རྒྱ་ནག་གཞུང་གིས་རྒྱལ་མཚམས་དང་འབྲེལ་བའི་ཁྲིམས་ཡིག་ཅིག་གཏན་འབེབ་བྱས་ཡོད་སྐོར་བསྒྲགས།

རྒྱ་ནག་གཞུང་གིས་རྒྱ་གར་དང་འབྲུག་སོགས་མཐའ་འབྲེལ་རྒྱལ་ཁབ་ཁག་ལ་མཐའ་མཚམས་དང་འབྲེལ་བའི་རྩོད་རྙོག་རིམ་པར་བཟོ་ཡི་ཡོད་པ་ལྟར་ཕྱི་ལོ་ ༢༠༢༢ ཟླ་དང་པོའི་ནང་ནས་བཟུང་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་ཚུལ་བསྒྲགས་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ཁང་ཟེར་བ་དེས་རྒྱལ་མཚམས་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་ཡིག་གསར་པ་ཞིག་གཏན་འབེབ་བྱས་ཏེ། ལོ་རྗེས་མའི་ཕྱི་ཟླ་དང་པོ་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་འདུག་ཀྱང་། དབྱེ་ཞིབ་པས་ཁྲིམས་ཡིག་གསར་པ་དེ་ནི་རྒྱ་ནག་གཞུང་གིས་ས་མཚམས་ཀྱི་གནད་དོན་གཙིགས་ཆེར་འཛིན་གྱི་ཡོད་པ་མཚོན་པ་ཙམ་ལས། ཁྲིམས་ཡིག་གི་དོན་ཚན་ཕལ་ཆེ་བ་སྔ་མོ་ནས་ལག་བསྟར་བྱེད་མུས་ཡིན་སྐོར་བརྗོད་འདུག

ལེའུ་ ༧ དང་ནང་གསེས་དོན་ཚན་ ༦༢ ཡོད་པའི་ས་མཚམས་ཁུལ་གྱི་ཁྲིམས་ཡིག་དེའི་ནང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁོངས་གཅིག་གྱུར་ནི་རྩ་ཆེན་དང་ཉམས་དམས་གཏོང་མི་ཐུབ་པའི་གནད་དོན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་ངོས་ནས་ས་ཁོངས་གཅིག་གྱུར་དང་ས་མཚམས་ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་ཐབས་ཇུས་ཚགས་ཚུད་འདིང་དགོས་པ་དང་། ས་ཁོངས་བདག་དབང་ལ་གནོད་གཞིར་གྱུར་བའི་བྱ་སྤྱོད་རིགས་ལ་ཕར་རྒོལ་བྱ་དགོས་སྐོར་དང་། དེ་བཞིན་མི་སྒེར་དང་ཚོགས་པ་སྒྲིག་འཛུགས་ཚང་མས་འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་མེད་པར། ས་མཚམས་ས་ཁུལ་ཉེ་འཁྲིས་སུ་མཁའ་ཐོག་པར་ལེན་འཕྲུལ་ཆས་བཀོལ་སྤྱོད་གཏན་འཇགས་ཀྱི་འཛུགས་སྐྲུན་རིགས་རྩ་བ་ནས་མི་ཆོག་སྐོར་འཁོད་ཡོད་འདུག་ལ། ས་མཚམས་ལ་ཁྲིམས་འགལ་ཐོག་ཡོང་སྟེ་འཁྲུག་འཛིང་རྒྱག་པ་དང་ས་ཚམས་སྐོར་སྲུང་བའི་འཛིན་བཟུང་དྭང་ལེན་མ་བྱེད་པ། ཡང་ན་འཚེ་བའི་བྱ་སྤྱོད་རིགས་སྤེལ་བའི་ཚེ། ས་མཚམས་སྐོར་སྲུང་དམག་མིས་གོ་མཚོན་བཀོལ་སྤྱོད་ཆོག་སྐོར་ཡང་འཁོད་ཡོད་འདུག་ཅིང་། ས་མཚམས་ཁུལ་དུ་ཁྲིམས་སྒྲིག་འདི་དག་ནི་སྔ་མོ་ནས་ལག་བསྟར་བྱེད་མུས་ཡིན་འདུག

དེ་བཞིན་ཁྲིམས་ཡིག་གསར་པའི་ནང་། རྒྱལ་ཁབ་ཀྱི་གཞུང་ངོས་ས་མཚམས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། ས་ཁུལ་དེ་དག་གི་སྤྱི་དམངས་ཞབས་ཞུ་རིགས་དང་འཛུགས་སྐྲུན་རིགས་ཡར་རྒྱས་གོང་འཕེལ་གཏོང་དགོས་པ་མ་ཟད། ས་གནས་མི་མང་གི་འཚོ་བར་རོགས་འདེགས་བྱས་ཏེ་ས་མཚམས་བདེ་འཇགས་སྲུང་སྐྱོབ་ལས་ཁུངས་དང་ས་གནས་ཀྱི་སྤྱི་དམངས་དབར་གྱི་མཉམ་ལས་ནུས་པ་མཐོར་འདེགས་གཏོང་དགོས་སྐོར་འཁོད་འདུག

