གསོ་བྱེད་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་སྐབས་གསུམ་པའི་ནང་གསེས་ཆམ་པའི་ནད་ལ་སྨན་བཅོས་བྱེད་སྟངས་སྐོར་ལ་ཅུང་ཟད་ཅིག་ཞུ་རྒྱུ་ཡིན།དེ་ལ་ཆམ་པའི་ནད་ཀྱི་རྒྱུ་དང་། རྐྱེན་དང་། དབྱེ་བ་དང་། རྟགས་དང་། བཅོས་ཐབས་དང་རྣམ་པ་ལྔ་ཡོད།
༡། ཆམ་པའི་རྒྱུ་ནི་ངོ་བོ་རིམས་ནད་སྤྱི་དང་ཆ་འདྲ་ཞིག་ཡིན་ནོ། །༢ རྐྱེན་དེ་ཡང་སྣ་བུག་གཡས་གཡོན་ནས་རྩ་རོ་རྐྱང་གཉིས་མར་ལ་ཁ་བལྟས་ཟངས་དུང་ལྟ་བུར་ཁ་གདངས་ཡོད་པ་དེ་ལ་མི་གཙང་བའི་ཟས་དང་སྤྱོད་ལམ་འདྲེས་པ་དང་། །རྡུལ་འཚུབ་དང་། གྲིབ་དང་། དྲི་ཕོག་པ་སོགས་ཀྱི་རྐྱེན་ལས་བྱུང་བས་རྩ་དེ་ཆམ་ལ་ཕབ་པས་ན་ཆམ་པ་ཞེས་གྲགས་ཤིང་། ཁྱད་པར་གྱི་རྐྱེན་ནི་བ་མོ་དང་། རླུང་དང་། སྒྲ་དྲག་པོ་བསྒྲགས་པ་སོགས་ཀྱིས་འཇིགས་དངངས་དང་གཉིད་མེད་པས་ཡེར་བ་དང་། གཉིད་ལོག་དྲགས་པ་དང་། །སྔས་མཐོ་དྲགས་པ་དང་། ཆུ་མང་པོ་འཐུངས་པ་དང་། ཉལ་པོ་སྤྱད་དྲགས་པ་དང་། སྐྱུག་པ་དང་། ཁའི་མཆིལ་མ་བཀག་པ་དང་དུད་པ་དང་། རླུང་ཤས་ཆེ་བའི་སྤྱོད་ལམ་གྱིས་ནད་འཁྲུགས་པས་ཆམ་པ་སྐྱེད་པར་བྱེད་དོ། །
༣། དབྱེ་བ་ཕྱེ་ན། རླུང་མཁྲིས་བད་ཀན་འདུས་པ་བཞི་དང། གྲེ་ཆམ། གློ་ཆམ། རིམས་ཆམ། སྣ་ཆམ་སྟེ་རྣམ་པ་བརྒྱད་ཡོད་པ་ཡིན་ནོ། །
༤། སྤྱིའི་རྟགས་སུ་ཆམ་པ་ཀུན་ལ་གློ་དང་སྦྲིད་པ་འབྱུང་ཞིང་། གྲེ་བ་དང་སྣ་བུག་གཉིས་ཀ་ཚ་ཞིང་འགགས། སྣ་ཆུ་འཛག བྱེ་བྲག་རླུང་ལས་གྱུར་པའི་ཆམ་པ་ཡིན་ན་སྣ་ཟ་འཕྲུག་བྱེད་ཅིང་སྦྲིད་པ་རྟག་ཏུ་འབྱུང་། མུར་འགྲམ། སོ། ཀླད་པ་བཅས་ན། །སྨིན་མ་དང་སྣའི་བར་དུ་སྲིན་བུ་རྒྱུ་སྙམ་བྱེད། སྐད་འགགས། མཐར་སྨིན་རྟགས་སུ་མཆིལ་མ་དང་སྣབས་ལུད་མང་དུ་འཛག
