མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་འགྲེམས་སྤེལ་བྱས།
༄༅། །བོད་མི་རིགས་རིག་གཞུང་དང་བཅས་པ་འཛམ་གླིང་འདིའི་སྟེང་གནས་ཐུབ་མིན་ཤི་གསོན་གྱི་འགག་རྩར་ཐུག་པའི་དུས་སྐབས་འདིར། འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་བྱར་ཁས་འཆེ་བའི་བོད་རིགས་ཡིན་ནོ་ཅོག་གི་ལྡོག་ཏུ་མེད་པའི་ལས་འགན་ནི། གོང་བུའི་ནུས་ཤུགས་གཅིག་ཏུ་སྤུངས་ནས། ༧གོང་ས་སྐྱབས་མགོན་ཆེན་པོའི་དབུ་འོག་དཔུང་འདེགས་ཞུ་རྒྱུ་འདི་རང་ཡིན་ལ། དེ་ལྟར་སྒྲུབ་པ་ལ་དགྲ་ཕྱོགས་ནས་ཐབས་ཤེས་ཡོད་རྒུ་སྤྱད་དེ་འགལ་རྐྱེན་རྩོམ་བཞིན་པ་ཡོངས་གྲགས་ཀྱི་ལམ་ནས་མཁྱེན་ཆོད་ལྟར། རང་ཅག་བོད་མི་ཕལ་མོ་ཆེས་གནས་སྟངས་འདི་ངོས་ཟིན་པའི་ཐོག་ནས་བོད་སྤྱིའི་བདེ་རྩར་རང་ནུས་རྩལ་སྤྲུགས་ཀྱིས་འབད་འབུངས་ལྷུར་ལེན་བཞིན་པ་དགའ་སྤོབས་སྐྱེ་འོས་པ་ཞིག་ཡིན།འདི་ནི། དཀའ་ངལ་ཅི་ལྟ་བུ་ཞིག་གི་མདུན་དུའང་གཉའ་ཞུམ་བག་འཁུམ་མི་བྱེད་པའི་བོད་མི་རིགས་ཀྱི་སྙིང་སྟོབས་དང་། དཔུང་སྟོབས་གང་ཞིག་གིས་ཀྱང་གཞོམ་དུ་མེད་པའི་ཁ་བ་རི་བའི་ཚེ་སྲོག་གི་གསོན་ཤུགས། བོད་དོན་བདེན་མཐའ་གསལ་བ་ལ་བཙན་ཤུགས་དང་ཧམ་རྫུན་མཐའ་དག་རྨང་ནས་བསྒུལ་ནུས་པའི་རང་ཅག་གངས་ཅན་པའི་བདེན་སྟོབས་ངོ་མ་དེ་ཡིན། འོན་ཀྱང་ལས་སྨོན་ལོག་པའི་མི་བསམ་མེད་ཆེས་ཉུང་ཤས་ཤིག་གིས་ཤེས་བཞིན་ཁྱད་གསོད་ཀྱིས། རྒྱལ་བོ་ཤུགས་ལྡན་ནམ་དོལ་རྒྱལ་བསྟེན་གསོལ་ཁ་ལ་ཁྱེར་ཏེ། བོད་ཀྱི་རྒྱལ་བསྟན་ཆབ་སྲིད་རྨང་ནས་བཤིག་པར་དགྲ་ཕྱོགས་ཀྱི་བསམ་འདུན་དང་ཡོངས་སུ་མཐུན་པའི་གླེང་རྙོག་ཆེད་བཟོས་ཀྱིས། བོད་ཀྱི་རྩ་དོན་སྒྲུབ་པའི་འགལ་རྐྱེན་དང༌། སྤྱི་ཚོགས་ཞི་ལྷིང་མི་འབྱུང་བའི་རྐྱེན་རྩ་གཙོ་བོ་ཞིག་ཏུ་སྒྱུར་གྱིན་ཡོད།
སྤྱིར་རྒྱལ་བོ་ཤུགས་ལྡན་ནམ་དོལ་རྒྱལ་ནི། ལྷོ་ཁ་དོལ་ཆུ་མིག་དཀར་མོར་གནས་པའི་མི་སོགས་སེམས་ཅན་ལ་འཚེ་བའི་སྨོན་ལམ་འོག་པའི་དམ་སྲི་རྒྱལ་འགོང་གདུག་པ་ཅན་ཞིག་ྋགོང་ས་ལྔ་བ་ཆེན་པོས་མནན་བསྲེག་འཕང་གསུམ་གྱི་དྲག་པོའི་ལས་སྦྱོར་མཛད་ཅིང་། དེ་བཞིན་༧གོང་ས་བཅུ་གསུམ་པ་ཆེན་པོ་དང་། པཎ་ཆེན་ལྔ་བ་བསྟན་པའི་དབང་ཕྱུག