༄༅།།  མཚོ་ནུབ་ཁུལ་(ཏུའུ་ལན)རྫོང་གི་བོད་ཀྱི་དགོན་སྡེ།

༡    པཎ་ཆེན་ཞིང་སྡེ་དགོན་པ།

པཎ་ཆེན་ཞིང་སྡེ་སགོན་པ་ནི་ཆིན་ཆན་ལུང་ཁྲི་ལོ་ཞེ་བཞིའི་སྐབས་སུ་ཏུ་ལན་རྫོང་དུ་སྨན་པ་ཚེ་དཔག་སྐྱབས་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་པ་འདི་ཁག་གཉིས་སུ་དབྱེ་བ་ལས་གཅིག་ནི།ཆོས་འཆད་ཉན་བྱེད་སའི་ལྟེ་བ་སྟེ་བདེ་ཆེན་ཕོ་བྲང་ཟེར།ཅིག་ཤོས་ནི་ཆོས་ལུགས་ཀྱི་དབུ་ཁྲིད་སོགས་སྐུ་མགྲོན་གལ་ཆེན་སྣེ་ལེན་བྱེད་ས་སྟེ་བདེ་ཆེན་བླ་བྲང་ཟེར།འདིར་འགྲུལ་བ་སྡོད་སའི་ཁང་ས་སོགས་ཡོད།དུས་རབས་༡༩བའི་ནང་བདེ་ཆེན་བླ་བྲང་ཆུ་ལོག་གིས་ཁུར།སྤྱི་ལོ་༡༩༢༤ལོར་པཎ་ཆེན་སྐུ་ཕྲེང་དགུ་བས་གཙང་ནས་མཁན་ཆེན་བླ་མ་བྱ་བ་མངག་གཏོང་མཛད་དེ།སྔར་གྱི་བདེ་ཆེན་བླ་བྲང་གི་ཤུལ་དུ་འདུ་ཁང་སོགས་བཞེངས་ཏེ་ཕན་བདེ་ཆོས་འཁོར་གླིང་བཏགས།པཎ་ཆེན་ཞིང་སྡེ་དགོན་པར་སྤྱི་ལོ་༡༩༡༣ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆིབས་བསྒྱུར་གནང་བ་སོགས་དབུས་གཙང་ཕྱོགས་ཀྱི་ཆོས་སྲིད་དབུ་ཁྲིད་མང་པོ་ཕེབས་མྱོང་བའི་གདན་ས་ཞིག་རེད།

སྤྱི་ལོ་༡༩༥༨ལོར་རྒྱས་བཤིག་སྟེ་ཆོས་སྒོ་བརྒྱབ།སྤྱི་ལོ་༡༩༨༤ལོར་དད་ལྡན་མང་ཚོགས་ཀྱིས་དང་བླང་བསྐྱར་བཞེངས་བྱས།

 

 

༢    པ་ལུང་དགོན་པ།

པ་ལུང་དགོན་པ་ནི་སྤྱི་ལོ་༡༩༢༡ལོར་ཏུ་ལན་རྫོང་དུ་ཇ་སག་ནོར་བུ་བཀྲ་ཤིས་ནས་བཏབ།ཆོས་རྒྱུས་དགེ་ལུགས་ཡིན།

སྔར་འདི་ཉིད་གུར་དགོན་ཞིག་ཡིན་ཀྱང་།སྤྱི་ལོ་༡༨༧༠ནས་༨༠སྐབས་ནོར་བུ་བཀྲ་ཤིས་ཇ་སག་གིས་མགོ་ཁྲིད་ནས་ཁང་དགོན་དུ་བསྒྱུར།

སྤྱི་ལོ་༡༩༢༡ལོར་ཇ་སག་རྒྱལ་བོ་དང་དཔོན་པོ་དག་གིས་པཎ་ཆེན་སྐུ་ཕྲེང་དགུ་བའི་བཀའ་མངགས་བཞིན་འདུ་ཁང་གསར་བཞེངས་སོགས་དགོན་པ་རྒྱ་བསྐྱེད་མཛད།ཁ་ཆེ་ཧ་སག་གི་ཇག་པས་བརྙས་གཙེ་ཆེ་བས་སྤྱི་ལོ་༡༩༤༢ལོར་དགོན་གནས་སྤོས།སྤྱི་ལོ་༡༩༤༦ཀོར་དེང་གི་གནས་འདིར་སྤོས་ཏེ་གསར་འདེབས་གནང་།སྤྱི་ལོ་༡༩༥༨དང་༦༦སྐབས་རྒྱ་གཞུང་གིས་དགོན་པ་རྩ་གཏོར་འཕྲོག་བཅོམ་བྱས་པ་ནས་ད་བར་སླར་གསོ་བྱེད་ཐུབ་མེད།

