ཉམས་ཞིབ་རྩོམ་པ་པོ་ཤེས་རབ་དར་རྒྱས།

བྱིས་དུས་ཀྱི་མིང་ཆ་ཚང་ལ་རྡོ་རྗེ་རབ་བརྟན་དང་ཡོངས་གྲགས་སུ་རབ་བརྟན་ཟེར། དགོན་པར་སོང་བ་ནས་ཤེས་རབ་དར་རྒྱས་ཞེས་འབོད།
ལོ་བདུན་ལ་སོན་པ་ནས་སློབ་གྲྭའི་སྒོ་ཐེམ་འགྲིམས་ཏེ་མཐར་གཅན་ཚ་མི་རིགས་སློབ་འབྲིང་དུ་ཞུགས། སྤྱི་ལོ་ 1985 ལོར་སྡི་ཚ་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཞེས་བྱ་བའི་རི་ཁྲོད་པའི་དགོན་པ་ཆེན་པོ་དེར་བསྐྱོད། བསྡུས་ཚད་ཀྱི་གཞུང་ལ་སྦྱངས། བརྡ་དག་དང་རྩོམ་རིག་སོགས་ལ་ཞོར་སྦྱོང་བྱས། སྤྱི་ལོ་ 1988 ལོའི་དབྱར་ཁར་བྲོས་བྱོལ་གྱིས་ལོ་དེའི་སྟོན་ཁར་རྒྱ་གར་རྡ་རམ་ས་ལ་དང་། དེ་ནས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཏེ་སློབ་གཉེར་གྱི་འཕྲོ་བསྐྱངས། གྲྭ་ཚང་འདི་བཀའ་དྲིན་ཤིན་ཏུ་ཆེ། སློབ་ཞོར་དུ་དགེ་རྒན་དང་དུས་དེབ་ཀྱི་རྩོམ་སྒྲིག་པའི་ལས་དོན་ཡང་བསྒྲུབས། རིག་གནས་འཛིན་གྲྭ་ཆེན་པོ་ཞིག་ཀྱང་གསར་འཛུགས་བགྱིས། ལས་རོགས་ནི་འགའ་ཞིག་ཡོད། དེ་ལ་༸གོང་ས་རྒྱལ་བའི་དབང་པོ་མཆོག་ནས་ཧིན་སྒོར་ ༢༠༠༠༠ དང་སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་ནས་ཧིན་སྒོར་ ༡༠༠༠༠ སྩལ། གདན་སའི་གྲྭ་གཞོན་ཅི་མང་གི་ཐུན་མོང་རིག་གནས་ཀྱི་གོ་རྟོགས་འཕེལ་བཞིན་པའི་མུར་འཛིན་གྲྭ་དེ་ཉིད་རྐྱེན་ལམ་དུ་ཤོར་བ་ཧ་ཅང་ཕངས་ཆེ།
སྤྱི་ལོ་ 1996 ཙམ་ནས་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཤིག་འབྲི་སྙམ་པ་ཡང་ཡང་ཡིད་ལ་ཤར། ལྷ་བྲིས་སྒྱུ་རྩལ་བ་སྒྱིས་ཚང་སྐལ་བཟང་དམ་ཆོས་ལགས་བརྒྱུད་ནས་ལྷ་སྲས་མཆོག་ལ་སྙན་གསེང་ཕུལ་བར་རྗེས་སོར་ག་ལེར་སྒྲུབ་ཆོག་ཅེས་བཀའ་གནང་། སྐབས་དེའི་དམིགས་དོན་ནི། བོད་ནང་གི་མཐོ་རིམ་སློབ་མ་ཚོས་ལྷ་སྲས་མཆོག་གི་སྐུ་ཚེའི་ལོ་རྒྱུས་རགས་ཙམ་ཞིག་ཡིན་ཡང་མཁྱེན་ཐུབ་ན་མི་རིགས་ཀྱི་དོན་དུ་སེམས་ཤུགས་འཕེལ་བ་ལ་ཧ་ཅང་ཕན་ཆེ་སྙམ་པ་དེ་ཡིན། དེ་ལྟར་ཡུན་རིང་འདས་ཀྱང་དམིགས་དོན་མ་འགྲུབ།
སྤྱི་ལོ་ 1997 ལོ་ནས་རྡ་རམ་ས་ལར་བསྡད་དེ་སྔགས་གཞུང་ལ་ཐོས་བསམ་ཕྲན་བུ་བྱས། ༸གོང་ས་རྒྱལ་བའི་དབང་པོའི་དྲུང་ནས་བཀའ་ཆོས་སོགས་ཐོབ་པ་ནི་གྲངས་ལས་འདས། དགེ་རྒན་གྱི་ལས་ཀ་སོགས་ཀྱང་དུས་གཅིག་ལ་བསྒྲུབས། སྤྱི་ལོ་ 2000 ལོར་ཨ་རིར་བསྐྱོད་དེ་ནུབ་ཕྱོགས་ཀྱི་རིག་གཞུང་དང་བསམ་བློ། གོམས་སྲོལ་སོགས་ལ་དོ་སྣང་ཆེས་ཆེར་བྱས། ཨ་རིར་ལོ་ལྔ་མིན་ཙམ་ཞིག་བསྡད་དེ་རྒྱ་གར་དུ་ཕྱིར་ཡོང་། ཕྱི་རྒྱལ་བའི་སློབ་སྡེ་ཁག་ཏུ་དགེ་རྒན་གྱི་ལས་ཀ་ཡུན་རིང་བྱས་ཤིང་རང་མགོ་ཐོན་པའི་སློབ་མ་ཡང་མང་ཙམ་བྱུང་།