མཁྲིས་པ་ལས་གྱུར་པའི་ཆམ་པ་ཡིན་ན་མགོ་དང་། ཚིགས་གཞི། ཉྭ་བཅས་ན། སྟོད་མི་བདེ་ཞིང་བརླ་དང་རྐེད་པ་བརྡུངས་སྙམ་བྱེད། ཁ་ཏིག་ཁ། ཟས་ཀྱི་དང་ག་མེད། ལུས་ལ་གྲང་ཤུམ་བྱེད། སྲོད་ལ་ཤ་དྲོད་ཚ། རྨི་ལམ་ཟ་ཟིར་མང་། སྣ་རྩེ་ནག་ཅིང་སྣ་ནང་དུ་ཕྲུམ་པ་འཁྱེར། མཆིལ་སྣབས་དམར་སེར་ཉིད་དུ་འཛག་པ་ཡིན་ནོ། །
བད་ཀན་ལས་གྱུར་པའི་ཆམ་པ་ཡིན་ན་ལུད་པ་མང་དུ་ཐོན། དབུགས་རྔུབ་གཏོང་མི་བདེ། ལུས་ལྕི། ཡི་ག་འཆུས། ཁ་མངལ་ཞིང་གཡལ་ལ་མཆིལ་སྣབས་སྣུམ་ཅན་དཀར་པོ་འཛག་གོ། །
འདུས་པ་ལས་གྱུར་པ་ནི་རྟགས་དེ་གསུམ་དང་ལྡན་ཞིང་ཁྱད་པར་བྲང་ན། ལུས་སེམས་ཀྱི་ཚོར་བ་ཞན། མིག་དམར། རྣ་བ་ཟ། ལུད་པ་དང་དབུགས་ཀྱི་དྲི་མི་ཞིམ་པ་ཡིན་ནོ། །
གྲེ་ཆམ་ནི་དང་པོ་གྲེ་བ་དང་རྐན་མཚུལ་རྣམས་ཚ་ལ་བར་དུ་སྣ་ཆུ་འཛག མཚུལ་པ་འགགས་པ་དང་ཐ་མ་སྦྲིད་པ་མང་པོ་ཡང་ཡང་བསྟུད་ཅིང་འོང་ངོ་། །
གློ་ཆམ་ཡང་གྲེ་ཆམ་དང་འདྲ་བར་དང་པོ་གྲེ་བ་ཚ་ཞིང་སྐད་འཛེར། བར་དུ་གློ་མང་ཞིང་མགོ་དང་བྲང་རྒྱབ་སྦྲགས་ནས་ན། ཐ་མ་ལུད་པ་རྣག་ཏུ་ལུ་ཞིང་གློ་གཅོང་གི་ནད་དུ་འགྱུར་བ་ཡོད་དོ། །
རིམས་ཆམ་ནི་མགོ་དང་ཚིགས་གཞི་དང་བྱིན་པ་དང་ཉྭ་སོགས་ན། རོ་སྟོད་མི་བདེ་བ་དང་། བརླ་དང་རྐེད་པ་བརྡུངས་སྙམ་བྱེད་པ་དང་། ཁ་ཏིག་ཁ། དང་ག་མི་བདེ། གྲང་ཤུམ་བྱེད། སྲོད་ལ་ཤ་དྲོད་ཚ། རྨི་ལམ་ཟ་ཟི་མང་བ་བཅས་གོང་གི་མཁྲིས་གྱུར་དང་ཆ་འདྲ། དེ་ལ་སྤྱོད་ལམ་དྲག་ཤུལ་གྱི་རིགས་དང་། བཅུད་ཅན་ཤོར་བས་རྒྱས་པར་གྱུར་ན་ཆམ་པར་སྐྱུར་ཤོར་བ་ཞེས་བྱ་སྟེ་ཤི་བ་མང་ངོ་། །