 

༣       བཀྲ་ཤིས་ཆོས་སྒར།

 

བཀྲ་ཤིས་ཆོས་སྒར་ནི་སྤྱི་ལོ་༡༩༢༧ལོར་ཏུ་ལན་རྫོང་དུ་ཨ་བརྟན་སྐུ་ཕྲེང་དང་བོའི་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་དགོན་མིང་དངོས་ལ་ཕུན་ཚོགས་དར་རྒྱས་གླིང་ཟེར།སྔར་འདི་ལ་རུ་ངན་དགོན་ཟེར་ཡང་།ཡུལ་ཤུལ་ལབ་དགོན་དགའ་ལྡན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་གི་དགོན་ལག་ཏུ་གཏོགས་ཟེར།སྤྱི་ལོ་༡༩༢༧ལོར་དགོན་པ་རྒྱ་བསྐྱེད་བྱས།སྤྱི་ལོ་༡༩༤༡ལོར་ཡུལ་དེར་ནད་ཡུམ་ཤིག་ཁྱབ་པས་གྲྭ་བ་རྣམས་ཕྱིར་སོང་ནས་གནས་སྐབས་རིང་དགོན་པར་སྡོད་མཁཉ་མ་བྱུང་།སྤྱི་ལོ་༡༩༥༡ལོར་དགོན་གནས་སྤོས་ཏེ་འདུ་ཁང་སོགས་གསར་བཞེངས་བྱས་ཏེ་བཀྲ་ཤིས་ཆོས་སྒར་དགོན་བཏགས།སྤྱི་ལོ་༡༩༥༨ལོར་རྒྱས་བཤིག་སྟེ་ཆོས་སྒོ་བརྒྱབ།སྤྱི་ལོ་༡༩༨༡ལོ་ཙམ་ནས་སྔར་གྱི་དགོན་གནས་སུ་བསྐྱར་བཞེངས་བྱས།

 

 

 

༤    ཙོང་ཅ་དགོན།

ཙོང་ཅ་དགོན་ནི་སྤྱི་ལོ་༡༨༠༣ལོར་ཏུ་ལན་རྫོང་དུ་ཙོང་ཅ་ཇ་སག་བདེ་ཆེན་རྒྱལ་བོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་སྤྱི་ལོ་༡༨༢༠ལོ་ནས་བཟུང་དགའ་ལྡན་དགོན་པའི་དགོན་ལག་བྱས།ལོ་གསུམ་རེའི་མཚམས་ནས་དགའ་ལྡན་ནས་མཁན་པོ་བསྐོ་གཏོང་གནང་།སྤྱི་ལོ་༡༨༤༥ལོར་རྒྱལ་དབང་བཅུ་གསུམ་པས་དགོན་གནས་གསར་གཟིགས་གནང་ཞིང་ཙོང་ཅ་ཇ་སག་རྒྱལ་བོས་སྦྱིན་བདག་མཛད་བཀའ་འགྱུར་འདུ་ཁང་སོགས་བཞེངས།

རྒྱལ་དབང་རིན་པོ་ཆེས་ཙོང་ཅ་བཀྲ་ཤིས་གཡང་འཁྱིལ་ཞེས་པའི་མཚན་གནང་།སྤྱི་ལོ་༡༩༤༠ནང་ཁ་ཆེ་ཧ་སག་ཏུ་གྲགས་པས་གཡུལ་འཁྲུལ་བསླངས་སྐབས་དགོན་པར་གཏོར་བཅོམ་ཐེབས།

སྤྱི་ལོ་༡༩༥༦ལོར་གྲྭ་ཤག་དང་ནང་ཆེན་བསྐྱར་བཞེངས་བྱས།སྤྱི་ལོ་༡༩༥༨ལོར་རྒྱ་གུད་ཁྲན་གྱིས་བཅོམ་སྟེ་ཆོས་སྒོ་བརྒྱབ་པ་ནས་ད་བར་སླར་གསོ་བྱེད་ཐུབ་མེད།

 

 

༥        ཨ་བརྟན་མཚམས་ཁང་།

ཨ་བརྟན་མཚམས་ཁང་ནི་སྤྱི་ལོ་༡༩༥༣ལོར་ཏུ་ལན་རྫོང་དུ་བླ་མ་ཨ་བརྟན་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ནི་སྤྱི་ལོ་༡༩༥༣ལོར་བཀྲ་ཤིས་ཆོས་སྒང་དགོན་གྱི་བླ་མ་ཨ་བརྟན་དང་།མོའུ་སྲིན་དགུ་གཉིས་མ་མཐུན་ནས་བླ་མ་ཨ་བརྟན་གནས་འདིར་མཚམས་ཁང་བརྩིགས་ཏེ་བཞུགས།དེ་ནས་ཨ་བརྟན་མཚམས་ཁང་ཐོག