དགེ་ལུགས་པའི་བླ་ཆེན་ཁྲི་ཆེན་ངག་དབང་མཆོག་ལྡན། ལྕང་སྐྱ་རོལ་བའི་རྡོ་རྗེ། ཐུའུ་བཀྭན་ཆོས་ཀྱི་ཉི་མ། ཕུར་ལྕོག་ངག་དབང་བྱམས་པ། རྙིང་མའི་བླ་ཆེན་རྡོ་བྲག་རིག་འཛིན་ཆེན་པོ། ཆོས་རྒྱལ་གཏེར་བདག་གླིང་བ། བཀའ་བརྒྱུད་པའི་བླ་ཆེན་ཀརྨ་བ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ། འབྲི་གུང་སྤྲུལ་སྐུ་རིན་པོ་ཆེ། ས་སྐྱ་བའི་བླ་ཆེན་ངོར་ཁང་གསར་མཁན་པོ་ངག་དབང་ཡོན་ཏན་རྒྱ་མཚོ། ངོར་ཀླུ་ལྡིང་མཁན་པོ་འཇམ་དབྱངས་ཐུབ་བསྟན་ལུང་རྟོགས་རྒྱལ་མཚན། རྫོང་གསར་མཁྱེན་རྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་མང་བོ་ཞིག་གིས་དོལ་རྒྱལ་བསྟེན་གསོལ་ལ་དགག་བྱ་མཛད་ཡོད།ལྷག་པར་དུ་རྒྱལ་བོ་ཤུགས་ལྡན་འདི་བོད་ཀྱི་སྔར་བྱུང་ལོ་རྒྱུས་ཐོག་རི་བོ་དགེ་ལུགས་པའི་སྲུང་མ་ཞིག་ཡིན་པར་གྲགས་སྲོལ་མེད་ཀྱང་། འདས་པའི་ལོ་ངོ་དྲུག་ཅུ་ཙམ་གྱི་ནང་བླ་གྲྭ་རེ་ཟུང་གིས་
བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་དང་། དྲིན་ཅན་རྩ་བའི་བླ་མ་ལས་ཀྱང་གལ་ཆེན་དུ་རྩིས་ནས་ཐལ་ཆེའི་བསྟེན་གསོལ་ཁྱབ་གདལ་བྱས་པས། ༧གོང་ས་རྒྱལ་དབང་བཅུ་བཞི་བ་འདི་བས་མཁས་གྲུབ་གཉིས་ལྡན་གྱི་དམ་པ་གོང་མ་ཚོའི་རྣམ་ཐར་གྱི་འཕྲོ་མཇུག་བསྐྱངས་ཏེ། ལོ་ངོ་བཅུ་ལ་ཉེ་བའི་རིང་། དཔྱད་པ་གསུམ་གྱི་སྒོནས་བརྟག་པ་ཟབ་ནན་རིམ་བསྟུད་གནང་མཐར། ནང་བའི་བསྟན་པ་སྤྱི་བྱེ་ལ་དག་ཐེར་དང༌། ཆོས་རྒྱུད་ཁག་དབར་གྱི་མཐུན་ལམ་དམ་ཚིག། གཞུང་ས་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་དང་། བོད་དོན་བདེན་མཐའ་གསལ་ཐབས་བཅས་ཀྱི་རྒྱུ་མཚན་ལ་བརྟེན་དགག་བྱ་གནང་བར་ས་དགེ་བཀའ་རྙིང་གི་དབུ་ཁྲིད་བླ་ཆེན་རྣམ་པས་རྒྱབ་སྐྱོར་གནང་ཡོད་པས། གནད་དོན་འདི་འདུམ་དཀའ་བའི་རྩོད་རྙོག་ཅིག་ཆགས་དགོས་དོན་གང་ཡང་མེད།
