགས།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་ཐོག་མར་ཡེལ་གེར་དགེ་འདུན་བསྟན་པ་རབ་རྒྱས་ཀྱིས་དངོས་སློབ་ཐོ་ལེ་དགོན་པའི་དགེ་སློང་རབ་འབྱོར་དང་།ཤེས་རབ་སོགས་མཚམས་ལ་བསྡད་ཅིང་།རིམ་གྱིས་རི་ཁྲོད་པའི་ཉི་ཤུ་ལྷག་འདུས་ཏེ་དགོན་པ་ཆགས་པས་ཁ་སྒང་མཚམས་ཁང་ཐོགས།རྒྱ་དམར་གྱིས་གཏོར་རྗེས་ཆོས་སྒོར་ཕྱེ་སྐབས་ཡུལ་གྱི་སེར་སྐྱ་ཚང་མས་ཞུས་ངོེར་སྤྱི་ལོ་༡༩༩༡ལོར་ཡེལ་གེར་དགེ་འདུན་བསྟན་པའི་ཉི་མས་བཏབ་ཅིང་།

 

༥     ལྷ་ལྕམ་རིག་འཛིན་འཇིགས་མེད་སྐལ་བཟང་གླིང་།

ལྷ་ལྕམ་རིག་འཛིན་འཇིགས་མེད་སྐལ་བཟང་གླིང་ནི་སྤྱི་ལོ་༡༩༤༥ལོར་གད་པ་སུམ་མདོ་རུ་མདོ་སྔགས་བཤད་སྒྲུབ་ཉི་མས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

སྤྱི་ལོ་༡༨༡༥ཡས་མས་སུ་ཞབས་དཀར་ཚོགས་དྲུག་རང་གྲོལ་འདིར་ཕེབས་ཏེ་སྒྲུབ་པ་མཛད་ཅིང་།ཁོང་གིས་མཛད་པའི་གནས་བསྟོད་ཀྱང་ཡོད་ཟེར།མ་རྒན་ཨ་ལགས་བློ་གྲོས་རྒྱ་མཚོས་འདི་ལ་བྲག་དམར་ཆོས་རྫོང་བཏགས་པར་གྲགས།རབ་བྱུང་བཅོ་ལྔའི་ནང་ནས་ཛ་སག་ཁྲི་བ་བློ་བཟང་རྒྱ་མཚོས་འཛིན་བདག་རྒྱ་བསྐྱེད་གནང་འདུག        མདོ་སྨད་ཆོས་འབྱུང་དུ་སྟག་མོ་རྫོང་ཞེས་འབྱུང་བའང་འདི་ཡིན་དགོས་ལྟ་བུར་སྣང་མོད།མཚོ་སྔོན་ནང་བསྟན་དགོན་སྡེའི་ལོ་རྒྱུས་རྒྱ་ཡིག་མར་ལོ་ཚིགས་བཤད་པ་དག་ན་འདི་ཉིད་ཡིན་ཐབས་མེད་པས་དཔྱད།

 

 

༦      ཤ་བྲང་དགོན་དགེ་ལྡན་བཤད་སྒྲུབ་གླིང་།

ཤ་བྲང་དགོན་དགེ་ལྡན་བཤད་སྒྲུབ་གླིང་ནི་སྤྱི་ལོ་༡༨༣༡ལོར་སྐ་ཆུ་ཀླད་དུ་གཏེར་སྟོན་འཇིགས་མེད་སྣ་ཚོགས་རང་གྲོལ་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་ནག་བཟའ་ཤ་བྲང་ཞེས་བྲིས་པའང་སྣང་།དགོན་འདིར་གཏེར་སྟོན་ཆུང་བ་ཆོས་དབྱིངས་ལྷུན་གྲུབ་རང་གྲོལ་ཞུ་བ་དང་།གཏེར་སྟོན་ཆེ་བ་སྣ་ཚོགས་རང་གྲོལ་གཉིས་ཀྱིས་རེས་མོས་སྒོས་བསྐྱངས།གཏེར་ཆེན་སྐུ་ཕྲེང་གསུམ་པས་དགོན་གནས་བྲག་སྐྱ་ལྷུན་གྲུབ་རྫོང་ཟེར་བར་སྤོས་པས་གཏེར་སྟོན་རྣམ་གཉིས་དགོན་སོ་སོར་བཞུགས་ཟེར་ཡང་།གཏེར་ཆུང་དགོན་གང་དུ་བཞུགས་པ་མི་གསལ།སྤྱི་ལོ་༡༩༥༨ལོར་རྒྱས་བཤིག

ད་ལྟའི་གནས་ཚུལ་མ་ཤེས།

 

 