མི་ཚེ་རིང་མོའི་ནང་བྱུང་བའི་གནས་ཚུལ་ལ་ཡག་སྡུག་བར་མ་གསུམ་ག་ཧ་ཅང་མང་ཡང་བརྗོད་དགོས་དོན་མེད། སྐབས་འབྲེལ་ཡིག་འབྲི་དང་འབྲེལ་བའི་ཐད་ནས་བཤད་ན། ཐོག་མར་<<ནུབ་ཕྱོགས་འགྲིམས་པའི་གཏམ་>>ཞེས་བྱ་བ་དེབ་ ༣ བྲིས། དེའི་འཕྲོར་སྐྱབས་རྗེ་དམ་པ་ཀིརྟིའི་མཚན་ཞབས་རིན་པོ་ཆེ་རྗེ་བཙུན་བློ་བཟང་འཇིགས་མེད་དམ་ཆོས་དཔལ་བཟང་པོའི་གསུང་ལས་<<དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་དང་འགྲེལ་པ་དྲི་མ་མེད་པའི་འོད་བུ་སྟོན་ཆོས་རྗེའི་མཆན་འགྲེལ་ཆོས་འབྱུང་བསྡུས་དོན་འགལ་སྤོང་བཅས་སྦྲགས་ཏེ་བཀོད་པ་དཔལ་ལྡན་བླ་མའི་ཞལ་ལུང་པདྨ་དཀར་པོའི་ཕྲེང་བ་>>ཞེས་བྱ་བ་པོད་ལྔ་དང་། <<དུས་འཁོར་རྒྱུད་འགྲེལ་འཆད་ཐབས་རིགས་ལྡན་བླ་མ་མཉེས་པའི་མཆོད་ཡོན་>> ཞེས་བྱ་བ་པོད་གཅིག །<<དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་མཆན་སྦྲགས་ཆེན་མོའི་དག་མཆན་>>ཞེས་བྱ་བ་པོད་གཉིས། <<དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་མཆན་སྦྲགས་ཆེན་མོའི་བཤད་ལུང་སྐབས་གསུང་རྒྱུའི་འདོན་ཆོག་གི་རིམ་པ་>>ཞེས་བྱ་བ་པོད་གཅིག་བཅས་བསྡོམས་པས་པོད་ ༩ ལེགས་སྒྲིག་ཞུས། དེའི་རྗེས་སུ་<<འཕགས་མཆོག་འཇིག་རྟེན་དབང་ཕྱུག་རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་གང་གི་ཞལ་སྔ་ནས་ཀྱི་ཆོས་སྲིད་ཀྱི་མཛད་པ་དུ་མ་ལས་བརྩམས་པའི་རྣམ་པར་ཐར་པ་ཅུང་ཟད་བརྗོད་པ་གྲུ་འཛིན་ཞིང་གི་ཉིན་བྱེད་>>ཅེས་བྱ་བ་པོད་ ༢ བྲིས། དེ་ནས་<<ཁྱབ་བདག་འཁོར་ལོའི་མགོན་པོ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱིས་ལན་གྲངས་དུ་མར་སྩལ་བའི་ཟབ་ཆོས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་ཟབ་མོའི་ཟིན་བྲིས་མདོར་བསྡུས་ཟུང་འཇུག་ཉི་ཟླའི་སྣང་བ་>>ཞེས་བྱ་བ་པོད་ ༡ བསྒྲིགས། དེ་ནས་ཀྱང་ཡུལ་ལ་དྭགས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་<<གནས་བརྟན་ཆེན་པོ་བ་ཀུ་ལ་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་མཆོག་ནོར་དཔལ་བཟང་པོ་གང་གི་ཆོས་དང་སྲིད་ཀྱི་མཛད་པ་ལས་བརྩམས་པའི་རྣམ་པར་ཐར་པ་ཆེ་ལོང་ཙམ་བརྗོད་པ་པད་དཀར་ཕྲེང་མཛེས་>>ཞེས་བྱ་བ་པོད་ ༢ བྲིས་ཤིང་། རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་གཅེན་པོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་གི་སྐུ་ཚེའི་ལོ་རྒྱུས་<<ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་>>ཞེས་བྱ་བ་པོད་ ༡ བོད་ཡིག་ཏུ་བསྒྱུར། དེ་ནས་<<ཡོ་བ་བསྲངས་ཤིང་གབ་པ་ཕྱུང་བའི་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ་>>ཅེས་བྱ་བ་པོད་ ༢ ཅན་དེ་བྲིས། དེའི་རྗེས་ཐོགས་སུ་<<དྲུག་དང་དྲུག་ཅུའི་ལམ་སྣེ་ན་འཁྱོར་བའི་བོད་རྒྱ་འབྲེལ་མོལ་>>ཞེས་བྱ་བ་དེ་ཉིད་བརྩམས་པ་སྟེ། མདོར་ན། སྤྱི་ལོ་ 2000 ལོར་ཨ་རིར་བསྐྱོད་པ་ནས་རིམ་གྱིས་མགོ་བཙུགས་ཏེ་ད་ལྟའི་བར་དུ་བྲིས་བསྒྲིགས་བསྒྱུར་གསུམ་བྱས་པ་བསྡོམས་ན་དེབ་གྲངས་ ༢༡ ཡོད་པར་མ་ཟད། རྩོམ་ཡིག་རིང་ཐུང་སྣ་ཚོགས་ཤིག་ཀྱང་བྲིས་ཡོད་དོ།།

About རྩོམ་སྒྲིག་པ།