འཇིག་རྟེན་ཡོངས་གྲགས་ཀྱི་ལུགས་ལྟར་ན། ཆོས་ལུགས་སམ་ཆོས་རྒྱུད་གང་ཞིག་ལ་དག་ཐེར་གནང་རྒྱུའི་འགན་དབང་དེ་ཆོས་ལུགས་དེའི་དབུ་ཁྲིད་ལ་ཡོད་པ་བཞིན། ༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་སློབ་དང༌། དེར་བརྩི་སྲུང་རྒྱབ་སྐྱོར་ཞུ་མཁན་དགའ་ལྡན་ཁྲི་རིན་པོ་ཆེ་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས་ ཀྱིས་མཚོན་དགེ་ལུགས་པའི་བླ་ཆེན་རྣམ་པ། གདན་ས་སེ་འབྲས་དགའ་གསུམ་དང་བཀྲ་ཤིས་ལྷུན་པོ། རྒྱུད་གྲྭ་སྟོད་སྨད་བཅས་ཀྱི་མཁན་པོ་ལས་ཟུར། གཞན་ཡང་གྲྭ་ཚང་དང་ཁམས་ཚན་སོ་སོའི་ལས་སྣེབཅས་པས་ཐག་གཅོད་གཏན་འབེབས་མཛད་པ་ནི།ཆོས་ལུགས་འདིའི་ཁོངས་སུ་གཏོགས་སོ་ཅོག་གིས་འགལ་ལྡོག་མི་ཆོག་པའི་རྩ་འཛིན་བཅས་ཁྲིམས་ཀྱི་དབང་ནུས་ལྡན་པ་ཞིག་ཡིན་སྟབས། དེར་མི་བརྩིམཁན་ཞིག་ཡོད་ན། དེ་ནི་ཆོས་ལུགས་སམ་ཆོས་རྒྱུད་དེའི་སྒྲིག་སྲོལ་ལ་སྲུང་བརྩིམི་ཞུ་མཁན་ཞིག་ཏུ་རང་བཞིན་གྱིས་གྲུབ་ཡོད་ཅིང་། ཇི་སྲིད་
ཆོས་ལུགས་ཀྱི་ལམ་སྲོལ་དང་སྒྲིག་འཛུགས་ལ་བརྩི་སྲུང་མ་ཞུས་པ་དེ་སྲིད་དུ་ཆོས་ལུགས་དེར་ཐེ་བྱུས་དང་དེ་ལས་ཁེ་ཕན་གཉེར་རྒྱུའི་ཐོབ་ཐང་མེད་ལ། ཆོས་ལུགས་དེར་ཕྱོགས་ཞེན་བྱེད་པ་ཞིག་ཡོང་ཤེས་དེ་བས་ཀྱང་གཏན་ནས་མེད།
དེ་བཞིན་བོད་ཆོལ་ཁ་གསུམ་དང་། ས་དགེ་བཀའ་རྙིང་། གཡུང་དྲུང་བོན་བཅས་ཀྱི་འཐུས་ཚབ་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་དོལ་རྒྱལ་བསྟེན་གསོལ་སྐོར་ཁྲིམས་ལུགས་ཀྱི་ནུས་པ་ལྡན་པའི་ལམ་སྟོན་གྲོས་ཆོད་སྔ་རྗེས་བསྣོལ་འཇོག་གནང་བ་དེར་རྒྱབ་འགལ་བྱེད་མཁན་ཞིག་ཡིན་ཚེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་སྲུང་བརྩི་མི་བྱེད་མཁན་ཆགས་ཀྱིན་ཡོད་སྟབས་བོད་ཀྱི་ཡུལ་མིའི་ངོ་བོ་དོར་ཚར་བ་ཞིག་ཏུ་ངོས་འཛིན་བྱེད་དགོས།
འདི་ལྟར་ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉིས་གར་རྩིས་མེད་བྱེད་མཁན་ལྷ་མི་སྲུང་སྐྱོབ་ཚོགས་པའམ་དོལ་ཚོགས་ཀྱི་བྱེད་གཏེ་གངས་ཅན་བླ་མ། ང་བླ་མ་བློ་བཟང་ཡེ་ཤེས། སྐལ་བཟང་རྒྱ་མཚོ།འཆི་མེད་ཚེ་རིང་། དཀོན་མཆོག་རྒྱལ་མཚན། གསེར་ཀོང་ཁྲི་སྤྲུལ། ཆ་ཕྲེང་ཡེ་ཤེས་སོགས་ཀྱིས་དོལ་རྒྱལ་ཁ་ལ་ཁྱེར་ཏེ་སྤྱི་ཚོགས་ཁྲོད་རྩོད་རྙོག་གཏིང་སློང་བྱེད་པ་ནི། བོད་རྒྱལ་ཁབ་དང་མི་རིགས་ལ་རྒྱབ་ཕྱོགས་ཏེ། བཙན་འཛུལ་གཏོར་བཅོམ་བྱེད་པའི་སྟོབས་ཤུགས་གསུམ་པ་ཞིག་གམ།སྤྱི་ཚོགས་འདིའི་དགྲ་ཟླར་ལངས་པའི་དཔུང་ཁག་ཡིན་པ་ངོས་འཛིན་གསལ་བོར་གནང་དགོས།