༧       བྱིན་རླབས་དགའ་འཁྱིལ་གླིང་།

བྱིན་རླབས་དགའ་འཁྱིལ་གླིང་ནི་སྤྱི་ལོ་༡༩༢༥ལོར་བཀྲ་ཤིས་རི་བཟང་དུ་བྲག་དཀར་བློ་བཟང་ཆོས་ཀྱི་ཉི་མ་སོགས་ཀྱིས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་གསེར་ཁང་དཀོན་མཆོག་དམ་ཆོས་བྱིན་རླབས་དགའ་འཁྱིལ་གླིང་དང་།དགོན་འདི་ནག་བཟའ་དགོན་ཡང་ཟེར།མཚོ་སྔོན་ནང་བསྟན་དགོན་སྡེའི་ལོ་རྒྱུས་རྒྱ་ཡིག་མར།སུམ་མདོ་དགོན་གསེར་ཁང་དར་རྒྱས་བྱིན་རླབས་དགའ་འཁྱིལ་གླིང་ཞེས་བྲིས་འདུག      འདི་ཐོག་མར་ཀླུ་ཚང་ཨ་ཁུ་ཆུང་བ་ཚང་ངམ།རྗེ་བློ་བཟང་འོད་ཟེར་ཚང་གིས་ནཱ་རོ་མཁའ་སྤྱོད་མའི་བསྐྱེད་རྫོགས་སོགས་དབང་ལིང་ཆོས་སྐོར་མང་བོ་གསུངས་ཏེ་བཞུགས་པས་ངོ་མཚར་བའི་ལྟས་མང་བོ་བྱུང་ཞིང་།ཁོང་གིས་འདིར་དགོན་པ་ཞིག་བཏབ་ན་ལེགས་པར་ལུང་བསྟན་ལ་ལྟར།ཁོང་གི་སློབ་མ་བྲག་དཀར་སྤྲུལ་སྐུ་བློ་བཟང་ཆོས་ཀྱི་ཉི་མ་སོགས་ཀྱིས་གུར་དགོན་བཟུང་ནས་རིམ་གྱིས་ཁང་དགོན་དུ་བསྒྱུར།སྤྱི་ལོ་༡༩༥༨ལོར་རྒྱ་དམར་གྱིས་གཏོར་བཅོམ་ཞིང་།ཕྱིས་སྤྱི་ལོ་༡༩༨༦ལོར་ཀླུ་ཚང་ཨ་ཁུའི་དངོས་སློབ་སྐུ་འབུམ་དགེ་བཤེས་སྐུ་ཕྲེང་གསུམ་པས་བསྐྱར་འདེབས་བྱས་ཟེར།

 

 

༨        དཀར་མོ་གསང་ཆེན་སྒྲུབ་ཕུག

དཀར་མོ་གསང་ཆེན་སྒྲུབ་ཕུག་ནི་སྤྱི་ལོ་༡༩༢༧ལོར་གད་པ་སུམ་མདོ་རུ་འཇམ་དབྱངས་བློ་བཟང་རྒྱ་མཚོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་དགོན་མིང་ལ་བཀྲ་ཤིས་ཆོས་འཁོར་གླིང་ཟེར།སྔར་ནས་སྒྲུབ་ཕུག་ཅིག་ཡོད་པ་སུས་ཡིན་མི་གསལ།འཇམ་དབྱངས་བློ་བཟང་རྒྱ་མཚོས་དེ་ནས་ལོ་བརྒྱད་ལ་སྒོམ་སྒྲུབ་མཛད་མཐར་དགོན་པ་བཏབ།སྤྱི་ལོ༡༩༤༠ནང་ཡར་རྒྱས་སུ་སོང་།སྤྱི་ལོ་༡༩༦༦ལོར་རྒྱས་བཤིག     སྤྱི་ལོ་༡༩༨༤ལོ་ནས་ཡུལ་མིས་བསྐྱར་བཞེངས་བྱས།ད་ལྟ་དགེ་འདུན་ཞལ་གྲངས་༥༦ཙམ་ཡོད་འདུག

 

 

༩       མཁར་ལྷས་མཚམས་ཁང་།

མཁར་ལྷས་མཚམས་ཁང་ནི་སྤྱི་ལོ་༡༩༩༢ལོར་འབའ་རྒྱང་ཆེན་ལུང་བ་རུ་འཇམ་དབྱངས་མཁྱེན་རབ་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

མཚོ་ལྷོའི་དགོན་ཁག་ལོ་རྒྱུས་སུ་འདི་འདེབས་པོ་འཇམ་དབྱངས་མཁྱེན་རབ་ནི།ཀིརྟི་བློ་བཟང་འཕྲིན་ལས་ཀྱིས་ཐུགས་ཐག་བཅད་དེ་གསེར་ལག་དགོན་དུ་ཁྲི་འདོན་མཛད་པར་བཤད་ཀྱང་།སུའི་སྤྲུལ་ཡིན་མིན་མི་གསལ།ཁོང་གིས་དགོང་ལོ་སོ་ལྔའི་སྟེང་འདི་ཉིད་བཏབ་སྟེ་མི་ལ་རི་ཁྲོད་དགའ་ལྡན་བཀྲ་ཤིས་ཆོས་གླིང་བཏགས།ད་ལྟའི་མིང་འདི་ཕྱིས་སུ་བྱུང་བ་ཡིན་ནམ་སྙམ།འདི་ལ་མཁན་ལྷས་མཚམས་ཁང་བྲིས་པའང་འདུག

 

 

༡༠     དེའུ་རྒན་ཨོ་རྒྱན་གསང་ཆེན་ཆོས་འཁོར་གླིང་།

དེའུ་རྒན་ཨོ་རྒྱན་གསང་ཆེན་ཆོས་འཁོར་གླིང་ནི་སྤྱི་ལོ་༡༩༣༥ལོར་འབའ་གཞུང་རྐ་ཆེ་ཆུང་གི་ཆུ་འདྲེས་མཚམས་སུ་རྫོང་སྔོན་འཇིགས་མེད་ཆོས་ཀྱི་གོ་ཆས་བཏབ།ཆོས་རྒྱུད་རྙིང་མ་ཡིན།

དགོན་འདིའི་བླ་གྲྭ་ཚང་མ་གྲོང་ཆོག་ཏུ་སོང་མི་ཆོག་པ་སོགས་ནང་ཁྲིམས་ཤིན་ཏུ་དམ་ཟེར།སྤྱི་ལོ་༡༩༥༨ལོར་གྲྭ་གྲངས་༡༠༠ཡོད་མོད།ལོ་དེར་དགོན་པ་རྒྱས་གཏོར།སྤྱི་ལོ་༡༩༨༤ལོར་ནས་ཡུལ་མིས་བསྐྱར་བཞེངས་བྱེད་མགོ་ཚུགས།

 

 

༡༡       ཐང་གཞིས་དགོན་བཀྲ་ཤིས་ཆོས་གླིང་།

ཐང་གཞིས་དགོན་བཀྲ་ཤིས་ཆོས་གླིང་ནི་སྤྱི་ལོ་༡༩༢༨ལོར་དེའི་རྒན་ནག་སྒུར་དུ་རྫོང་སྔོན་འཇིགས་མེད་ཆོས་ཀྱི་གོ་ཆའི་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིར་སྔོན་གསང་སྔགས་ཉམས་ལེན་བྱེད་མཁན་ཁ་ཤས་འདུས་ཡོད་ལ།འབའ་ཡུལ་དུ་གསང་སྔགས་རྙིང་མའི་སྒྲུབ་སྡེ་བཙུགས་པའི་ཐོག་མ་ཡིན་ཟེར།འབའ་ཤིང་ཁྲི་དགོན་གྱི་མ་དགོན་ཡིན།སྤྱི་ལོ་༡༩༥༨ལོར་རྒྱས་བཅོམ།སྤྱི་ལོ་༡༩༨༤ལོར་ཡུལ་མིས་བསྐྱར་གསོ་བྱས།

 

 

༡༢       གྲྭ་ཚང་དགོན་དགའ་ལྡན་ཆོས་འཁོར་གླིང་།

གྲྭ་ཚང་དགོན་དགའ་ལྡན་ཆོས་འཁོར་གླིང་ནི་སྤྱི་ལོ་༡༩༤༢ལོར་ཐང་རྒན་དུ་ཨ་ཁུ་བྱམས་པ་ཆོས་སྒྲུབ་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཐོག་མར་གུར་སྒར་བྱས་ཏེ་གནས་ངེས་མེད་དུ་སྤོས།ཕྱིས་སྤྱི་ལོ་༡༩༥༥ལོར་ཁང་དགོན་དུ་བསྒྱུར།སྡེ་ཚ་དགོན་གྱི་དགོན་ལག་ཡིན་ཟེར།

 

 

༡༣        འབའ་མདོ་མཚམས་ཁང་།

འབའ་མདོ་མཚམས་ཁང་ནི་སྤྱི་ལོ་༡༩༥༦ལོར་གད་པ་སུམ་མདོ་རུ་མཚམས་པ་ཁ་ཤས་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིར་མཚམས་པ་འགའ་རེ་འདུས་ནས་རིམ་གྱིས་གྲུབ་པ་ཞིག་ཡིན་པས།འདེབས་མཁན་ངེས་གཏན་མེད།སྤྱི་ལོ་༡༩༥༦ལོའི་རྗེས་ནས་མཚམས་ཁང་ཞིག་བརྩིགས་ཀྱང་།གཏན་སྡོད་བྱེད་མཁན་གྱི་གྲྭ་གྲངས་གཅིག་ཀྱང་མེད་ཟེར།

About རྩོམ་སྒྲིག་པ།