སྣ་ཆམ་ནི་སྣ་ཚ་ཞིང་ཟ་གཡའ་བྱེད་ལ་སྣ་ཆུ་མང་དུ་འབྱུང་ངོ་། །
༥། བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱི་ལ་སྨན་དང་། ཟས་དང་། སྤྱོད་ལམ་སྟེ་རྣམ་པ་གསུམ། དེ་ལ་སྨན་པ་ཁ་ཅིག་གིས་ཐང་སོགས་སྨིན་བྱེད་ཀྱི་རིགས་མ་བཏང་བར་ནད་བྱུང་མ་ཐག་ཏུ་གཉེན་པོའི་སྨན་གཏོང་བ་ཡོད་ཀྱང་། དེས་ནི་ལུས་བཟང་ཞིང་གྲེ་ཆམ་སོགས་ནད་ཚབས་ཆུང་ངུ་ལ་ཕན་པ་སྲིད་ཀྱང་། རང་ལུགས་ལ་དེ་ལྟར་བྱས་ན་ནད་ཕལ་ཆེར་ལུས་ལ་བྱེར་ཞིང་རུས་ལ་ཞེན་པ་དང་། ཆུ་སེར་དུ་རྙོགས་པ་དང་། འཁྲུགས་པ་དང་། གྲུམ་བུར་འགྱུར་ཞིང་ཐུ་ན་འཆི་བའང་ཡོད། དེ་ཙམ་མ་ཟད་གློ་ནད་བརྒྱད་ཀྱང་ཆམ་ནད་འདི་ལས་འབྱུང་བ་མང་། རྒྱུ་མཚན་དེའི་ཕྱིར་ན་ནད་འདི་ཐུ་ཆུང་ངུར་ངོས་མི་འཛིན་པར་བཅོས་ཟབ་དགོས་པ་ནི་གལ་ཆེ་བ་ཡིན།
དེ་ལ་ཐོག་མར་ཟས་སྨྱུང་བར་བྱས་ཏེ་ཆུ་སྐོལ་ཚད་ལྡན་ལན་འགའ་བཏང་། དེ་རྗེས་ལྷན་ཐབས་སུ་སླེ་ཏྲེས་བདུན་ཐང་གསུངས་པ་སྒེར་སྨན་ཤིན་ཏུ་ཟབ་ཀྱང་དེང་སང་སྤྱི་སྨན་ཙམ་ནོར་བུ་བདུན་ཐང་ཐུན་༣་༤་ཡུལ་དུས་དང་དཔགས་ཏེ་བཏང་། གོས་དྲོ་བས་བྱིབས་ལ་རྔུལ་དུ་བཅུག དེས་ནི་ཚ་བ་སྨིན་པ་དང་གསོད་པ་དུས་གཅིག་ཏུ་བྱེད་པ་ཡིན་ནོ། །ཡང་ན་མ་ནུའི་འཕྲུལ་ཐང་གོང་བཞིན་གཏོང་བ་ཤིན་ཏུ་ཟབ། དེས་མ་ལྡོག་ན་ཆམ་འཇོམས་དཔའ་བོ་སྦྱོར་བ་ཚད་ལྡན་བཏང་བས་གཉན་ཚད་དང་རིམས་ལས་གྱུར་པ་སྤྱི་དང་། ཁྱད་པར་གྱི་གསང་སྨན་ལྡན་པས་ཆམ་པའི་རིགས་ཀུན་ལ་མཆོག་ཏུ་བསྔགས་ཤིང་། ཁ་བསྒྱུར་ནི་གློ་ཁོགས་པར་དཀའ་ན་སྟར་བུ་དང་རུ་རྟ། གྲེ་བ་ཚ་ན་ཕྱི་རྒྱུད་ལི་ཤི་དྲུག་པ། གློ་མང་ཞིང་སོབ་ན་སྲོ་ལོ་དཀར་པོ་དང་ནག་ཚང་ཨ་ཀྲོང་། མགོ་བོ་ན་ན་ག་དུར་དང་སྤྲུ་ནག །ཡ་མར་བབས་ན་ཐང་ཕྲོམ་དང་བྱི་ཏང་ག་རྣམས་རང་རང་གི་ཁ བསྒྱུར་བསྣན་པ་མཆོག་ཏུ་བསྔགས་པ་ཡིན་ནོ། །ཡང་ན་ཁྱུང་སྔོན་དགུ་པ་རིམས་འཁྲུགས་གཉན་ཚད་སྤྱི་དང་གློ་ཆམ་གྲེ་བ་བབས་པར་བསྔགས། གཞན་ཡང་ཁྲག་མཁྲིས་ཅན་གྱི་ཆམ་པའི་རིགས་ལ་ཁྱུང་སྔོན་དགུ་པ་དང་། སྟོད་ལུགས་སྤང་རྩི་༡༢ བད་རླུང་ཅན་གྱི་རིགས་དང་སྦྲགས་ན་ཨ་གར་སོ་ལྔ་དང་། སྣ་ཆུ་འཛག་ན་གུར་ཁྱུང་གང་རུང་མན་ངག་བསིལ་སྦྱོར་དང་ལྟག་པ་སྤྲད། ཡང་སྨན་སེར་ཆེན་མོ་དང་སྤྲུ་ནག་ཉེར་ལྔ་སོགས་འདི་ལ་མཆོག་གྱུར་ཡིན་ཀྱང་། ནད་སྟོབས་ཆུང་ལ་གཉེན་པོ་སྟོབས་ཆེས་ན་མི་རུང་བའང་ཤེས་དགོས།
བྱེ་བྲག་གི་བཅོས་ཐབས་ལ་རླུང་མཁྲིས་བད་ཀན་འདུས་པ་བཞི་པོ་གང་ཤས་ཆེ་བར་མདེ་ཁ་རིམ་པས་བསྒྱུར་དགོས། གྲེ་ཆམ་ལ་ལི་ཤི་དྲུག་པའི་སྟེང་ལྷན་ཐབས་སྐྱེར་ཤུན་སོགས་བཅུ་བསྡེབས་པའི་ལྡེ་གུ་རིལ་བུར་བསྒྲིལ་ལ་ཁ་མུར་བསྟེན་པའམ་ཁོང་དུ་བཏབ་པས་གྲེ་བའི་ཚད་པ་སེལ། ཡང་ན་བོང་དཀར་དྲུག་པ་སོ་ཕག་གདུས་ཁུ་མཁུར་བཀང་བསྟེན་པས་གྲེ་བ་ཚ་སྐམ་དང་སྐད་འགགས་ཁ་སྐམ་ནད་ལ་བསྔགས། ནད་སྟོབས་ཆེ་ན་ཁྱུང་སྔོན་དགུ་པ་ཟབ། ཚབས་ཆེན་ལྕེ་འོག་སྐྱོར་གོང་གི་རྩ་ལ་གཏར། གྲེ་ཆམ་མཚུལ་པར་ཞེན་ལ་ལ་ཕུག་ཁུ་བས་བདུག་ཅིང་སྣ་སྨན་ཕྱི་རྒྱུད་བཞིན་བསྟེན།
གློ་ཆམ་ལ་ལྷན་ཐབས་ཨ་རུ་༧་པ་བསྟེན། །རྗེས་སུ་གློ་ཚད་ཀུན་སེལ་དང་ཡང་ན་འཁྲུགས་གློ་ཀུན་སེལ་ཡང་ཆམ་མཇུག་ལ་བསྔགས། ཡང་ན་སྤང་རྒྱན་༡༥ འདིས་ཆམ་ཚད་གྲེ་བར་བབས་པ་དང་། དབུགས་མི་བདེ་བ། བད་རླུང་སྟོད་དུ་འཁྱིམས་པའི་གཟེར་ཆེན་དང་། ཁྱད་པར་བད་ཚད་ལ་མཆོག་ཏུ་བསྔགས། རིམས་ཆམ་ནི་རིམས་ནད་གང་ཡིན་དེའི་གཉེན་པོ་དང་ལྟག་སྤྲོད་ཀྱིས་བཅོས་དགོས་ཀྱང་། ཕལ་ཆེར་ལ་གོང་གི་ཁྲག་མཁྲིས་ཅན་ལྟར་བཅོས་པས་འཐུས།