མདོ་སྨད་མི་དམངས་དང་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ད་བར་དོལ་རྒྱལ་ཚོགས་པར་གསལ་བསྒྲགས་ཀྱི་ལམ་སྟོན་སྔ་རྗེས་གནང་སྟེ། ངན་ལམ་དུ་འཕུན་པའི་རྨོངས་འཐོམ་དེ་དག་ལམ་ནོར་ལྡོག་ཤེས་ཡོང་རེ་བྱས་ཀྱང་། ད་ལམ་ཡང་མདོ་སྨད་ཀྱི་ཁོངས་མི་ཡོན་ཏན་རྒྱ་མཚོ་འདས་གྲོངས་སུ་ཕྱིན་མ་ཐ་ཤི་བོའི་བླ་བསྐུལ། གསོན་པོའི་གཉའ་བཅག་ནས་དོལ་ཕྲུག་ཚོས་ད་བར་སྨྱོ་བཤད་གཟའ་བཤད་གང་བྱས་སྡེབས་སྤུངས་ཀྱིས། ཁོང་གི་མིང་ཐོག་ནས་དཔར་འགྲེམས་བྱས་པ་སོགས། མཚམས་ཚིགས་མེད་པར་མུ་མཐུད་ནས་མིང་རྫུས་འདྲ་མིན་ཐོག་དེབ་གཟུགས་དང་། ཡིག་འཁུར་གྱི་ལམ་ནས་བབ་ཅོལ་ལབ་བརྡོལ་ཁ་ནས་གང་ཡོང་ཇི་སྙེད་ཅིག་བྲིས་པ་དག་ཡང་དང་བག་ཚ་སྤུཙམ་ཡང་མེད་པར་བོད་ཕྱི་ནང་གཉིས་དང་། ཕྱི་རྒྱལ་ཁག་ཏུ་འགྲེམས་སྤེལ་བྱེད་བཞིན་པའི་བརྗོད་དོན་ཧྲིལ་གྱིས་མདོར་དྲིལ་ཏེ་བལྟས་ན། དགེ་ལུགས་པའི་ཞེན་ཁོག་དང་དོལ་རྒྱལ་བློས་གཏོང་ཐབས་མེད་ལུགས་འུད་སྒྲོག་བྱེད་བཞིན། ལྟར་སྣང་གི་འབོད་ཚིག་ཁ་ལ་ཁྱེར། ཞེ་ཕུགས་སུ་དམིགས་ཡུལ་གཞན་ཞིག་བཅངས། དོན་དངོས་ཀྱི་སྦྱོར་བ་༧གོང་ས་རྒྱལ་དབང་མཆོག་སྐུ་སྒེར་ལ་མཚན་སྨད་དང་། བཙན་བྱོལ་བོད་གཞུང་དང་གཞུང་གི་སྲི་ཞུ་བའི་གཟི་བརྗིད་ཆེ་མཐོང་ཉམས་དམས། ༧རྒྱལ་མཆོག་ལྔ་བ་དང་བཅུ་གསུམ་པ་ཆེན་པོ་དབུས་པའི་རྒྱལ་བ་ཡབ་སྲས་དང་། ས་དགེ་བཀའ་རྙིང་གི་སྐྱེས་ཆེན་དམ་པ་སྐུམ་ངན་ལས་འདས་ཟིན་པ་དང་ད་ལྟ་ཞལ་བཞུགས་པའི་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་གཙོས་པའི་དགེ་ལུགས་པའི་བླ་ཆེན་རྣམས་དང་། ས་སྐྱ་བདག་ཁྲི་རིན་པོ་ཆེ། རྒྱལ་བ་ཀརྨ་བ། རྙིང་མའི་བླ་ཆེན་འཁྲུལ་ཞིག་རིན་པོ་ཆེ་སོགས་ཆོས་རྒྱུད་དང་གྲུབ་མཐའ་ཁག་གི་བླ་ཆེན་རྣམ་པར་སྒྲོ་སྐུར་སྐྱོན་འདོགས།དེ་བཞིན་ས་སྐྱ་བས་དེང་སྐབས་དོལ་རྒྱལ་གས་ཆེར་བརྟེན་བཞིན་ཡོད་ཚུལ་བསྙོན་འཛུགས། ཀརྨ་