སྤྱི་ལོ་༡༩༥༨ལོར་རྒྱས་བཤིག་སྟེ་ཆོས་སྒོ་བརྒྱབ།ད་ལྟའང་བསྐྱར་བཞེངས་བྱས་ཡོད་ཚོས་མི་འདུག

 

 

 

༦    ལུང་དམར་དགོན།

ལུང་དམར་དགོན་ནི་སྤྱི་ལོ་༡༩༤༤ལོར་ཏུ་ལན་རྫོང་དུ་བླ་མ་དགེ་འདུན་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་རྒྱ་ཡིག་ཏུ་ལུང་མ་རི་ཞེས་བྲིས་འདུག་ཀྱང་དོན་གྱིས་ལུང་དམར་ཡིན་ནམ་སྙམ།དགོན་འདི་ཡུལ་ཤུལ་ལབ་དགོན་པའི་དགོན་ལག་ཏུ་གཏོགས་ཟེར།སྔར་གུར་དགོན་ལྟ་བུ་ཡིན་འདུག་ཀྱང་་སྤྱི་ལོ་༡༩༤༤ལོར་བླ་མ་དགེ་འདུན་གྱིས་ཁང་དགོན་དུ་བསྒྱུར།སྤྱི་ལོ་༡༩༤༩ལོར་དགོན་གནས་སྤོས།སྤྱི་ལོ་༡༩༥༣ལོར་སླར་དགོན་གནས་སྤོས་ཏེ་བརྒྱ་བསྐྱེད་བཏང་།སྤྱི་ལོ་༡༩༥༥ལོར་དགོན་པ་བཞེངས་སྐྲུན་ཡོངས་སུ་གྲུབ་ཀྱང་།སྤྱི་ལོ་༡༩༥༨ལོར་རྒྱས་བཤིག་སྟེ་ཆོས་སྒོ་བརྒྱབ།སྤྱི་ལོ་༡༩༨༥ལོར་ཡུལ་མིས་བསྐྱར་བཞེངས་བྱས།

 

 

༧    རྒུ་རི་དགོན་བསམ་གཏན་ཆོས་གླིང་།

རྒུ་རི་དགོན་བསམ་གཏན་ཆོས་གླིང་ནི་སྤྱི་ལོ་༡༨༧༠ལོར་ཏུ་ལན་རྫོང་དུ་ཨ་ཁུ་ཆོས་བཙུན་ནས་བཏབ།ཆོས་རྒྱུད་རྙིང་མ་ཡིན།

དགོན་འདི་ཁམས་རྫོགས་ཆེན་དགོན་གྱི་དགོ་ལག་ཏུ་ཡིན་ཟེར།སྤྱི་ལོ་༡༨༧༠ལོའི་བར་དགོན་འདི་ཁ་འཐོར་གྱི་གྲྭ་གྲངས་འགའ་མཉམ་འདུས་ལྟ་བུ་ལས་དགོན་པ་མེད།ལོ་དེར་ཁང་དགོན་དུ་བསྒྱུར།སྤྱི་ལོ་༡༩༢༧ལོར་ཆུ་སྒང་དགོན་པའི་བླ་མ་ཨ་བརྟན་ཡུལ་ཤུལ་དུ་ཕེབས་སྐབས་དགོས་འདིས་བླ་མ་ཨ་བརྟན་བརྒྱུད་ནས་རྭ་རྒྱའི་ཤིང་བཟའ་བླ་ཚང་ལ་དགོན་ས་སྐྱབས་འཇུག་ཞུས་པ་བཞིན་དགོན་གནས་བདམས་ཀྱང་།ཆ་རྐྱེན་མ་འཛོམས་ནས་ཁང་དགོན་འདེབས་ཐུབ་མེད།ཕྱིས་དཔལ་རྡོར་སྐུ་ཕྲེང་གསུམ་པ་སོགས་ཀྱིས་མཐུན་རྐྱེན་སྦྱར་བས་སྤྱི་ལོ་༡༩༤༥ལོར་ཁང་དགོན་དུ་བསྒྱུར།སྤྱི་ལོ་༡༩༥༨ལོར་རྒྱས་བཤིག་སྟེ་ཆོས་སྒོ་བརྒྱབ།སྤྱི་ལོ་༡༩༨༡ལོར་དད་ལྡན་ཡུལ་མིས་བསྐྱར་བཞེངས་བྱས།

About རྩོམ་སྒྲིག་པ།