ཡང་ཆམ་པ་བཅོས་རྡུགས་དང་བཅོས་མ་བྱུང་བ་ཡུན་ལོན་པ་ལ་ཐང་ཆེན་༢༥་སྨིན་རྟགས་མ་བྱུང་བར་བསྡུ། དེ་ནས་གཉེན་པོའི་སྨན་རིམ་པར་གཏོང་དགོས།
ཡང་སྣ་ཆམ་ལ་ཡོས་ཀྱི་རླངས་པའི་བདུག་མང་དུ་བྱ་ཞིང་། །མཁྲིས་བཅོས་སྐབས་སུ་བཤད་པའི་ཆུའི་འཕྲུལ་འཁོར་གྱི་རིགས་ཀྱི་དཔྱད་དམ་སྤྱོད་ལམ་དང་། གུ་གུལ་དཀར་ནག རས་སྔོན། ནཱ་གི། ཆུ་སྲིན་སྡེར་མོ། ཤ་བའི་ཚིལ། ཨ་རུ། ཨར་ནག ལང་ཐང་རྩེ། ནས་སྣ་གཉིས་སྦྱར་སྣར་བདུག་པས་སྣ་ཆུ་ཆད་ཅེས་ཀྱང་གསུངས། མཇུག་ཏུ་གུར་གུམ་བཅུ་གསུམ་དང་ཅུ་གང་བདེ་བྱེད་ཆེ་འབྲིང་ཆུང་། ག་བུར་ཉེར་ལྔ། མྱུ་གུ་ཟླ་ཤེལ་སོགས་རྗེས་བཅོས་དཔག་དགོས། ཁ་ཟས་ནི་ཚ་བ་ཚ་སྟེ་ཇ་འཇམ་པ་དང་། ཕྱེ་ཚོད་དང་། བ་རའི་ཞོ་དར་བསྟེན་པ་དང་། སྤྱོད་ལམ་དྲག་ཤུལ་གྱི་རིགས་དང་། ཉིན་པར་གཉིད་ལོག་པ། དྲོད་བཅུད་ཀྱི་རིགས་སྤང་བར་བྱ་ཞིང་། དེ་ལྟ་བུའི་ཟས་དང་སྤྱོད་ལམ་ལོག་པས་འགྲམས་ནས་རིམས་སམ་ཡང་ན་འཁྲུགས་སུ་ཤོར་བ་ཡིན་ན་འགྲམས་འཁྲུགས་རང་རང་གི་གཞུང་བཞིན་བརྩོན་པས་བཅོས་འོས་ཀྱང་དགོས་སོ། །དེ་ལྟར་གོང་ཞུས་རྣམས་རྒྱུད་ཀྱི་དགོངས་པ་དང་བསྟུན་པའི་བརྩོན་ཚུལ་མདོར་བསྡུས་ཙམ་ཞིག་འབྲི་དགོས་པའི་བཀའ་ཕེབས་བཞིན་རྒན་པོའི་ཉམས་མྱོང་རྣག་ཐོག་གཙགས་འཁེལ་ཐུབ་པ་སུར་འོས་སུས་བཤད་ལ་བཀག་འགོག་མེད་པའི་བདག་རྐྱེན་ཚད་མེད་ཀྱིས་སྲིད་ཇུས་མཛུབ་སྟོན་གནང་དོན་ལྟར། གུས་ནས་གསོ་ཡུལ་གྱི་ནད་རིགས་རྣམ་པའི་སྒོ་ནས་དཔག་ཏུ་མེད་པ་ནི་བློ་ཡུལ་ལས་འདས་ཀྱང་། སྟོང་དང་ཉིས་བརྒྱ་བཅུ་གཉིས་ཀྱི་རྒྱུ་རྐྱེན་རྟགས་བཅོས་རྒྱ་མཚོ་ལྟ་བུའི་གཏིང་མཐའ་བྲལ་བ་ཞིག་ཞུ་འདོད་ལྷག་པར་ཆེ་ཡང་། གུས་རང་རིག་གཞུང་ཐོག་རང་ས་ནས་མ་ལྡེང་པས་དེ་ཡང་། འདི་ལ་མ་སྦྱངས་རྨོངས་ཚོད་ཀྱིས། །འཆད་རྩོད་རྩོམ་པའི་གྲྭར་འཇུག་པ། །ཝ་སྐྱེས་སེང་ལྤགས་གྱོན་པ་བཞིན། །ནམ་ཞིག་རྗེས་ངན་གསལ་བར་འགྱུར། །གསུངས་པ་ལྟར། །ཨོ་ཚོད་ཀྱི་ཞུ་བ་ནི་ཤིན་ཏུ་ནས་དཀའ། །རང་བློ་རང་ལ་འཁེལ་ཞིང་གདེང་དང་ལྡན་པ་ནི་རྒྱ་མཚོའི་ཆུ་ཐིགས་ཙམ་ལས་ཞུ་རྒྱུ་མེད་རུང་སླད་ཕྱིན་རྒྱལ་ཡོངས་སྤྱི་དང་། བྱེ་བྲག་བོད། ལྷག་ཏུ་སྨན་རྩིས་ཁང་གི་སློབ་གསར་གཞོན་ནུ་རྣམས་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་གོམས་གཤིས་བཟང་པོ་ཞིག་ཆགས་པའི་ཆེད་དུ་ཤིང་ནྱ་གྲོ་ཏའི་ས་བོན་གྱི་རྣམ་པའི་ཚུལ་དུ་ཆམ་པའི་ནད་བཅོས་ཐབས་ཨེམ་རྗེ་རྒད་པོ་གཞུང་དང་བྲལ་ཞེས་པའི་དཔེ་ལྟར་སྟབས་བདེ་ཞིག་ཞུ་རྒྱུ།
དང་པོ་ནད་འདིའི་འབྱུང་ཁུངས་ནི། གཙོ་བོ་ལུས་སྟོབས་ཞན་པས་འདུ་ལོངས་ཆེ་སར་ཕྱིན་ནས་དུ་བ་རླངས་པས་རིམས་དྲི་སྣ་ལ་འཇུག་ཅེས་པ་ལྟར། ཆམ་པ་ཕོག་པའི་མི་ལ་སྐད་ཆ་བཤད་པ་དང་། ཁ་སྣའི་དྲི་མ་འདྲེས་པ། །ཐལ་རྡུལ་མང་པོ་ལངས་པ་དང་། གློ་བུར་དུ་ཚ་གྲང་འཐབ་པ་སོགས་གཙོ་གྱུར་གྱི་ནད་གཏའ་ཕོག་འཕྲལ་རྩ་རྒྱུད་ལྟར་མཁྲིས་རྟགས། ཁ་ཁ་མགོ་ན་ཤ་དྲོད་ཚ་བ་དང་། །ཞེས་དང་། བད་རྟགས་དང་ག་མི་བདེ། ཁ་མངལ་བ། རླུང་རྟགས། དཔྱི་དང་རྐེད་པ་རུས་ཚིགས་མ་ལུས་ན། །ཞེས་སོགས་ཀྱི་སྐབས་ཚ་བ་ཞག་གསུམ་བད་རླུང་འདྲེས་པའི་དུས་སུ་ཤ་དྲོད་ཚ་རྐྱེན་གྱིས་ཆུ་ལ་ཞུགས་པ། སྐོམ་དད་ཀྱིས་རྐྱེན་པས་ཆང་དང་། ཞོ་བཅུད། གྲང་ཤུམ་གྱིས་རྐྱེན་པས་མེ་ཉིར་བསྲོས་པ་སོགས་མིན་ན་རྩ་དང་ཆུ་སོགས་ནད་པའི་ཡིད་དང་བསྟུན་ནས་བལྟས་ཏེ། གཙོ་ཆེ་བ་མེ་ཉིར་མ་ཞུགས་པས་ལག་པ་དཔྲལ་བ་གཉིས་ཀྱི་ཤ་དྲོད་ཆེ་ཆུང་ལ་དཔགས་པའི་ནོར་བུ་བདུན་ཐང་ངམ་འཕྲུལ་ཐང་རིལ་བུ་རྐྱང་པ་བཤེས་གཉེན་དམ་པའི་ཕྱག་རྒྱུན་ཞལ་གདམས་གཏོང་ཚུལ་ཕན་ནུས་བཅས་པ་པར་འཁོད་ཟུར་གསལ་ལྟར་སྨིན་རྟགས་མ་བྱུང་བར་བཏང་བས་སྨིན་རྟགས་སུ་རུས་ཟུག་དང་གྲང་ཤུམ་འཇགས་རྗེས་ཆམ་འཇོམས་དཔའ་བོ་༡༤་སོགས་གཉེན་པོའི་སྨན་དང་། ཡ་མར་བབས་ན་གུར་ཁྱུང་། རྡོ་རྗེ་རབ་འཇོམས། གློ་ལ་གཙོ་བོ་༢༥ མཁྲིས་ཤས་ལ་གི་དགུ་ཁྱུང་ནག བྲང་ཚ་བ་ལ་སྤང་རྒྱན་༡༥ ལུག་མུར་བདུན་པ། གྲེ་བར་བབས་ཏེ་སྐད་འགགས་པར་ལི་ཤི་དྲུག་པ་དང་། བོང་དམར་བདུན་པ། ལྕེ་ཆུང་རྒྱས་པར་ཕན་པ་ཀུན་ལྡན། གྲེ་བ་ཚ་བར་ཁྱུང་སྔོན་དགུ་པ། སོ་ནད་སྐྱོན་ཅན་ལ་སྤང་རྩི་༡༢ ཕན་ཀུན། མགོ་གཟེར་ལ་གསེར་མདོག་བཅུ་གཅིག སྣ་ཆུ་མང་ན་ནོར་བུ་བདུན་ཐང་གི་དུ་བ་བདུག ཁ་ལ་རྡོ་རྗེ་རབ་འཇོམས་བཅས་སྐབས་བསྟུན་བཏང་ཞིང་ཟས་སྤྱོད་གོང་བཞིན་ཚུལ་ལྡན་བྱུང་ན་ཆམ་པ་སེང་དྲག་ཏུ་འགྲོ་གི་ཡོད། འོན་ཏེ་ཆམ་པའི་ནད་ཐུ་ཆུང་བའི་རིགས་དང་གློ་བཅས་གོང་གསལ་ཐང་གཉིས་ཀྱི་ལམ་ནས་བཟློག་པར་བྱེད་ངེས་ཡང་གོང་གསལ་ཟས་དང་སྤྱོད་ལམ་ལོག་པས་བླ་གཉན་གྱི་ནད་ཅེས་ནད་གཞི་གཅིག་ཐོག་ཉིས་བརྩེགས་གང་བྱུང་ན་རྒྱུད་ཀྱི་གསོ་ཚུལ་དགུ་ཡི་ནང་གསེས་གཙོ་བོ་དམེ་ཤོར་འཁྲུགས་འདུམ་ལྟ་བུར་ཁ་བཤད་ལག་ལེན་ཡ་བྲལ་དུ་མ་སོང་བའི་ཐོག་ནས་བཅོས་དགོས་ཀྱི་ཡོད་པ་འདྲ།
བོད་ཀྱི་སྨན་རྩིས་ཁང་གི་དྲ་བ་ལས།