ཁྲིམས་ཡིག་དེ་ནི་རྒྱ་དཀར་ནག་བར་ལ་བོད་འཕགས་ས་མཚམས་ཀྱི་དཀའ་རྙོག་དང་འབྲེལ་བའི་རྩོད་རྙོག་དེ་ཉིད་འགྲིག་འཇགས་མ་བྱུང་བར་ཡུན་རིང་ལྷག་པའི་དུས་སྐབས་འདིར་གཏན་འབེབ་བྱས་ཡོད་ཅིང་། འདས་ལོར་བོད་འཕགས་ས་མཚམས་སུ་འཁེལ་བའི་གྷལ་ཝན་ལུང་གཤོངས་ནང་ཕྱོགས་གཉིས་ཀྱི་དམག་མིའི་བར་གདོང་ཐུག་བྱུང་སྟེ་གནས་སྟངས་ཛ་དྲག་པོར་གྱུར་བའི་རྐྱེན་གྱིས། རྒྱ་དཀར་ནག་གི་དམག་དོན་དང་སྤྱི་དམངས་ཀྱི་མགོ་འཁྲིད་བར་གྱི་གྲོས་མོལ་བརྒྱུད་གནས་སྐབས་ཕྱོགས་གཉིས་ངོས་ནས་ས་མཚམས་ཉེ་འཁྲིས་སུ་བཙུགས་པའི་འཛིང་རགས་དང་དམག་མི་རྣམས་ཕྱིར་འཐེན་བྱས་ཡོད་ཀྱང་། དུས་དེ་ནས་བཟུང་ཕྱོགས་གཉིས་ཀྱི་གྲོས་མོལ་རིམ་པར་གྲུབ་འབྲས་དམིགས་བསལ་ཐོན་མེད་ཅིང་། བདུན་གཉིས་གོང་ཚོགས་པའི་གྲོས་མོལ་མཐའ་མའི་སྐབས་སུའང་རྒྱ་ནག་གིས་རྒྱ་གར་ངོས་ནས་དངོས་ཡོད་ལས་འགལ་བའི་ཆ་རྐྱེན་འདོན་གྱི་ཡོད་པ་དང་། རྒྱ་གར་གྱིས་རྒྱ་ནག་ངོས་ནས་མདུན་སྐྱོད་ཀྱི་བསམ་འཆར་འདོན་རྒྱུ་མེད་སྐོར་བརྗོད་དེ་གཅིག་གིས་གཅིག་ལ་ཁག་དཀྲིས་ཏེ་དོན་ཕན་བྱུང་མེད་པ་རེད།

ད་ལན་གྱི་ཁྲིམས་ཡིག་གསར་པ་དེའི་ནང་དུ་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་སྐོར་ལ་རྒྱལ་ཁབ་ངོས་ནས་འདྲ་མཉམ་དང་ཕན་ཚུན་བར་ཡིད་ཆེས་ཡོད་ཅིང་། གྲོགས་འདྲིས་བཅས་ཀྱི་འདུ་ཤེས་ཐོག་ནས་ཁྱིམ་མཚེས་རྒྱལ་ཁབ་དང་ས་མཚམས་དང་འབྲེལ་བའི་དཀའ་རྙོག་རིགས་སེལ་ཐབས་དགོས་སྐོར་འཁོད་ཡོད་འདུག ད་ལྟའི་ཆར་རྒྱ་ནག་གིས་བོད་སོགས་ལ་བཙན་འཛུལ་བྱས་པའི་རྐྱེན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ ༡༤ ཡོད་པའི་ཁྲོད་ནས། ཁྱིམ་མཚེས་རྒྱལ་ཁབ་ ༡༢ དང་ས་མཚམས་ཐག་གཅོད་གཙང་མ་ཟིན་ཡོད་ནའང་། རྒྱ་གར་དང་འབྲུག་གཉིས་ཀྱི་ས་མཚམས་ཐག་གཅོད་མ་ཟིན་པར་ལྷག་ཡོད། ཉེ་ཆར་བདུན་ཕྲག་སྔོན་མར་རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཆེ་ཧར་ཤ་ཝར་དྷན་ (Harsh Vardhan Shringla)ལགས་ཀྱིས། འདས་ལོར་ལ་དྭགས་ཀྱི་ས་མཚམས་སུ་བྱུང་བའི་གནད་དོན་དེས་ས་ཚམས་ས་ཁུལ་གྱི་ཞི་བདེ་ལྷིང་འཇགས་ལ་གནོད་སྐྱོན་ཚབས་ཆེན་བཏང་ཡོད་པ་དང་། རྒྱ་ནག་ཕྱོགས་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཐད་བསམ་བློ་བཏང་ནས་མཉམ་འབྲེལ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་ཡོད་འདུག
བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།