བ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཀརྨ་བའི་ཡང་སྲིད་ངོ་མ་མིན་ཚུལ། ༧རྒྱལ་བ་པཎ་ཆེན་ཡབ་སྲས་སྐུ་ཕྲེང་ན་རིམ་ནས་བཟུང་ཐུགས་ནང་མི་གཤིན་ཚུལ། ༧གོང་ས་མཆོག་དང་རྒྱལ་བ་ཀརྨ་བ་ལོ་རྒྱུས་སྟེང་འཆམ་མཐུན་མེད་ལུགས། ༧གོང་ས་མཆོག་གིས་ཀུན་མཁྱེན་འཇམ་དབྱངས་བཞད་པར་བཀའ་བཀྱོན་དཔེ་མི་སྲིད་པ་གནང་ལུགས། སོག་ཡུལ་དང་མདོ་སྨད་དུ་ཕེབས་ལམ་བཀག་ཚུལ་སོགས་ལོ་རྒྱུས་རྫུན་བཟོ་དང་དངོས་ཡོད་གནས་སྟངས་འཁྱོག་བརྗོད། བླ་མ་དང་སློབ་མའི་བར།ཆོས་རྒྱུད་དང་ཆོས་རྒྱུད་ཀྱི་བར། གྲུབ་མཐའ་དང་གྲུབ་མཐའི་བར། བླ་ཆེན་དང་བླ་ཆེན་གྱི་བར།གདན་ས་དང་གཞུང་གི་བར། ཆོལ་ཁ་དང་ཆོལ་ཁའི་བར། རྒྱལ་ཁབ་གཞན་དང་བཙན་བྱོལ་བོད་གཞུང་བར། རྒན་པ་དང་གཞོན་པའི་བར། སྐྱ་བོ་དང་སེར་མོའི་བར་འགལ་ཟླ་བཟོ་རྒྱུར་ཡ་ང་བག་ཚ་སྤུ་ཙམ་ཡང་མེད་པ་དང་།ལྷག་དོན་དུ་༧རྒྱལ་བ་རིན་པོ་ཆེ་རྒྱལ་བའི་ཡང་སྲིད་ངོ་མ་མིན་ལུགས་དང་། ཐམས་ཅད་མཁྱེན་པ་མིན་ལུགས། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་མིན་ལུགས། རྒྱུད་ལ་སྡོམ་པ་མེད་ཚུལ། ཚེ་རིང་མཆེད་ལྔའི་སྐུ་རྟེན་བུ་མོ་ཞིག་ཕོ་བྲང་དུ་རྒྱུན་རིང་ཉར་ཚུལ། ཧོ་ལེ་ཝོའི་གློག་བརྙན་འཁྲབ་མཁན་
དང་གྱོན་ཆས་ངོམ་སྟོན་བྱེད་མཁན་མཛེས་མ་ལ་གསོལ་སྟོན་ཡང་ཡང་བཤམས་ཏེ་བཟའ་ཚང་ཁ་བྲལ་བཏང་ལུགས། རང་ཚུགས་མི་ཐུབ་པར་རྙིང་མའི་ངོ་སྲུང་བྱས་ཏེ་དགེ་ལུགས་པ་ལ་སྡང་ལུགས།བླ་མ་བསྟེན་ཚུལ་འོག་ཚུལ་དང་རྒྱུ་དངོས་ལ་དགའ་ཚུལ། སྙན་གྲགས་དང་གོ་ས་ལ་དགའ་ལུགས།རང་བཙན་ཤོར་དུ་བཅུག་ཚུལ། ཆོས་སྲིད་གཉིས་ཐད་ལ་འཇོན་ཐང་མེད་ཚུལ་སོགས་འབྱུང་གདོན་གྱིས་གཟིར་བའི་སྨྱོ་ལབ་འཆལ་འཆོལ་འཇོལ་ཉོག་ཏུ་བཀོད་པ་དེས། དོལ་ཚོགས་ཀྱི་ན་ཟུག་དེ་དོལ་ཞེན་གྱི་ན་ཚ་མ་ཡིན་པར། ༧རྒྱལ་དབང་མཆོག་གི་མཚན་སྙན་གཟི་བརྗིད་མཛད་འཕྲིན་དང་བཅས་པར་ཕྲག་དོག་གི་གཏིང་ནད་གཅེར་རྗེན་དུ་བསྟན་པ་ཞིག་ཡིན།
དཔེར་ན། དབྱིན་ལན་དུ་གནས་སྡོད་སྐལ་བཟང་རྒྱ་མཚོ་ཅན་རྒྱ་ནག་ཏུ་བསྐྱོད་དེ་ཕྱིར་འཁོར་རྗེས་ཁོ་བའི་ཆོས་ཚོགས་སུ་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་སྒྲིག་གཤོམ་མི་ཆོག་པར་བཟོས་པ་དང་།གངས་ཅན་བླ་མ་ཟེར་བ་སོགས་ཀྱང་རྒྱ་ནག་ཏུ་སོང་ཞིང་ཕྱི་སྡོད་བོད་མིའི་ཚབ་བརྫུས་ཀྱིས། རྒྱ་གཞུང་གིས་ཐག་བཅད་པའི་པཎ་ཆེན་ལ་ཆེ་བསྟོད་གུས་བརྩི་ཞུས་པ་དང་། རྒྱ་གཞུང་གིས་ཁོ་ཚོ་རྒྱ་བོད་ཀྱི་ས་ཁུལ་གང་སར་ལྟ་སྐོར་སྣེ་ལེན་བྱས་ཡོད་ཁར། ཀྲུང་གོ་བོད་ལྗོངས་ཟེར་བ་དང་། ཤིན་ཧྭ་གསར་ཁང་སོགས་ནས་ཁོ་བ་ཚོའི་འཆལ་གཏམ་ཚད་མར་བཟུང་སྟེ། ༧རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ལ་འོལ་ཚོད་དཔྱད་བརྗོད་དང་། འཁྱོག་བརྗོད་སྒྲོ་བཏགས་ཀྱིས་དྲིལ་བསྒྲགས་བྱས་ཡོད་ལ། བོད་རང་སྐྱོང་ལྗོངས་ཟེར་བས་དོལ་ཚོགས་ཀྱི་ཡིག་འཁྱར་ཁག་གི་བརྗོད་དོན་ཕྱོགས་བསྒྲིགས་ཀྱིས། ཆོས་ལུགས་གནད་དོན་གྱི་སློབ་གསོའི་ལྟ་དེབ་ཅེས་པའི་དེབ་
ཅིག་བཟོས་ནས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཟེར་བའི་ཡིག་ཆ་ཨང་བཞི་བར་བགྲངས་ཤིང་། དགོན་སྡེ་ཁག་ཏུ་སྨྱོ་ཧམ་ཆེན་པོས་བཙན་སྒྲོག་བྱེད་བཞིན་ཡོད། དེ་བཞིན་ང་བླ་མ་བློ་བཟང་ཡེ་ཤེས་དང་། གྲ་སྒོམ་སྤྲུལ་སྐུ། དཀོན་མཆོག་རྒྱལ་མཚན་སོགས་པེ་ཅིན་དང་བོད་ནང་དུ་འགྲོ་སྡོད་ཀྱི་རང་དབང་ཅི་དགར་ལོངས་སུ་སྤྱོད་ཐུབ་པ་ནི་གནས་དུས་འདིར་དཔྱད་རང་ཡུལ་ལས་རིང་དུ་འདས་པ་ཞིག་རེད།
བཙན་བྱོལ་སྤྱི་ཚོགས་ཁྲོད་དུའང་བཞུགས་སྒར་ཁུལ་གྱི་ཡུལ་མི་དང་བོད་མིའི་དབར་དབྱེན་དཀྲུག་རྒྱག་ཆེད། མི་འགྲོ་ཆེད་བཏང་གིས་ཡུལ་མིའི་ཚོང་ཁང་མེར་སྲེག་གཏོང་རྩིས་བྱས་པ་དང་། ༧རྒྱལ་བ་རིན་པོ་ཆེའི་ཕོ་བྲང་གི་ཉེ་འཁྲིས་ནས་རིགས་སློབ་དབུ་དགེ་དམ་པ་སོགས་དགེ་འདུན་པ་གསུམ་དམར་གསོད་གཏོང་མཁན་གྱི་ལག་དམར་རྣམས་ཀྱང་དོལ་ཚོགས་ཀྱི་ཁོངས་མི་ཡིན་པ་ཧི་མ་ཅལ་མངའ་སྡེའི་སྐོར་སྲུང་ལས་ཁུངས་ནས་གསལ་བསྒྲགས་བྱས་ཡོད་པ་དང་། ཁོ་ཚོས་༧རྒྱལ་བ་རིན་པོ་ཆེའི་མཚན་འཁོད་ཡིག་ཆ་ཞིག་བཀྲམས་པའི་ནང་། ད་ལོའི་ལོ་གསར་གྱི་དོད་དུ་ཤ་ཁོག་གསུམ་ཕུལ་ཡོད། ད་དུང་དགོས་ན་ཤ་ཁོག་དེ་ལས་མང་བ་ཕུལ་ཆོག་ཅེས་རོ་ཐོག་ལ་རྟ་རྒྱུག དྲག་སྤྱོད་པ་ལག་དམར་དྲུག་པོ་རྒྱ་ནག་ལ་སྐྱབས་བཅོལ་དུ་བཏང་བ། ལག་དམར་དེ་དག་གི་ཕུགས་བཀོད་པའི་དོགས་ཅན་འཆི་མེད་ཚེ་རིང་དང་། ཆ་ཕྲེང་ཡེ་ཤེས། དཀོན་མཆོག་རྒྱལ་མཚན། བློ་བཟང་ཐུབ་བསྟན། འགྱུར་མེད་བཅས་ལ་རྒྱ་གར་ཁྲིམས་ཁང་ནས་ཁྲིམས་ཐོག་འདྲི་བརྩད་བྱེད་བཞིན་པའི་མུར་བློ་བཟང་ཐུབ་བསྟན་དང་། སྐལ་བཟང་ཟེར་བ་གཉིས་རྒྱ་གར་ནས་བྲོས་བྱོལ་དུ་ཕྱིན། དེ་བཞིན་དགའ་ལྡན་བྱང་རྩེའི་འབྲུ་མཛོད་ཁང་མེར་བསྲེགས་དང་། དགའ་བྱང་ཏྲེ་ཧོར་མཁན་ཟུར་མཆོག་གསོན་སྲེག་གཏོང་རྩིས་ཀྱིས་གཟིམ་ཤག་ཏུ་སྣུམ་བླུགས་མེ་བརྒྱབ། མོན་གྷོ་གཞིས་ཆགས་སུ་དོལ་ཚོགས་ཀྱི་ཁོངས་མིས་རྡོ་གྲི་དག་པ་སོགས་སྤྱད་དེ་གཞིས་ཆགས་མི་མང་དང་གྲྭ་མང་ལ་རྨས་སྐྱོན།དེ་བཞིན་སྦེལ་ཀོབ་བདེ་སླར་གཞིས་འགོ་སྟངས་དཔྱལ་ལ་ཉེས་རྡུང་གིས་རྩིབས་རུས་བཅག ལྡི་ལི་ནས་སེར་བྱེས་དགེ་བཤེས་ཕུར་བུ་བསམ་འགྲུབ་ལ་གཅར་རྡུང་། སེར་སྨད་སློབ་གྲྭའི་དགེ་རྒན་ཐུབ་བསྟན་ཀུན་མཁྱེན་ལ་གཅར་རྡུང་། ཆོས་རིག་ལས་ཁུངས་དང་སྐུ་སྒེར་ཡིག་ཚང་གི་ལས་བྱེད་གཉིས་སྡོད་སའི་མགྲོནཁང་དུ་མཚན་འགེབས་ཀྱིས་གསོད་གྲབས། ལྡིལ་ནས་དགའ་བྱང་དགེ་སློང་འཕྲིན་ལས་བསྟན་འཛིན་ལ་གཅར་རྡུང་བཏང་བ་སོགས་ལ་སོམས་དང་། སྤྱི་ཚོགས་ཞི་ལྷིང་བག་འབེབས་སུ་མི་འཇུག་པར་དྲག་སྤྱོད་དང་དབྱེན་དཀྲུག་གི་སྦྱོར་ངན་ཟམ་མ་ཆད་པར་བརྩམས་དང་རྩོམ་བཞིན་པའི་ཆོས་ལུགས་ཐལ་སྤྱོད་རིང་ལུགས་པའམ། འཇིགས་སྐུལ་དྲག་སྤྱོད་རིང་ལུགས་པའི་ཚོགས་པ་དང་མི་སྒེར་འདི་རིགས་ཞི་བདེ་ལ་དགའ་བའི་འགྲོ་བ་མིའི་སྤྱི་ཚོགས་གང་ཞིག་ཏུའང་རང་དགར་སྣང་མེད་རྒྱ་ ཡན་དུ་གཏོང་རིགས་སམ།ཁོ་བ་ཚོས་དོལ་རྙོག་འདི་བཀའ་སྤྱི་གཉིས་དང་བོད་མི་དམངས་ལ་ཇུས་འཁྲི་མེད། གཟིམ་ཁང་གོང་འོག་གི་གནད་དོན་ཡིན་ཞེས་བསྒྲགས་པ་འདིས། ༧གོང་ས་མཆོག་ཁེར་འདེད་ལྟ་བུས་སྐུ་ཕྱྭ་ལ་ཐད་ཀར་ཉེན་འཚབ་བརྡ་སྦྱོར་གསལ་བོར་སྤྲད་པར་བརྟེན། ད་མི་སྤྱི་དང་ཡང་སྒོས་༧རྒྱལ་དབང་
མཆོག་གི་འཁྲུངས་ཡུལ་མི་དམངས་ལ་སྣང་ཆུང་ཁྱད་གསོད་བྱས་པ་ས་རིས་ཐང་གསལ་ཡིན་སྟབས། རུས་པའི་གསེང་ན་ཧ་མེད་ཀྱང་། རྩིབས་མའི་སྒྱུར་ཁ་མེ་ལ་བཞུ་དགོས་པའི་དུས་ལ་བབ་པ་ཡིན།
ཁོ་བ་ཚོས་ད་དུང་མི་རབས་ནས་མི་རབས་བར་དོལ་རྒྱལ་གྱི་ཆེད་དུ་མི་རྒྱུ་སྲོག་གསུམ་གཏོང་རྒྱུ་ཡིན་ལུགས་དང་། ང་ཚོའི་དབར་གྱི་རྩོད་རྙོག་འདི་སྐྱབས་བཅོལ་ནང་གཅིག་པུས་མིན་ལ། དུས་རབས་འདི་གཅིག་པུས་ཀྱང་མ་ཡིན་ཞེས་ཁ་ཕོ་བསྒྲགས་འདུག་ན། ང་ཚོས་རྔ་རྡུང་སྟངས་ལ་ས་ནས་འཚམ་ཞིག་རྒྱག་མི་ཐུབ་པའི་རྒྱུ་མཚན་ས་ལྔ་རྗོང་ཡེ་ནས་མེད།
རྒྱུ་མཚན་དེའི་ཕྱིར་ན། ཕྱི་ལོ་༢༠༠༢ ཟླ་༤ ཚེས་༡ ཉིན་གཏན་འབེབས་མཛད་པའི་གྲོས་ཆོད་ངམང་ཚོགས་ཀྱིས་མཚན་རྟགས་འཁོད་པ་དོན་ཚན་བཞི་བའི་ནང། མདོ་སྨད་ཆོལ་ཁའི་སེར་སྐྱ་མི་དམངས་ཡོངས་ནས་གྲོས་ཆོད་སྔ་རྗེས་བསྣོལ་འཇོག་གནང་བའི་འབྲུདོན་ལྟར། ༧གོང་ས་སྐྱབས་མགོན་ཆེན་པོའི་སྐུཕྱའ་མཛད་འཕྲིན་དགོངས་གཞི་དང་བཅས་པར་འགལ་རྐྱེན་སྒྲུབ་པ་དང་མཚན་སྨོད་ཞུ་མཁན་ནམ་བྱུང་ལ། མདོ་སྨད་ཆོལ་ཁའི་དུས་ཐོག་གདོང་ལེན་མཐར་སྐྱེལ་བྱ་རྒྱུ།” ཞེས་གསལ་བ་ལྟར། མདོ་སྨད་མི་དམངས་ནས་གང་ལ་ཅི་འགབ་ལག་ལེན་བསྟར་ངེས་ཡིན་ལགས་ན།དཔལ་ལྡན་རང་གཞུང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་གཉིས་ངོས་ནས་ཀྱང་མཛད་ཕྱོགས་ཕྱིས་འགྱོད་མེད་པ་གནང་གལ་ཆེ་བའི་འབོད་སྐུལ་ཞུ་རྒྱུ་དང་།ད་དུང་ཡང་དོལ་ཚོགས་སམ་དོལ་རྒྱལ་རྗེས་འབྲངས་པ་དེ་དག་གིས་ངོ་བོ་དང་རྣམ་པ་འདྲ་མིན་ཐོག་ཡོད་རྒུ་རྩལ་སྤྲུགས་ཀྱིས་བོད་ཕྱི་ནང་གི་སྤྱི་ཚོགས་སུ་དངུལ་དངོས་བེད་སྤྱོད་ཀྱིས་སིམ་འཛུལ་བྱེད་བཞིན་པར་བརྟེན། གཞིས་བྱེས་གཉིས་འཁོད་བོད་རིགས་སེར་སྐྱ་ཕོ་མོ་རྒན་གཞོན་ཚང་མས་བསྟན་སྲིད་སྤྱིའི་འཕྲལ་ཕུགས་ཁེ་ཉེན་མ་འཛོལ་བར། དོལ་རྒྱལ་དང་དེའི་རྗེས་འབྲང་རྒྱུག་ཁྱི་ཉུང་ཤས་ཀྱི་གཡོ་ཇུས་ལ་ དོགས་ཟོན་ཕྱིས་འགྱོད་མེད་པ་གནང་གལ་དང༌། ཉག་ཕྲའི་དུས་སྐབས་འདིར་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་རྩའི་སླད་དུ་གདུང་ཤུགས་གཅིག་སྒྲིལ་གྱིས་ཕན་ནུས་འདོན་གལ་ཆེ་བའི་གཞེན་སྐུལ་ནན་ཏན་དུ་ཞུ་བཞིན་ཡོད། ། །།
མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ ཕྱི་ལོ་༢༠༠༢ ཟླ་༧ ཚེས་༢༥ ལ། །